ལ་དྭགས་བློ་བཟང་འཇམ་དཔལ་ནས་།
སྒོམ་སྡེ་ལྷ་རམས་པ་དང་། ཀློག་མཁན་རྣམས་ལ་ཞུ་བ།
ཉེ་དུས་སྒོམ་སྡེ་ལྷ་རམས་པས་བདག་གི་ཞུས་དག་ཡིག་ནོར་དག་ལ་ཞུས་དག་དང་འབྲེལ་བཀའ་བཀྱོན་ཡང་མཛད། བསམ་ཤེས་ན་བཟོད་པའི་གྲོགས་ལ་ཕན། དངོས་གནས་ཡིག་ནོར་བསལ་བ་དེ་དག་དགའ་བསུའི་ངང་ནས་དང་ལེན་ཞུ་འོས། སྒྲོ་བཏགས་དང་རིགས་པ་དང་འགལ་བའི་གཏམ་དག་ལ་གཏམ་ལན་ཡང་འཇལ་འོས།
གཞན་ལ་ཞུས་དག་གཏོང་བ་ལ་ཞེས་པ་ནས་མང་པོ་འདུག ཅེས་པ་ཤིན་ཏུ་བདེན། ཁོ་པ་རང་ཞེས་པ་ནས་རང་རློམ་ཅན་ཞིག་འདུག་ཅེས་པ་ཚད་མ་ཡིན་ན་བདག་རང་རྨོངས་པའི་དབང་གིས་བྱུང་བ་ལ་དགོངས་དག་ཞུ།
བདག་གི་གླེང་བརྗོད་ལ་ཡིག་ནོར་ཡོད་པ་བཞིན་དུ། ཁྱེད་ཀྱིས་བདག་ལ་བཤད་པའི་བྲིས་ཡིག་འཕྲེང་བརྒྱད་པ་ཙམ་ལའང་ཚིག་རྩུབ་ཡང་སོགས་ཡིག་ནོར་ཕུང་པོའི་གྲངས་ལས་མི་ཉུང་བ་དང་། འོག་གི་བྲིས་དག་ན་ཡང་། ཁྱེད་མི་ཚེ་རྟགས་བསལ་གྱི་རི་ལ་བསྐྱལ་ནས་རྟགས་བསལ་གྱི་དག་ཆའི་རི་དྭགས་ངོ་མ་ཤེས་པར་རྟགས་བསལ་ལ་རྟགས་གསལ་སོགས་མ་དག་པར་བྲིས་པ་བརྟག་ན་མང་དུ་ཡོད་ངེས། ཁྱེད་ཀྱིས་བདག་ལ་འཕངས་པའི་སྐྱོན་ནམ་ཐལ་བ་དེ་དག་ཁྱེད་རང་ལའང་འཇུག་པས་རང་མཚང་དེ་དག་ཁྱེད་ལྷ་རམས་པ་རང་ཕྱོགས་འཐད་པའི་ཕྱོགས་སུ་ལྷུང་གིས་མཐོང་དཀའ་སྟེ།
རང་སྐྱོན་རྡུལ་ཕྲན་བཞིན་དུ་རྟོགས་པར་དཀའ།
གཞན་སྐྱོན་རི་བོ་བཞིན་དུ་མངོན་པར་གསལ།
ཁྱེད་ཀྱིས་དགེ་འདུན་རབ་གསལ་ལ་ལན་བྲིས་པ་ན།
གཞུང་ཆེན་མོ་སྤྱི་དང་ལྷག་པར་རྗེའི་གསུང་ལ་འོལ་ཚོད་ཀྱིས་ལོག་བཤད་བྱས་ཏེ་དག་པ་དེ་མ་དག་པ་བཟོས་པ་དེར་རྩ་བ་ནས་བཟོད་ཐུབ་མ་སོང་།
ཞེས་པའི་བརྗོད་པ་འདི་ནི། རྣམ་དཔྱོད་ཅན་གྱི་གཏམ་དུ་་མི་སྣང་། བདག་གིས་གཞུང་ཆེན་མོ་དང་ལྷག་པར་རྗེའི་གསུང་ལ་ལོག་བཤད་བྱས་ཏེ་འདི་དག་པོ་མི་འདུག་ཅེས་དཔྱད་པ་ག་ལ་ཞུ་ཐུབ། གཏན་ཏུ་ཞུ་མི་ཐུབ། འོན་ཀྱང་གསུང་དེ་དག་གི་ཡིག་ནོར་དག་ལ་ཡིག་ནོར་མེད་པར་བཟོ་བའི་ཕྱིར་དུ་ལྷག་བསམ་བཟང་པོ་ཁྱེར་ནས་བྱས་པ་ཡིན། དཔེར་ན། ཁྱེད་ཀྱི་གྲྭ་ཚང་གིས་༡༩༩༩ལོར་སྤར་པའི་རྗེའི་གསུང་། དབུ་མ་དགོངས་པ་རབ་གསལ་ན། ཡིག་ནོར་ཇི་ཙམ་འདུག ཡིག་ནོར་བཏང་བས་ལོག་བཤད་དུ་འགྲོ་ན། དེ་དག་ལ་ཁྱེད་བཟོད་ཐུབ་ན། སྒོམ་སྡེ་ལྷ་རམ་པ་ཁྱེད་ཕྱོགས་ལྷུང་དོག་རོང་སྐྱུག་བྲོ་བའི་ནང་ལ་ལྷུང་ནས་ཐར་དཀའ་བ་མ་ཡིན་ནམ།
དེ་ཡང་བདག་གིས་མཛོད་རང་འགྲེལ་སོགས་ཉེ་དུས་སྤར་པའི་གཞུང་བཅུ་ཙམ་ལ་གང་ཐུབ་ཞུས་དག་བྱས་ཡོད་པ་དང་། བདག་གི་ཡིག་ནོར་རྣམས་ལ་དག་སེལ་མཛོད་ཅེས་ཡང་དང་ཡང་དུ་ཞུས་ཡོད། དེ་ལྟར་བྱས་པའི་དགོས་པ་ནི། ཁྱེད་ཀྱིས་སྒྲོ་བཏགས་པ་བཞིན་དུ། རང་ཉིད་ཤེས་རྒྱ་ཅན་དུ་སྟོན་ཆེད་མ་ཡིན་པར་བོད་དཔེ་ཉེ་དུས་སྤར་པ་རྣམས་ན་སྔར་གྱི་མ་དཔེ་རྣམས་ལ་བལྟོས་ཏེ་ཧ་ཅང་གི་ཡིག་ནོར་མང་བར་མཐོང་བས། གློག་ཀླད་དུ་བཅུག་པའི་བཀའ་བསྟན་གསུང་འབུམ་ཡིག་ནོར་རྣམས་སླར་གསོ་ཐུབ་ན་ཅི་མ་རུང་བསམས་ཏེ། ང་རང་ལ་བྱ་དགོས་པ་ལས་གཞན་མང་པོ་ཡོད་ཀྱང་། བྱ་བ་འདི་བོད་རིག་གཞུང་སྐད་ལ་ཞབས་ཏོག་ཞུ་བའི་ཚུལ་དུ་བསམ་སྟེ། གསར་བསྐྲུན་དཔེ་ཆ་དག་ནས་ཡི་ནོར་རྣམས་བཏུས། དེ་དག་ལ་གཞུང་དཔེ་གཞན་དག་ཡང་བལྟས་ནས་ཞུས་དག་ཞུས་བགྱིས། འོན་ཀྱང་། བློ་གྲོས་དམན་པ་བདག་ལྟ་བུས་བྱས་པ་ལ་མ་ནོར་བ་ག་ལ་སྲིད། གཟོ་བོར་གནས་པའི་མཁྱེན་ལྡན་བོད་རིག་གཞུང་སྐད་སྲུང་འདོད་ཅན་རྣམས་ཀྱིས་ཡིག་ནོར་བཅོས་རྣམས་གཏན་འབེབས་གྲུབ་པ་ན། ཁུངས་སོ་སོར་བསྐུར་ཏེ། གློག་ཀླད་དུ། མ་དཔེ་ཡོད་པ་ལ་ཡིག་ནོར་རྣམས་ལ་དག་བཅོས་མཛོད་ཅེས་ཞུ་ངེས་ལགས།
དེ་ཡང་ཞུས་དག་བྱས་པ་རྣམས་ན་རུང་བ་གང་ཡིན་ལོན། མི་རུང་བ་གང་ཡིན་དོར། ཅེས་པ་མ་གཏོགས་རྒྱལ་པོས་བཀའ་འབེབས་པ་ལྟ་བུ་ཞིག་སུས་བྱེད་མི་བྱེད་སྒོམ་སྡེ་ཁྱེད་ཀྱིས་བདག་གི་ཡིག་ནོར་དག་ལ་དགག་པ་རྣམས་ཇི་ཙམ་བདེན་ནམ་མི་བདེན་བལྟ་ཆོག བཀའ་དྲིན་ཆེ་ཞེས་ཞུ་བ་ཡ་རབས་ཀྱི་ལུགས་སོ།
སྒོམ་སྡེ་ལྷ་རམས་པས་ཞུས་དག་མཛད་པ་ནས། གཅིག་རང་གཅིག་གནང་བཀག་ཅན་ཞིག་འདུག དེ་ནི། ཚེ་རངས་པ་ཞེས་པ་ཚེ་རིངས་པ། ཞེས་པ་དེ་ངས་ཡིག་ནོར་བྱས་འདུག དེ་ཡང་དཧ་རྨ་ས་ལ་སྤར་མ་གཞིར་བཞག་ནས་རྩ་བའི་ལེགས་སྦྱར་ལ་མ་བལྟས་པའི་སྐྱོན་དུ་མཐོང་ངོ་།
ཁྱེད་ཀྱི་དགག་པ་༡ ནས་༡༣ བར་དུ་ངལ་བ་དོན་མེད་པར་ཕྱིན་འདུག བོད་དཔེ་ཤོག་རིང་དང་། དཔེ་ཐུང་གང་ཡིན་གྱི་ཡིག་འཕྲེང་རྣམས་མུ་མཐུད་ཡོད་པར་ཉིས་ཤད་དགོས་ཀྱང་། འདིར་རབ་བྱེད་རྣམས་སོ་སོར་བཅད་ཡོད་པས་ཤད་གཅིག་གིས་ཆོག་པར་བགྱིས། དེ་ཡང་མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཆོས་ཀྱི་ཚིགས་སུ་བཅད་པ་ན། རྒྱལ་བྱེད་ཚལ་དུའོ། ཞེས་སོགས་སྲོལ་ཕྱེས་པ་ལྟར་བདག་གིས་ཀྱང་དེ་དང་མཐུན་པར་བྱས་པ་ཙམ་དུ་མ་ཟད་འདི་མཛེས་ཆོས་སུ་འགྱུར་རམ་མི་འགྱུར་མ་མ་གཏོགས་དོན་ལ་གནོད་པ་གང་ཡང་མེད་དོ།
ཁོ་བོའི་འབད་པ་ནི་ཡི་གེའི་དག་ཆ་རྣམས་གནའ་བོའི་དག་ཆ་རྣམས་དང་མཐུན་པར་སྒྲུབ་པ་ཡིན་ལ། ཡི་གེ་དག་ཆ་དེ་རྣམས་ལ་གདམ་ང་མེད་པ་གཅིག་ཏུ་གནས་ཐུབ་པ་ཞིག་བྱུང་ན་སློབ་གསར་པ་ཀུན་ལ་འདི་ཡིན་ནམ་ཡང་ན་འདི་ཡིན་ཞེས་འཐོམ་མི་འོང་བ་ལ་ཕན། དག་ཆ་གཅིག་གཏན་ལ་འབེབས་དགོས་ཀྱི་གཉིས་མི་རུང་། རྟ་གཅིག་ལ་སྒ་གཉིས་མི་ཉན་ཞེས་པའི་ཁ་རྒྱུན་ལྟར་རོ།
གལ་ཏེ་སྔ་སྲོལ་དང་ངེས་པར་དུ་བསྟུན་དགོས་ན། ཁྱེད་ཀྱི་གླེང་བརྗོད་དུ། རྫོགས་ཚིག་གཏན་ནས་མེད་པ་དེ། རྫོགས་ན་སླར་བསྡུ་སྦྱར་དགོས་ཞེས་པའི་གཞུང་དང་འགལ་བ་མ་ཡིན་ནམ། རྣམ་དཔྱོད་ཀྱིས་བསམ་དགོས་སོ།
༡༤ ཁོ་བོས་སྒྲ་ཟུར་ཆག་པ་དང་སྒྲ་གདངས་གཞན་དུ་གྱུར་པའི་ཚིག་རྣམས་འཐད་པ་མ་ཡིན་པ་འོག་ན་བསྟན་པར་འགྱུར་རོ།
༡༥ ༡༦ བྱ་ཚིག་ཅིག་གི་རྗེས་སུ་ན་ཡིག་ཡོད་པ་ཡིན་ན། བྱ་ཚིག་དེ་ངེས་པར་འདས་ཚིག་དགོས་པ་ཧ་ཅང་ཐལ་ཏེ། དེ་འདྲ་ལ་སྐབས་ཐོབ་ཀྱིས་དུས་གསུམ་གང་ཡང་རུང་བ་མཐོང་། ད་ལྟ་བ། དཔེར་ན། ཁྱེད་ལ་དངུལ་ཡོད་ན། ང་ལ་གཡོར་དང་། ཞེས་དང་། སྔོན་གྱི་སྐ་བ་དཔལ་བརྩེགས་ཀྱི་གསུང་ན། རྗེས་སུ་དཔོག་པར་བྱེད་ན། ཞེས་དང་། ཡུལ་དུ་བྱེད་ན་ནི་དོན་གཞན་ཡིན་པར་འགྱུར་རོ། རྒྱུད་གཞན་གྲུབ་པ་༡༩༩༧ཤོག་༣༧ དང་༤༤ཝ་ན་སྤར་མ་ །ཞེས་སོགས་མང་ངོ་། །མ་འོངས་པ་ནི། བསྒོམ་ན་བྲམ་ཟེ་གཟི་དང་ལྡན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་པའི་ཆོས་ཀྱི་ཚིགས་སུ་བཅད་པ་ནའོ། ཞེས་པ་ལྟ་བའོ།
༡༧ བསྟན་དར་ལྷ་རམས་པས་ཇི་ལྟར་བྲིས་པ་བཀོད་པ་དེ་ལ་ཁྱེད་ཀྱིས་དུ་ཡིག་དེ་ན་ཡིག་ཏུ་བསྒྱུར་པ་དང་། བྱུང་ཞིང་ཞེས་པ་འབྱུང་ཞིང་ཞེས་ད་ལྟ་བའམ་མ་འོངས་པའི་ཚིག་སྦྱར་བ་རང་ཉིད་སྙིང་ཁམས་ཆེ་བར་བསྟན་པ་མ་ཡིན་ནམ། མཁས་དབང་དེ་ཉིད་ཀྱི་ཚིག་བརྗོད་འདི།གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང་ ༩༩ ཡི་གེ་བཤད་པ་མཁས་པའི་ཁ་རྒྱན། ཤོག་གྲངས་ ༥༧༥
༡༨ ཁོ་བོས་གོའོ།
༡༩ གོང་གི་ ༡༥ ༡༦ སྐབས་དང་འདྲའོ།
༢༠ ས་མཐར་དམིགས་བསལ་ཤེས་ཀྱི་ཚབ་ལ་ཞེས་དགོས་པ་དེ་ཕྱིས་སུ་དར་བར་མངོན། བསྟན་འགྱུར་གྱི་དཔེ་ཆ་མང་པོ་ན་ནི་དམིགས་བསལ་མེད་པར་མཐའ་གཅིག་ཏུ་ཤེས་ཞེས་བྲིས་པ་ཁྱེད་གཟིགས་རྒྱ་ཆེ་བས་མཐོང་ཡོད་ངེས། འོན་ཀྱང་དིང་སང་སུ་ཡང་དེ་འདྲ་འབྲི་མཁན་མེད། ཡོད་ན་སྟོན་དང་། ཁོ་བོས་ཀྱང་དེ་བཞིན་དུ་འབྲི་བར་འགྱུར་རོ།
༢༡ འཕྲེང་ཞེས་པའི་སྔོན་འཇུག་འ་ཡིག་ལེགས་པར་མ་འབོད་པའི་དབང་གིས་མང་པོས་ཕྲེང་ཞེས་པ་མ་དག་རྒྱུན་འབྱམས་སུ་སོང་བ་རྣམས་གདམ་ངར་བྱས་ཀྱི། སྔར་གྱི་ཆོས་སྐད་ལ་བརྩི་དགོས་ན། ཕྲེང་ཞེས་པ་མ་ཡིན། འཕྲེང་ཞེས་པ་ཉིད་ཁས་བླང་དགོས་སོ༏
༢༢ འདི་ཡང་གོང་གི་གནས་ལུགས་དང་འདྲའོ༏
༢༣ བོད་རྒྱ་ཚིག་མཛོད་ཆེན་མོ་ན་ཡོད་ཚད་ཚང་མ་མཐའ་གཅིག་ཏུ་ཚད་ལྡན་མ་ཡིན་པ་ནི༏ ཁོ་བོས་༡༩༩༣ལོར་ བོད་རྗེ་མི་མངས་ལ་ཕུལ་པའི་སྤྲིང་ཡིག་ཅེས་པ་ལྗང་གཞོན་༡༩༩༧འདོན་ཐེངས་༩ ཤོག་༤༦ ན་གསལ། གལ་ཏེ་ཚིག་མཛོད་དེ་ན་ཡོད་པ་ཚང་མ་ཚད་ལྡན་ཡིན་དགོས་ན། སྩོལ་གྱི་འདས་ཚིག་ལ་བསྩལ་ཅེས་པ་དེ་བཀའ་བསྟན་རྒྱ་གཞུང་བོད་གཞུང་དཔེ་ཆ་རྣམས་སུ་སྩལ་ཅེས་ཡོད་པ་དེ་རྩ་མེད་དུ་འགྲོ་བ་མི་འདུག་གམ།
༢༤ སེ་ར་བྱེས་ལ་སེ་ར་བྱེ་ཞེས་ཡིག་ནོར་བྱུང་བ་དེ་ནི། གནའ་བོའི་འབོད་ཚུལ་ལ་སྣང་བ་མ་བྱས་པས་དིང་སང་གི་འབོད་ཚུལ་གྱི་ཤིས་ངན་པའི་ཤན་བདག་ལ་ཞུགས་པའི་འབྲས་བུར་འདུག བདག་གི་གྲོང་ཡུལ་པས་བྱེས་ཤེས་པ་གནའ་བོའི་དུས་བཞིན་འབོད་པས། དེ་བཞིན་བོས་པ་ཡིན་ན། འདི་འདྲའི་ཡིག་ནོར་མི་སྲིད་ཀྱང་། ཁྱེད་རྣམས་ཀྱིས་རྗེས་འཇུག་མེད་པར་འབོད་པ་དེ་ཁོ་བོའི་ཡིག་ནོར་གྱི་རྒྱུར་གྱུར། དེས་ན་ཡི་གེ་དག་པར་འདོད་ན་ངེད་ཅག་གིས་གནའ་བོའི་འབོད་ཚུལ་ས་སྐྱ་པ་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་པ་བཞིན་བྱ་དགོས། བདག་གིས་ཨ་རི་བོད་ཀྱི་རིག་གཞུང་སྐད་ཀྱི་སློབ་གཉེར་ཕོ་མོ་ཀུན་ལ་གནའ་བོའི་ཀློག་ཚུལ་བཞིན་སློབ་པར་བྱེད་པ་དེ་ཡིས་དེ་དག་གི་ཡི་གེ་དག་པོ་འབྱུང་བ་ལ་ཕན་པ་ཧ་ཅང་ཆེའོ།
དེས་ན་རང་རེའི་བོད་ཀྱི་ཕྲུ་གུ་ཀུན་ལ་སྤྱིར་བཏང་གི་སྦྱོར་ཀློག་རིང་པོ་ཞིག་ཡོད་པ་དེའི་ཚབ་དེ་ལ་གནའ་བོའི་ཀློག་ཚུལ་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་པ་ལྟར་བྱེད་ཐུབ་ན་ཡི་གེ་དག་པོ་འབྱུང་བ་ལ་ཧ་ཅང་ཕན་པ་ཆེའོ།
བོད་ལྗོངས་ཕྱི་ནང་མཐའ་མཚམས་དག་ན་གནའ་བོའི་ལུགས་ལྟར་འདོན་པ་ད་ལྟ་ཡང་འདུག ༢༠༠༦ ལོར་བདག་གིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ལ་དྭགས་དང་། སྦལ་ཏི་སྐད་ཀྱི་འབོད་སྟངས་འགའ་ཞུས་པ་ན། མདོ་སྨད་འབྲོག་ཡུལ་ན་ཡོད་དམ། གང་ན་ཡོད་ནན་ཏན་མ་ངེས། སྐྲ་ལ་གནའ་བོའི་འབོད་ཚུལ་བཞིན། སཀར་ ཞེས་འབོད་ཅེས་ཨ་ལག་དོར་ཞིས་གསུངས། ཡང་ཁྲིན་ཏུའུ་རུ་ཁམས་ཕྱོགས་ཀྱི་སློབ་གྲྭ་པ་འགའ་དང་སྐད་ཆ་བྱས་པས་གྲོ་མ་ལ་གནའ་བོའི་ཀློག་ཚུལ་བཞིན་ གརཨོ་མ་ ཞེས་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་པ་བཞིན་དུ་འབོད། དེ་བཞིན་འབྲས་ལྗོངས། ལ་དྭགས་གཤམ་ཕྱོགས། པ་ཀི་སྟན་ན་ཡོད་པའི་སྦལ་ཏི་དག་གི་སྐད་ལ་གནའ་བོའི་འབོད་ཚུལ་ཚིག་མང་པོ་འདུག ལ་དྭགས་པ་མང་པོས་ཡི་གེ་སྒྲ་དག་པ་འབྱུང་བ་ལ་སྦལ་ཏི་སྐད་དེ་ཕན་ཐོགས་འདུག་ཅེས་གླེང་ངོ་།
༢༥ ནས་ ༢༨ མདའ་ཚན་པ་ཨང་གྲངས་༡༢་པས་ཁྱེད་ཀྱི་སྐྱོན་བརྗོད་ལ་ལན་ ཐེབས་ཀྱང་། ཅུང་ཙམ་གླེང་བར་སྤྲོ་སྟེ། ཁྱེད་གཟིགས་རྒྱ་ཆེ་བས་བཀའ་བསྟན་དཔེ་ཆ་སྤར་མ་དག་ན། བསྐུངས་ཡིག་དིང་སང་གི་འཕྲུལ་འཁོར་པས་བྲིས་པ་དང་འབྲི་བཞིན་པ་མང་པོ་འདུག་གམ། དིང་སང་ངེད་ཀྱིས་མདོ་སྡེ་བསྐལ་བཟང་ཀློག་པ་དེ་ན་ནི། གས་ལ་ཏ་ལོག་བྲིས་པ་གཅིག་ཀྱང་མ་མཐོང་། དེ་བཞིན་བཀའ་འགྱུར་དང་བསྟན་འགྱུར་དག་གི་དཔེ་གཞུང་རྣམས་ན་གས་ཏ་ལོག་བྲིས་པ་མེད་པ་ལྟ་བུ་ཡིན།
བསྐུངས་ཡིག་ལ་གཙང་བཀྲ་ཤིས་ལྷུན་པོར་བསྡུས་ཡིག་ཟེར། བདག་གི་དཔེ་ཆའི་དགེ་རྒན་དམ་པས་བསྡུས་ཡིག་ནི་དག་ཡིག་གི་དགྲ་ཡིན་ཞེས་གསུངས་པ་དྲན། བསྡུས་ཡིག་མ་སྦྱངས་པ་ཞིག་གིས་དེ་དག་ཀློག་མི་ཐུབ་པའི་དཀའ་ངལ་ཡང་མཐོང་། དེས་ན་བཀྲ་ཤིས་ལ་བཀྲིས་དང་། བཀའ་དྲིན་ལ་བཀྲིན་སོགས་བསྡུས་ཡིག་མ་འབྲི་ན་ཕན་པ་ཆེ། གས་ལ་ཏ་ལོག་བྲིས་པ་དེ་བོད་ཡིག་སློབ་གསར་པས་ཀློག་མི་ཐུབ་པ་མང་དུ་མཐོང་། དེས་ན་བོད་ཡིག་སྤར་ཁང་དག་གིས་གས་ལ་ཏ་ལོག་གཏན་འབྲི་བར་མ་མཛད་ཅེས་ལག་གཉིས་ཐལ་མོ་སྦྱར་ཏེ་ཞུ་བ་ཡིན།
༢༩ གཉིས་ཀ་ལ་ཉིས་ག་ཞེས་ཁྱེད་ཀྱིས་བྲིས་འདུག་པས། ལེགས་པར་བལྟས་མེད་པར་མངོན། འདིར་ཤོག་གྲངས་༩པར་གཉིས་གར་ཞེས་པ་གཉིས་དང་གཉིས་ག་ཞེས་གསུམ་ལ་སྔར་གྱི་ལོ་ཙ་ཆོས་སྐད་གཞིར་བཟུང་སྟེ། གཉི་གར་དང་། གཉི་ག་ཞེས་ཞུས་དག་བྱས།
མཛོད་རང་འགྲེལ་དང་། དབུ་མ་འཇུག་པའི་རང་འགྲེལ་སོགས་བཀའ་བསྟན་ན་གཉི་ག་ཞེས་སྣང་ཡང། དིང་སང་ཚང་མས་གཉིས་ཀ་ཞེས་འབྲི། བདག་རང་ཡང་དེ་ལྟར་ཡིན། འོན་ཀྱང་འདིར་གཉིས་ཀ་ལ་གཉི་ག་ཞེས་ཞུས་དག་བྱས་པ་ནི་གཞུང་དཔེ་དེ་ཉིད་ཀྱི་སྐད་ཡིག་དང་བསྟུན་ནས་བྱས་སོ།
༣༠ འདིར་ཚེ་མ་ཞེས་པར་མ་སྔོན་འཇུག་ཆད་པར་ཁྱེད་ཀྱིས་མཚེ་མ་ཞེས་ཚིག་དག་པར་མཛད་པ་ལ་བཀའ་དྲིན་ཆེ།
༣༡ གླགས་ན་ཞེས་པར་ལྷག་ན། ཁྱེད་རང་ཉིད་མཐོང་རྒྱ་ཆེ་བར་བསྟན་པ་དང་། བདག་གིས་མ་བྱས་པ་ལ་བྱས་སོ་ཞེས་སྒྲོ་བཏགས་པ་ཡང་མཆིས་སོ། །སྟབས་ལེགས་ཀྱིས་མཛོད་རྩ་དང་། དེའི་རང་འགྲེལ་ལེགས་སྦྱར་རྙེད་པས། ཞུས་དག་བྱེད་དུས་ལེགས་སྦྱར་མ་དཔེ་ལའང་མཉམ་བསྡུར་གྱིས་ཚིག་རྣམས་གོ་བས། བོད་རྒྱ་ཚིག་མཛོད་ལ་ལྟ་དགོས་མ་བྱུང་། དེར་མ་བལྟས་པ་ལ་བལྟས་སོ་ཞེས་འོལ་ཚོད་ཁྱེད་ཀྱིས་བྱས་པ་ང་ལ་བྱས་སོ་ཞེ་མགོ་གཡོགས་པ་མ་ཡིན་ནམ།
གླགས་སམ་ལྷག་གི་ལེགས་སྦྱར་སྐད་དོད་ ཨ་དཧི འམ་ཡང་ན་ ཨ་དཧི་ཀ་ཞེས་པ་ཡིན། ཚིག་འདི་བོད་སྐད་དུ་ཚང་མས་ལྷག་ཅེས་བསྒྱུར་པ། ལྷག་བསམ་དང་། ལྷག་པའི་བསླབ་པ་དང་། ལྷག་པར་འཕེལ་ཞེས་སོགས་ཡོངས་གྲགས་ཡིན། དེ་བཞིན་སྒྱུར་བ་པོ་མཛོད་རང་འགྲེལ་སྒྱུར་བ་པོ་སྐ་བ་དཔལ་བརྩེགས་དབུ་མ་རིན་ཆེན་འཕྲེང་བའི་ཡང་སྒྱུར་བ་པོ་ཡིན། དེ་ན་ལྷག་པའི་སྐད་དོད་ཨ་དཧི་ཀ་ཞེས་པ་ལྷག་པར་ཞེས་བསྒྱུར་ཏེ།
དེ་ལྟར་མཁས་པས་ཐེག་ཆེན་ལ། །ཁོང་ཁྲོ་བ་ནི་ཟད་བྱ་ཞིང་།
རྫོགས་པའི་བྱང་ཆུབ་བསྒྲུབ་བྱའི་ཕྱིར། །ལྷག་པར་རབ་ཏུ་དད་པར་བྱ།། ༩༧ །།
དབུ་མ་རིན་ཆེན་འཕྲེང་བ། ལྷ་ས་ཞོལ་སྤར་མར་གཞིར་བཟུང་སྟེ། ལྷ་ལུང་པ་བློ་བཟང་ཕུན་ཚོགས་ཀྱིས་རྒྱ་གར་ལྡི་ལིར་སྤར་རྩ་བྱས་ཏེ། ༡༩༧༠ ལོར་སྤར་པའོ།
ཁྱེད་ཀྱི་ཞེ་འདོད་ལ་བདག་གི་ཞུས་དག་བྱས་པ་ཚར་གཅད་ཕྱིར་དུ། གླགས་དང་ལྷག་སོགས་མིང་གི་རྣམ་གྲངས་སོ་ཞེས་བཀོད་ཀྱང་། སྙིང་རྗེ། དེ་ཉིད་ཁྱེད་ལ་ཕན་མེད་པར་ང་ལ་ཕན་ཏེ། གླགས་ཞེས་པ་མང་བའི་དོན་ལ་འཇུག་པ་དིང་སང་ལས་སླ་བར་གོ་མི་ཐུབ། ཀུན་གྱིས་གོ་བའི་ཕྱིར་དུ། གླགས་ཞེས་པར་ལྷག་ཅེས་ཞུས་དག་བྱས་པ་འོས་ཤིང་འཚམས་པ་ཞིག་མ་ཡིན་ནམ། གླགས་དང་ལྷག་གཉིས་ལ་སྒྲ་གདངས་རགས་པ་མཚུངས་པས་ཕྱིས་སུ་ཡིག་མཁན་གྱིས་ལྷག་ཅེས་པ་གླགས་ཞེས་པ་མ་དག་རྒྱུན་འབྱམས་སུ་སོང་བར་སེམས་སོ།
སློབ་དཔོན་འདུན་བཟང་གིས་མཛད་པའི་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་ན། རྒྱ་ནག་བསྐྲུན་བསྟན་འགྱུར་ དེབ་ ༧༩ ཤོག་ ༡༢༠༣། ཁོ་བོས་ཞུས་དག་བྱས་པ་ཇི་ལྟ་བ་བཞིན་ཡོད་པ་ད་ལྟ་རྗེས་སུ་མཐོང་བ། བདག་གི་ཞུས་དག་ལ་འཕྱས་འདོགས་པ་པོ་ལ་གཟིགས་ཞེས་དགོད་དགོས་པར་མཐོང་སྟེ།
འགོག་དང་ལམ་མཐོང་སྤང་བྱ་ཀུན། །ལྷག་པར་རང་གི་སྤྱོད་ཡུལ་ལོ།
༣༢ ཁྱེད་ཀྱིས་ཟེར་སྟངས་ལ་དཔགས་ན་ཇི་ཙམ་ཁྱེད་བོད་རྒྱ་ཚིག་མཛོད་ལ་བརྟེན་དགོས་པ། རྒྱ་གཞུང་དག་ཀློག་པ་ན་དེ་ཙམ་ཁོ་བོ་ཚིག་མཛོད་དེ་ལ་བརྟེན་དགོས་པ་མ་ཡིན་པ་གོང་དུ་བཤད་པ་བཞིན་ཡིན། རྒྱ་དཔེ་དང་བོད་དཔེ་གཉིས་བསྡུར་ཏེ་ཀློག་པ་ན་དོན་ཇི་ལྟ་བར་རྟོགས་དཀའ་ཡང་། ཚིག་ཙམ་གོ་བ་ལ་དཀའ་བ་མེད་པས་ཚིག་མཛོད་ལ་བརྟེན་མི་དགོས།
ཁྱེད་ཀྱིས་ཡར་བ་དང་འཕར་བ་གཉིས་དོན་འདྲ་ཞེས་པ་ཡང་། བདག་གིས་ཡར་བ་འཕར་བ་ཞེས་ཞུས་དག་བྱེད་པར་ཕན་ཏེ། འདི་ལ་ལེགས་སྦྱར་དུ། པླུ་ཏ་ ཞེས་པ་ནི། མངོན་རྟོགས་རྒྱན་དུ། འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། ཞེས་པའི་འཕར་ཞེས་པ་དང་། འདིར་ ཡར་བ་ ཞེས་པའི་བྱིངས་ཏེ། འཕར་བའི་དོན་ཏོ། ཡར་བ་ཞེས་པ་ལ་ཡར་འཕར་བའི་དོན་ཡོད་ཀྱང་། དིང་སང་འདི་ལ་བཀོལ་སྤྱོད་ཆེར་མེད་པས་འདིའི་དོན་གོ་མཁན་ཤིན་ཏུ་དཀོན་པས། ད་བར་དུ་བདག་རང་གིས་ཀྱང་ཡར་བ་ཞེས་པའི་དོན་མ་གོ་བ་ན་དེའི་ལེགས་སྦྱར་པླུ་ཏ་ཞེས་པ་མངོན་རྟོགས་རྒྱན་ན་འཕར་ཞེས་བསྒྱུར་པ་གཞིར་བཟུང་སྟེ། འཕར་བ་ཞེས་ཞུས་དག་བྱས། འདི་ཡང་འོལ་ཚོད་ཀྱིས་མ་ཡིན་གྱི། རྩ་བའི་རྒྱ་གཞུང་ལ་གཏུགས་ནས་སོ།
༣༣ ཕར་བ། ཞེས་འཕར་བ། ཁྱེད་བདེན་ནོ།
༣༤ འབྱིན་པ་དང་འབྱུང་ བའི་བྱ་ཚིག་འདི་དག་ལ་བོད་རྒྱ་ཚིག་མཛོད་ན་ཐ་དད་དང་ཐ་མི་དད་པ་ཞེས་བྲིས་ཀྱང་། གོ་སླ་བར་བྱས་ཏེ་དང་པོ་ལ། ཡུལ་ཡོད། ཅེས་དང་། ཕྱི་མ་དེ་ལ། ཡུལ་མེད། ཡང་ན་། ལས་ཡོད། ལས་མེད་བྱ་ཚིག་ཅེས་པ་སློབ་གསར་ལ་གོ་སླ་བར་མཐོང་། དེས་ན། འབྱིན་ ཞེས་པ་ཡུལ་ཡོད་བྱ་ཚིག་དང་། འབྱུང་ཞེས་པ་ཡུལ་མེད་བྱ་ཚིག་གོ
སུན་འབྱིན་མ་གཏོགས་སུན་འབྱུང་ཞེས་དཔེ་དག་པ་ཞིག་ནི། མཐོང་རྒྱ་ཆུངས་པས་ད་བར་ཁོ་བོས་མ་མཐོང་། འབྱིན་གྱི་ད་ལྟ་འདས་མ་འོངས་བསྐུལ་ཚིག་དག་ནི་ འབྱིན་ ཕྱུང་ དབྱུང་ ཕྱུང་ ཞེས་སོ། བོད་རྒྱ་ཚིག་མཛོད་ན། འབྱིན་ཞེས་པའི་བྱ་ཚིག་རྗེས་སུ་འདོན་པ་ཞེས་བྲིས་པ་དོན་གཅིག་པར་སྟོན་པའི་ཆེད་དུ་བྲིས། དེ་བཞིན་དུ། བོད་རྒྱ་ཚིག་མཛོད་ཆེན་མོར་འབྱུང་བ་ཞེས་པའི་བྱ་ཚིག་རྗེས་སུ་འཐོན་པ་ཞེས་འབྲི་དགོས་ཀྱང་མ་བྲིས་པ་དིང་སང་ཕལ་སྐད་ལ་འབྱུང་ལ་འཐོན་པའི་དོན་མེད་པས་སོ།
མར་ཡུལ་པས་འབྱུང་ཞེས་བྱ་ཚིག་འདི་གནའ་བོའི་ཚུལ་དུ་འབོད་ཅིང་འཐོན་པའི་དོན་ལ་བཀོལ། ང་ལ་ལོ་རྒྱུས་ཤིག་ཡོད། ༡༩༨༨ལོར། རི་རྫོང་སྲས་རིན་པོ་ཆེ། ད་ལྟའི་དགའ་ལྡན་ཁྲི་རིན་པོ་ཆེ་བཞུགས་པའི་འདུན་ས་ཞིག་ཏུ་རང་རེས་འབྱུང་ཞེས་པ་གནའ་བོའི་ཚུལ་དུ་འབོད་པ་དེ། དིང་སང་གི་ཚུལ་དུ་འབོད་པའི་འབྱུང་ཞེས་པ་དང་འདྲའོ་ཞུས་པར་། འབྱུང་བ་ལ་འཐོན་པའི་དོན་མེད་གསུངས་པར། རབ་བྱུང་། ངེས་འབྱུང་ཞེས་པ་འཐོན་པའི་དོན་མ་ཡིན་ནམ་ཞུས་པར་ཅང་མ་གསུངས། དེ་ནས་ངེད་རྣམས་སོ་སོར་ཁང་མིག་གཞན་ཞིག་ཏུ་གཉིད་ལོག་སྐབས་སུ་འབྲས་བློ་གླིང་དགེ་བཤེས་བྱང་ཆུབ་ཞུ་བ་དམ་པའི་མཚན་ཉིད་ལྡན་པ་ཞིག་བཞུགས་པ་དེས་གདན་ས་ཁག་ཏུ་སྐད་ཡིག་ལ་ཐུགས་སྣང་མ་མཛད་པའི་སྐྱོན་འདུག་ག། གསུངས་པས་སྐད་ཡིག་ཐུགས་སྣང་མཛད་དགོས་པ་ཤུགས་ལ་འཕངས་སོ། ཀློག་པ་པོ་རྣམས་ལ་ཞར་བྱུང་དུ་ཞུས་སོ།
༣༥ ཚེ་རངས་པར་འཚོའོ། ཞེས་པར་ཚེ་རིངས་པར་འཚོའོ། །ཞེས་ཞུས་དག་བྱས་པ་དེ། བདག་གི་འོལ་ཚོད་ཀྱིས་བྱས་མེད་པར་རྡ་ས་སྤར་མ་༡༩༦༩མཛོད་རང་འགྲེལ་ལ་གཏུགས་འདུག ཁྱེད་གཟིགས་རྒྱ་ཆེ་བའི་རྣམ་པར་དཔྱོད་པའི་སྤྱན། ལྷ་རམས་པ་ཡིན་པའི་ང་རྒྱལ་རབ་རིབ་ཀྱིས་བསྒྲིབ་ཡོད་ན་གཟུ་བོར་གནས་པའི་ལག་འཕྱིས་ཀྱིས་ཕྱིས་ལ་དཧ་ས་སྤར་མ་མཛོད་ཤོག་གྲངས་༣༢༡ལ་གཟིགས།
འོན་ཀྱང་འདི་ལ་ཁྱེད་བདེན། ཅིའི་ཕྱིར་ཞེ་ན། ཚིག་འདིའི་སྐད་དོད་ ཀྲིཏནསྣ། ཞེས་པ་སྤྱིར་བཏང་ཟད་པར་ཞེས་བསྒྱུར་ཡོད་ཀྱང་། འདིར་རངས་པ་ཞེས་བསྒྱུར་ཏོ།
༣༦ གདམ་ང་ཞེས་པ་དེ་མ་དག་རྒྱུན་འབྱམས་སུ་སོང་བ་མང་དྲགས་པ་དང་བསྟུན་ནས་མཛད་པ་ཞིག་ལགས། སྙན་དངགས་དང་སྙན་ངག་ལ་གདམ་ང་བྱས་པ་ཡིན་ན། སྔོན་གྱི་བོད་ཀྱི་སྐད་ལ་ནང་བྱན་ཆུད་པ་སྐ་ཅོག་ཞང་གསུམ་སོགས་དང་། བར་གྱི་ལོ་ཆེན་རིན་ཆེན་བཟང་པོ། བློ་ལྡན་ཤེས་རབ་སོགས་ཀྱི་གཞུང་ན་སྙན་དངགས་ཞེས་བྲིས་ཤིང་། དེར་མ་ཟད་གདངས་རིང་པོར་བྱས་ཏེ་འདོན་པ་ལ་དངགས་བཏང་སྟེ་འདོན་ཞེས་ངག་ཙམ་དང་སྒྲ་གདངས་མི་འདྲ་བ་ཞིག་ལ་དྭགས་གཤམ་ཕྱོགས་གྲོང་ཡུལ་པ་དག་གིས་ཟེར། འོན་ཀྱང་དབུས་གཙང་སོགས་སུ་དངགས་དང་ངག་གཉིས་དིང་སང་འདྲ་བར་འབོད་པས་གདམ་ང་བྱས་ཤིང་བྲིས་ཀྱང་། དེ་དག་གིས་གནའ་བོའི་སྐད་ཀྱི་དག་ཆ་དང་འགལ། བོད་ཚིག་གང་དང་གང་ལ་ཡི་གེ་ཉུང་བ་ཡོད་པ་དེ་ཕྱིས་སུ་བྱུང་། དེ་ནི་སྒྲ་གདངས་ཉམས་པའི་དབང་གིས་ཡིན། ད་དུང་མ་འོངས་པ་ན་དེ་འདྲ་འོང་བ་ལ་མཐའ་མེད་པ་ཡིན་ནོ།
སྔར་གྱི་ལོ་ཆེན་རྣམས་ཀྱི་བཞེད་པ་དང་མཐུན་པར་ཕྱིས་ཀྱི་ལོ་ཆེན་ཞ་ལུ་ཆོས་སྐྱོང་བཟང་པོས། རང་གི་དག་ཡིག་ཟ་མ་ཏོག་ཏུ།
སྙན་དངགས་དང་ནི་དངངས་སྐྲག་དང་།
རིན་ཆེན་དངུལ་དང་འབབ་ཆུའི་དངོ་།
གྲི་ཡི་དངོ་དང་དངོས་པོ་དང་།
དངོས་མེད་དོན་དངོས་དངོས་གཞི་དང་།
རོ་དངར་དངོས་གྲུབ་ལ་སོགས་པ།
ང་ཡིག་དས་འཕུལ་ཅན་དུ་བྱ།།
ཞེས་གསུངས་པ་དེ། གང་ཉིད་དགུང་ལོ་གྱ་དྲུག་པའི་སྒང་ལ་སྐུ་ངལ་ཆེན་པོས་སྦྱར་ཏེ། བདག་ཅག་ཕྱི་རབས་བོད་སྐད་སློབ་གཉེར་པ་ཀུན་ལ་གདམས་པ་མ་ཡིན་ནམ། རྣམ་དཔྱོད་ཡོད་ན་གདམ་ང་འདོད་པ་རྣམས་ཀྱིས་ལེགས་པར་དགོངས་དགོས་པ་ཞིག་ཏུ་མཐོང་ངོ་།
༣༨ འཇིགས་མ། འཇིག་པ། ཁྱོད་ཀྱི་ནོར་བཅོས་བྱས་འདུག འཇིགས་མ་ཞེས་པ་བུད་མེད་ལ་འབོད་པའི་སྒྲ་ཡིན་པ་ཤེས་མི་འདུག་འཇུག་པའི་རང་འགྲེལ་ལས།
འཇིགས་མ་ཞེས་བྱ་བ་ནི་བུད་མེད་ཡིན་པས་འཇིགས་མ་ཞེས་བོད་པའོ། །
ཞེས་ཤིན་ཏུ་གསལ་བར་གསུངས་སོ། །
ཞེས་བྲིས་པར་ཤོག་གྲངས་བཀོད་མེད་པས་འཚོལ་བ་ན་དཀའ་ངལ་འདུག རྒྱང་འཕེན་པའི་ཚིགས་བཅད་འདི། དབུ་མ་འཇུག་པ་རང་འགྲེལ་དང་། དབུ་མ་དགོངས་པ་རབ་གསལ་གཉིས་ཀ་ན་ཇི་ལྟ་བ་བཞིན་འདུག ཁྱེད་ཀྱིས་ལུང་དྲངས་པ་དེ་ངེད་ཀྱིས་མ་རྙེད། ང་ལ་དབུ་མ་འཇུག་པའི་རང་འགྲེལ་མ་དཔེ་མི་འདྲ་བ་གཉིས་ཡོད་པ་དེ་དག་ན་མི་སྣང་བར་མ་ཟད་དཔལ་ལྡན་ཟླ་བ་གྲགས་པ་ལ་འགྲེལ་པ་མཛད་དགོས་ཚིག་གནང་བཀག་ཅན་རྣམས་བཏང་སྙོམས་སུ་བཞག་སྟེ། འཇིགས་མ་ཞེས་པའི་ལྟ་བུའི་ཚིག་ཕལ་པ་ཞིག་ལ་འགྲེལ་པ་མཛད་པ་མི་སྲིད་པའོ་ཞེས་ཀྱང་སེམས་སོ།
གལ་ཏེ་འཇུག་པ་རང་འགྲེལ་ནས་ཁྱེད་ཀྱིས་ལུང་དྲངས་པ་དེ། སྡེ་དགེ། སྣར་ཐང་། པེ་ཅིན་གསུམ་དང་། ཉེ་དུས་ཀྲུང་གོའི་སྤར་མ་གང་ཡིན་ཤོག་གྲངས་དང་བཅས་པ་ཁུངས་བསྐྱལ་མ་ཐུབ་ན། འོལ་ཚོད་བྱས་པ་དང་། སྙིང་ཁམས་ཆེ་བ་དང་། སྨྱོས་ཟིན་པ་སོགས་དེ་དག་ངེད་སྔ་རྒོལ་ལ་འོས་པ་འདུག་གམ། ཁྱེད་ཕྱིར་རྒོལ་ལ་འོས་པ་འདུག་མཁས་པ་དཔང་པོ་གཟུ་བོར་གནས་པ་རྣམས་ཀྱིས་ཐག་གཅད་པར་འགྱུར་རོ།
རང་ཅག་རྣམས་རྩོད་པའི་དུས་སུ་བསམ་པ་ཇི་ལྟ་བུ་ཞིག་དགོས་པ་ནི། རྗེ་དགེ་འདུན་གྲུབ་པ་དཔལ་བཟང་པོས། ཚད་མའི་བསྟན་བཅོས་རིགས་པའི་རྒྱན་དུ།
རྩོད་པའི་བསམ་པ་ནི། ཕ་རོལ་པོ་དམའ་བར་འདོད་པའི་ཞེ་སྡང་དང་། རང་ཉིད་མཐོ་བར་འདོད་པའི་འདོད་ཆགས་དང་། རིགས་ལམ་འདོར་བར་འདོད་པའི་གཡོ་སྒྱུ་རྣམས་ནི་རྩོད་པའི་བསམ་པ་ཐ་ཤལ་ཡིན་ལ། རང་གིས་རྟོགས་པར་འདོད་པའི་གུས་པ་དང་། གཞན་གྱི་ལོག་རྟོག་བསལ་བར་འདོད་པའི་སྙིང་རྗེ་དང་། ཕ་རོལ་པོ་ལ་ཟབ་མོའི་ཆོས་བསྟན་པར་འདོད་པའི་བྱམས་པ་རྣམས་ནི་རྩོད་པའི་བསམ་པ་ཕུལ་དུ་བྱུང་བ་ཡིན་ནོ།
ཞེས་གསུངས་པ་བཞིན་བསམ་པ་ཐ་ཤལ་དོར་ནས་བསམ་པ་ཕུལ་དུ་བྱུང་བ་ཞིག་འཁྱེར་ཐུབ་ན་ཡུལ་གངས་ཅན་པའི་སྲོལ་བཟང་པོ་འཛིན་ཐུབ་པ་ཡིན་ནོ།
༣༩ ཁྱེད་ཀྱིས་རྣམ་དཔྱོད་ཀྱིས་སླར་ཡང་གཟིགས་དགོས། འདི་ལ་ཁོ་བོས་ཞུས་དག་བྱས་མི་འདུག མཁས་པ་རྣམས་ལ་གོ་བསྡུར་ཞུ་བའི་ཕྱིར་དུ། དེ་ཐོས་པས། ཞེས་པ་དེ་མཆན་བུ་དང་བཅས་བཀོད་འདུག
༤༠ ཁྱེད་རྟོག་གེ་མཁན་པོ་བཞིན་ཕལ་སྐད་དང་ཆོས་སྐད་བསྲེས་པ་ལྟ་བུ་མ་ཡིན་པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོས་གཞུང་དཔེ་འདི་ཉིད་ཀྱི་ཤོག་གྲངས་ ༢། ༡༢། ༡༨ གཏན་ལ་འབེབས་ཞེས་གསལ་བ་ལ་ཤོག་གྲངས་༣༨་ན་གཏན་ལ་ཕེབས་ཞེས་ཕལ་སྐད་བཀོལ་ཏེ་རང་གི་ཁས་བླངས་སྔ་ཕྱི་འགལ་བར་ནམ་ཡང་མི་མཛད།
ཁྱེད་ཀྱིས་ཕལ་སྐད་དང་ཆོས་སྐད་བསྲེས་ནས༐ གཏན་ལ་ཕེབས་ཞེས་པ་ནི་གཏན་ལ་ཕབ་ཐུབ་པའི་དོན་ཏེ། དཔེར་ན་ལེན་ཐུབ་པ་ལ་ལོན་ནམ་ལོངས་ཞེས་པ་དང་། བཤད་ཐུབ་པ་ལ་ཤོད་ཟེར་བ་དང་། ཀློག་ཐུབ་པ་ལ་ལྷོགས་ཞེས་པ་ལྟ་བུའོ། །ཞེས་བསྐུལ་ཚིག་གང་ཡིན་པ་རྣམས་བཀོད་ཡོད་པས། འོ་ན་ཕེབས་ཞེས་པ་དེ་བྱ་ཚིག་གང་གི་བསྐུལ་ཚིག་ཡིན་ནམ། འཆད་ཐུབ་ན་ཤོད་ཅིག
ཁྱེད་རིགས་པའི་ཚིག་གིས་འཕོངས་ནས་འབྲེལ་མེད་ཀྱི་ཚིག་རྙོག་དུ་མ་སྨྲས་པ།
ཉ་དང་ཉུང་མ་བསྲེས་པ་ལྟ་བུའི་ཕལ་སྐད་དང་ཆོས་སྐད་བསྲེས་ནས་འབྲི་བ་པོ་ཁྱེད་ལྟ་བུ་ལ་ཕན་ན་བསམ་སྟེ། བརྡ་སྤྲོད་ལོ་རྒྱུས་སུ་ཆོས་རྗེ་ས་སྐྱ་པ་ཆེན་པོ་བོད་གངས་ཅན་པའི་བརྡ་སྤྲོད་སོགས་རིག་གཞུང་ལ་གདམས་ངག་གི་གཞུང་མང་པོ་བརྩམས་པའི་གསུང་།
ཆོས་ཀྱི་སྐད་དང་མཐུན་པ་ཡིས།
རང་ཡུལ་སྐད་ངན་སྤང་བར་བྱ།
ཡི་གེ་སྦྱོར་བ། གླེགས་བམ་དང་པོ། ཤོག་ ༥༥༩ ཡིག་འཕྲེང་ ༡༤ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ༡༩༩༢
ཁྱོད་ལ་བློ་གཟུ་བོར་གནས་པའི་རྣམ་དཔྱོད་ཡོད་ན། སྒྲོག་ཅེས་པར་སྒྲོགས་དང་། མཐེར་ཞེས་པར་མཐོར་དང་། བསྟོད་བ་ཞེས་པར་བསྟོད་པ་དང་། འགྲོལ་པ་དོན་གསལ་ཞེས་པར་འགྲེལ་པ་དོན་གསལ་དང་། ཚང་བ་ཅིག་ཞེས་པར་ཚང་བ་ཞིག་ཅེས་དང་། འཕྱིན་པའོ། ཞེས་པར་འཕྱན་པའོ། ཀུན་བརྟགས་ཡིན་གྱི་ལྷན་སྐྱེས་ཡིན་ནོ། ཞེས་པར་ཀུན་བརྟགས་ཡིན་གྱི་ལྷན་སྐྱེས་མིན་ནོ། ཞེས་སོགས་ཁྱེད་ཀྱི་གྲྭ་ཚང་གི་གློག་ཀླད་དུ་དབུ་མ་དགོངས་པ་རབ་གསལ་བཅུག་ཡོད་པ་ལ་ཞུས་དག་མཛད་མེད་ཚེ། ཞུས་དག་མཛད་གྲོགས་ཞུ་ངེས་ལགས། བདག་གིས་ཞུས་པ་བཞིན་དུ་ནོར་བཅོས་དགོས་ཞེས་རྩ་བ་ཉིད་ནས་ཞུ་བ་མེད། གལ་ཏེ་ནོར་པ་ཀུན་ལ་ཞུས་དག་མཛད་ཡོད་ན། བཀའ་དྲིན་ཆེ། ཡིག་ནོར་གྱི་དགྲ་ཤི་ཚར་བ་ལ་སླར་དེ་གསོད་པར་འབད་པ་དོན་མེད་ཡིན།
སྤྱིར་ཁྱེད་ལྷ་རམས་པ་ཡོན་ཏན་དང་ལྡན་པ་ཡིན་ངེས། འོན་ཀྱང་ཁྱེད་ལ་ཕྱོགས་ལྷུང་གི་ང་རྒྱལ་མེད་པ་ཡིན་ན། བདག་གི་ནོར་བཅོས་ན་འདི་ཙམ་འགྲིག འདི་ཙམ་མི་འགྲིག་ཅེས་སྨྲ་དགོས་པ་ལ་དེ་ལྟར་མ་སྨྲས་པས། བདག་གི་ཞུས་དག་སྐོར་ལ་ཁྱེད་ཀྱི་རྣམ་འགྱུར་དེ་ནི་འདི་འདྲ་བ་ཞིག་ཏུ་མཐོང་།
སྐྱོན་རྣམས་འབད་པས་འཛིན་བྱེད་ཅིང་།
ཡོན་ཏན་རྩ་ནས་མི་ཆགས་པ།
སྐྱེས་བུ་ངན་པ་ཆུ་ཚགས་བཞིན།
ངན་པ་འཛིན་གྱི་བཟང་པོ་འཆོར།། ༢༤ །།ས་སྐྱ་ལེགས་བཤད་རབ་བྱེད་གསུམ་པ།
སེ་ར་བྱེས་སློབ་གཉེར་ཁང་ཆེན་པོས་དཔེ་ཆ་འདི་སྤར་བསྐྲུན་མཛད་ནས་ལོ་བཅུ་ལྷག་ཙམ་ལོན་འདུག ཁྱེད་ཀྱིས་ཡང་དང་ཡང་དུ་གཟིགས་ཡོད་ངེས། ང་ལ་རྗེ་རིན་པོ་ཆེའི་དབུ་མ་དགོངས་པ་རབ་གསལ་དཔེ་ཆ་གཉིས་འདུག ཝ་ན་མཐོ་སློབ་དགེ་ལྡན་པས་སྤར་པ་དང་། སེར་བྱེས་༡༩༩༩ལོར་སྤར་པ། མི་ཞིག་གིས་དཔེ་ཆ་འདི་ཨ་རིར་ཁྱེར་འོངས། རྗེས་སུ་དཔེ་ཆ་འདི་ལ་བདག་པོ་མེད་པ་ན། མི་གཞན་པ་ཞིག་གིས་དབྱུག་པ་ཕངས་ནས་ངའི་ནང་ལ་བསྐྱལ་འདུག ངས་གུས་བཀུར་གྱིས་རྗེ་རིན་པོ་ཆེ་གསུང་དེབ་གཟུགས་མ་འདི་གཞན་དཔེ་ཆ་མང་པོ་དང་མཉམ་དུ་མཐར་ལ་དྭགས་ཀླུ་དགོན་དཔེ་མཛོད་དུ་གདན་འདྲེན་ཞུ་ངེས་ལགས།
ཝ་ན་མཐོ་སློབ་ཀྱི་དེ་ལ་ཞུས་དག་བྱེད་མ་བྱེད་ཁྱད་ཆེར་མེད། སྤར་ཚར་བ་དང་ལྕགས་འབྲུ་རྣམས་གཏོར་ནས་མེད། སེར་བྱེས་ཀྱི་མ་དཔེ་དེ་གློག་ཀླད་འཕྲུལ་ཆས་སུ་ཡོད་པ་མ་འོངས་པ་ན་ཡང་དང་ཡང་དུ་སྤར་ངེས་པས་དེ་ལ་ཞུས་དག་བྱེད་དགོས་པ་གལ་ཆེ་བར་མཐོང་ངོ་། དེ་བཞིན་ངས་ཞུས་དག་བྱས་པ་དཔེ་ཆ་ཚང་མ་གློག་ཀླད་འཕྲུལ་ཆས་ན་ཡོད་པ་ཤ་སྟག་ཡིན་ཞེས་སེམས་སོ།
དེ་བཞིན་གཞན་རྣམས་ལའང་དེ་ལྟར་ཞུ་ངེས་ལགས། འདི་རྣམས་ལག་རྩེད་ཡིན་ནམ་ཞབས་ཏོག་ཡིན། བློ་ནང་དུ་ཁུགས་ལ་བསམ་བློ་ལེགས་པར་གཏང་དགོས་སོ།
མདོར་ན་བདག་གིས་ཞུས་དག་བྱས་པ་རྣམས་ན་ནོར་བྱས་པ་མང་བ་འདུག་གམ། མ་ནོར་བར་བྱས་པ་མང་བ་འདུག འདི་ཙམ་འདི་ཙམ་འགྲིག་འདུག འདི་ཙམ་ཞིག་འགྲིག་མི་འདུག་ཅེས་དམིགས་དགར་གྱིས་བསྟན་དགོས་པ་མཁས་པའི་ལུགས་ཡིན་ཀྱང་། མ་བསྟན་པར་དེའི་ཚབ་ལ་དམའ་འབེབས་མང་ཙམ་བགྱིས་པ་བདག་ལ་གྲོགས་སུ་གྱུར། འཛིན་གྲྭ་ལྔ་པ་དྲུག་པའི་སློབ་ཕྲུག་གིས་བྲིས་པ་ལྟ་བུའི་རྩོམ་ཧྲུལ་ཞིག་ཏུ་མཐོང་བྱུང་། ཞེས་པ་ལ་ཡིད་མི་དགའ་བ་མེད། བདག་གིས་བྲིས་པ་ལ་བསྟོད་མཁན་ཡང་མཐོང་། ཕལ་ཆེར་ལོ་ངོ་བཞི་བཅུ་ཞེ་ལྔ་སྔོན་ཝ་རཱ་ན་སཱིའི་གཙུག་ལག་སློབ་གྲྭར་་བྲག་གཡབ་བསོད་ནམས་སྟོབས་རྒྱལ་ད་ལྟ་སྲིད་བློན་ཟུར་པ། ཁོང་གིས་ཞར་བྱུང་དུ་བདག་གི་བྲིས་ཤིག་གཟིགས་ཏེ། རྒན་འཇམ་དཔལ་གྱི་བྲིས་འདི་ཚོ་རྒྱ་གཞུང་གི་དབྱིངས་ལྟ་བུ། མ་གོ་བ་ཞིག་གིས་འགྲིག་མི་འདུག་ཅེས་ལབ་ངེས་ཞེས་པ་དེ། ད་ཁྱེད་ཀྱིས་སྨད་པ་དེ་ལ་མ་འོངས་ལུང་བསྟན་མཛད་པ་ལྟ་བུ་ཞིག་ཏུ་མཐོང་ངོ་།
བདག་ལ་སྨོད་པ་གཞན་ཡོད་ན། །བསྟོད་པས་བདག་དགར་ཅི་ཞིག་ཡོད།
བདག་ལ་བསྟོད་པ་གཞན་ཡོད་ན། །སྨད་པས་མི་དགར་ཅི་ཞིག་ཡོད།། ༢༡ །། སྤྱོད་འཇུག་ལེའུ་ལྔ་པ། ཅེས་གསུངས་པ་ལྟར་རོ།
ཞར་བྱུང་དུ། ཁྱེད་ཀྱིས་བདག་གི་བོད་ཀྱི་ཡི་གེ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཕྱིར་བརྩོན་པ་ལ་དམའ་འབེབས་ཚིག་རྩུབ་བཀོལ་པ་བཞིན་དུ། གཞུང་ཆེན་མོ་མཁྱེན་ཡང་བོད་ཀྱི་སྐད་དང་། བསྟན་རྩ་ཡི་གེ་ལ་ཐུགས་སྣང་མེད་པ་དག་གིས་བཀའ་འགྱུར་གྱི་ཡི་གེ་ལ་ཞུས་དག་བྱེད་པ་མི་འགྲིག་གོ། །ཞེས་པའི་སྐྱོན་བརྗོད་ཀྱིས་བོད་ཀྱི་མཚན་ཉིད་ཀྱི་གཞུང་ཆེན་མོ་དང་། གཞན་རིག་གནས་ལའང་ནང་བྱན་ཆུད་པ་མདོ་སྨད་པ་དགེ་བཤེས་ཤེས་རབ་རྒྱ་མཚོ། གང་གི་གསུང་རྩོམ་རྣམས་བོད་སྤྱིའི་སྐད་དང་མཐུན་པ། དཔེར་ན། ཇོ་མོ་ནང་པ། རྙིང་མ་པ། གསར་མ་པ། ས་སྐྱ་པ་སོགས་ཡོད་པ་དབུས་ཀྱི་གདན་སར་བཞུགས་མ་ཐུབ་པར་རྒྱ་ནག་ཏུ་བྱོན་ཏེ། རང་ཉིད་ཀྱི་བྱ་བ་བདེན་པར་སྟོན་ཆེད་འདི་ལྟར་བྲིས་པ་མཐོང་སྟེ།
སྔོན་དུ་གོ་མིན་ཏང་གིས་བཀུར། །ད་ལྟ་གུང་ཁྲན་ཏང་གིས་བཀུར།
སྟོན་པས་བདེན་པ་རྒྱལ་ལོ་ཞེས། །གསུངས་ལ་དད་པས་སྙིང་ག་གང་།།
གསུང་རྩོམ་ཐོར་བུ། ཤོག་གྲངས་ ༥༠༢
དཔལ་ཞེས་པའི་ཚིག་དེ་ལ་དྭགས་པས་སྤལ་ཞེས་འདོན། སྔོན་འཇུག་ད་ཡིག་ལ་སྐབས་འགར་ས་སྒྲ་འཐོན་པ་དང་། སྐབས་འགར་ར་སྒྲ་འཐོན་པ་མང་སྟེ། ཉེ་དུས་བདག་གི་བསམ་པར་སྨིག་རྒྱུའི་སྨིག་དེ་དམིགས་དང་དོན་གཅིག་ཏུ་འདུག་སྙམ་། སྨིག་རྒྱུ་ཞེས་པའི་སྒྲ་བཤད་ཞོག་ཟེར་བ་ན། གང་འཇོག་གམ། ཁྱེད་ལྷ་རམས་པ་ཡིན་པས་མཁྱེན་ངེས། སྔོན་འཇུག་ད་ཡིག་ལ་ས་སྒྲ་འཐོན་པའི་རྒྱུ་མཚན་གྱིས་སྤར་ཞེས་པ་དེ་དཔར་ཞེས་པར་གྱུར་པ་མ་ཡིན་ནམ། གཞན་ཡང་བསྟན་དར་ལྷ་རམས་པས། དག་ཡིག་གཅེས་བསྡུས་སུ། དམའ་འབེབས་སྨ་འབེབས་གང་ཡང་རུང་། ཞེས་དང་། སྐྲག་པའི་དངངས་སྔངས་གཉིས་ཀ་རུང་། འདི་དག་སྔོན་འཇུག་ད་ཡིག་ས་རུ་འབོད་པ་ལས་བྱུང་བ་མ་ཡིན་ནམ། བདག་གི་མིང་ཨིན་ཡིག་ཏུ་ས་ཡིག་ཡོད་པ་ལ་སྐད་ངན་ཚིག་རྩུབ་སྨྲ་བའི་ཚབ་ལ་ཡུལ་གངས་ཅན་པའི་སྐད་ཡིག་སྒྲ་གདངས་འགྱུར་སྟངས་ལ་སློབ་སྦྱོང་བགྱིད་ན་མི་ལེགས་སམ།
སྔོན་འཇུག་ད་ཡིག་ལ་ར་སྒྲ་འཐོན་པ་ཡང་ཡོད་དེ། སྐྱེ་དགུ་ལ་སྐྱེ་རྒུ་དང་། དགོད་པ་ལ་རྒོད་པ་དང་། དབའ་རླབས་ལ་རྦ་རླབས་ཞེས་པ་ལྟ་བུའོ།
ཇི་སྐད་དུ་ཡང་། ཞེས་པར་ཇི་སྐད་དུ། ཞེས་དག་བཅོས་མཛད་པར་ ངའི་ཞེ་འདོད་ལ་བདག་རང་གིས་ཞུས་པར་མ་ཟད་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་ཀྱང་དེ་ལྟར་བཞེད་ཅེས་རྒྱན་སྡུད་དགོས་སྙམ་སྟེ། དེ་ལྟར་བཀོད་པ་ལགས། འོན་ཀྱང་ཁྱེད་ཀྱི་དག་བཅོས་དེ་བློ་བསྐྱེད་ལ་ཕན། བཀའ་དྲིན་ཆེའོ།
མཇུག་བསྡོམ། བདག་ཅག་གིས་བོད་ཀྱི་སྐད་ཡིག་ལེགས་པར་སྦྱངས་ཏེ། གློག་ཀླད་འཕྲུལ་ཆས་སུ་བཅུག་པ་རྣམས་ན་ཡིག་ནོར་མང་པོ་འདུག་ཅེས་སྐད་བརྒྱབས་པ་ཐོས་པས། དེ་དག་གི་ཡིག་ནོར་ལ་ཞུས་དག་མཛད་ཐུབ་ན་མཛོད་ཅིག་ཅེས་ཞུ་བ་དང་། ལྷག་པར་རྗེ་རིན་པོ་ཆེ་གསུང་དག་པར་ཁ་ཞེ་གཉིས་མེད་ཡིན་ན། གང་གི་གསུང་རིམ་ལྔ་གསལ་སྒྲོན་གྱི་བོད་དཔེ་གློག་ཀླད་དུ་ཡོད་པ་དང་། ཨིན་འགྱུར་སྤར་ཏེ། ཨིན་འགྱུར་ལ་མ་འགྲིག་པ་རྣམས་ཟུར་དུ་འདོན་གྲོགས་གྱིས་ཞེས་པར་བོད་དཔེ་ཡང་ཀློག་དགོས་པས། དེ་ན་ཚིག་མ་དག་པ་མང་དུ་མཐོང་ཡང་དེ་དག་ལ་དམར་རྟགས་རྒྱབ་པ་ཙམ་ལས་ཞུས་དག་བྱེད་པ་དང་། གློག་ཀླད་དུ་འཇུག་པ་པོ་དང་འབྲེལ་པ་བྱེད་པར་དུས་ཀྱིས་མི་ལྡང་། ཁྱེད་དགེ་ལྡན་པ་མཁས་པ་གཞོན་པ་རྣམས་ཀྱིས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཙམ་ལས་མ་བྱུང་ནའང་གློག་ཀླད་དུ་བཅུག་པ་དག་ལ་བདག་གིས་ཞབས་ཏོག་ཞུས་པ་བཞིན་མཛད་དེ་ཡིག་ནོར་རྣམས་བསལ་ཐུབ་ན། བོད་ཀྱི་བསྟན་པ་སྲུང་བ་ལ་ཕན་པར་ངེས་སོ།
སྐྱེ་དགུ་ཀུན་ལ་རྟག་ཏུ་བྱམས་བྱེད་ཤོག བློ་བཟང་འཇམ་དཔལ་ནས་ ༢༠༡༠ ཟླ་བ་ ༦ ཚེས་ ༦ ལ།