ཚེ་རིང་རྡོ་རྗེ།
གལ་སྲིད་ཁྱེད་ལ་ཨན་ཏྲི་རའེ་ཏྲི Android རིགས་ཀྱི་ལག་འཁྱེར་ཁ་པར་སྟེང་ནས་བོད་ཡིག་གི་དྲ་ཚིགས་ཀློག་པའི་སྐབས་སུ། འདོགས་ཅན་གྱི་ཡི་གེ་རྣམས་ཡག་པོ་ཞིག་མི་འཆར་ན། ཨོ་ཕི་ར་མི་ནིOpera Mini Web Browser ཞེས་པའི་དྲ་ཚིགས་ལྟ་བྱེད་མཉེན་ཆས་ནང་འཇུག་བྱས་པའི་རྗེས་སུ་བོད་ཡིག་བདེ་བླག་ཏུ་འཆར་ཐུབ། མཉེན་ཆས་དེ་ཁ་པར་དུ་འཇུག་སྟངས་བརྗོད་ན། དང་པོ། ཨན་ཏྲི་རེ་ཏྲི Android རིགས་ཀྱི་ལག་འཁྱེར་ཁ་པར་ནང་གི་ཕི་ལའེ་སི་ཏྲོར་Play Store ཞེས་པའི་མཉེན་ཆས་ཕབ་ལེན་བྱེད་སའི་དྲ་ངོས་ཁ་ཕྱེ་བ་དང་། དེའི་འཚོལ་བྱེད་ཀྱི་དྲ་མིག་ནང་དུ་ Opera Mini ཞེས་པ་གཏགས་ཚེ། མཉེན་ཆས་དེ་འཆར་འོང་། དེའི་མཚོན་རྟགས་ཀྱི་རི་མོ་ནི་ དབྱིན་ཡིག་གི་གསལ་བྱེད་O ཁ་དོག་དམར་པོ་ཞིག་ཡིན། ༼ པར་རིས་དང་པོ་ལ་གཟིགས ༽ དེ་ནས་མཉེན་ཆས་ནང་འཇུག་གི་ལམ་སྟོན་ལྟར་ནང་འཇུག་བྱ་དགོས། ༼པར་རིས་གཉིས་པ་གསུམ་པ་ བཞི་བ་ལྔ་བ་བཅས་ལ་གཟིགས༽ གཉིས་པ། ནང་འཇུག་བྱས་ཚར་བའི་རྗེས་སུ་ཁ་པར་གྱི་མཉེན་ཆས་ཐོ་གཞུང་གི་གྲས་ནས་དབྱིན་ཡིག་གི་ གསལ་བྱེད་O ཁ་དོག་དམར་པོ་ཡོད་པ་ལ་རྡེབ་ནས་ཨོ་ཕི་ར་མི་ནི་དྲ་ཚིགས་ཀློག་བྱེད་མཉེན་ཆས་ ཁ་འབྱེད་པ་དང་། དེའི་འཚོལ་བྱེད་དྲ་མིག་ནང་དུ་དབྱིན་ཡིག config: ཞེས་པ་འཇུག་དགོས། དོ་སྣང་བྱ་དགོས་པ་ནི་དབྱིན་ཡིག་དེའི་མཇུག་གི་ཚེག་ཐིག་གཉིས་བརྗེད་མི་རུང་། ༼ པར་རིས་དྲུག་པ་ དང་བདུན་པ་ལ་གཟིགས༽ དེ་ནས་གདམ་ཁ་འགའ་ཞིག་གོང་འོག་བསྒྲིགས་ནས་ཡོད་པ་དང་། ཆེས་འོག་གི་གདམ་ཁ་སྟེ་དབྱིན་ཡིག་གི Use bitmap fonts for complex scripts ཞེས་པའི་གཡས་མཐའ་ན་གདམ་ཁའི་དྲ་མིག་ཆུང་ཆུང་ཡོད་པ་དང་། དེའི་ནང་དུ་དབྱིན་ཡིག་གི Yes དང No ཞེས་པའི་གདམ་ཁ་གཉིས་ཡོད་པ་ལས Yes གདམ་དགོས། དེ་ནས་དྲ་ངོས་དེའི་འོག་མཐའ་ན་ དབྱིན་ཡིག་གི Save ཞེས་པ་ཡོད་པ་ལ་རྡེབ་ནས་འགྱུར་བ་བཏང་ཟིན་པ་ཉར་ཚགས་བྱ་དགོས། ༼པར་རིས་བརྒྱད་པ་ལ་གཟིགས༽ གསུམ་པ། ཨོ་ཕི་ར་མི་ནི་དྲ་ཚིགས་ཀློག་བྱེད་མཉེན་ཆས་བསྐྱར་དུ་ཁ་ཕྱེ་ནས་རང་གིས་ལྟ་འདོད་པའི་བོད་ཡིག་གི་དྲ་ཚིགས་ཁ་བྱང་ཞིག་འཚོལ་བྱེད་དྲ་མིག་ནང་དུ་བཅུག་ན། བོད་ཡིག་བདེ་བླག་ཏུ་འཆར་བ་ཡིན། ༼པར་རིས་དགུ་བ་ལ་གཟིགས༽ བཞི་བ། ཡིག་གཟུགས་ཆེ་ཆུང་གི་གདམ་ཁ་བྱ་སྟངས་ནི། ཨོ་ཕུ་ར་མི་ནི་དྲ་ཚིགས་ལྟ་བྱེད་མཉེན་ཆས་ཁ་ཕྱེ་བ་དང་། གཡོན་ངོས་ཀྱི་གོང་ཟུར་ན་ཁ་དོག་དམར་པོའི་O ཡིག་ཅིག་ཡོད། དེའི་གཡས་ན་རྟགས་ཟུར་གསུམ་མ་ ཁ་ཐུར་དུ་བསྟན་པ་ཞིག་ཡོད་པ་ལ་རྡེབ་ན། གདམ་ཁའི་ཁ་བྱང་འགའ་ཞིག་འཆར་འོང་། དེ་དག་གི་ནང་ནས་ Settings ཞེས་པ་ལ་རྡེབ་ན། གདམ་ཁའི་དཔྱང་ཐོ་ཞིག་འཆར་བ་དང་དེའི་ནང་ནས Font size ཞེས་པ་རྡེབ་ཏེ་ཡིག་གཟུགས་ཆེ་འབྲིང་ཆུང་གསུམ་ལས་གང་རུང་ཞིག་གདམ་ཆོག གཞན་མཉེན་ཆས་འདི་བོད་ཡིག་གི་ཡིག་གཟུགས་མེད་པའི་རྩིས་འཁོར་རམ་གློག་ཀླད Computer ནང་དུ་བཅུག་ན་བོད་ཡིག་གི་དྲ་ཚིགས་རྣམས་ལ་ལྟ་ཐུབ།
ཡག་པོ་གནང་འདུག ཐུགས་རྗེ་ཆེ།
སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་ལེགས་ཤོས་ནི། ང་ཚོ་རང་གི་བརྒྱུད་ལམ་འཕྲུལ་ཆས་ཡོད་ཚད་ལ་བོད་ཡིག་ཐོག་ཏུ་འབྲི་ཀློག་ཐུབ་པའི་ཆ་རྐྱེན་བཟོ་ཐུབ་དགོས་པ་དེ་ལས་ཐབས་ལམ་ལེགས་པ་ཞིག་མ་མཐོང་།
ད་ལྟ་བར་ཀུ་ཤུའི་ནང་དུ་མ་གཏོགས་བོད་ཡིག་བདེ་ལགས་ངང་མ་འཆར་རོ།།
ང་ཚོ་ནིི་བརྒྱུད་དང་ཁ་འབྲལ་ཐབས་མེད་པས་སོ།།
བརྒྱུད་ལམ་་་་་
ཉིད་ཀྱིས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ལན་བརྒྱར་ཞུ། དེང་སང་ནོ་གཱ་ཡ་སོགས་སུ་བོད་ཡིག་བརྩེགས་མ་འཆར་བའི་ཐབས་ལམ་རྙེད་འདུག འོན་ཀྱང་ས་མཚུངས་སོགས་སུ་བོད་ཡིག་གཏགས་ཐུབ་པའི་རིགས་ལ་གཏགས་རྗེས་བརྩེགས་མ་འཆར་ཐུབ་པའི་ཐབས་ལམ་འདྲ་ཡོད་དམ། གལ་སྲིད་དེ་ཡོད་ན་ང་ཚོས་ཀུ་ཤུ་རྟགས་ཅན་ལ་གོང་ཆེན་སྟེར་དགོས་དོན་མི་འདུག དེའི་ཐད་ནས་ཤེས་མཁན་ཚོས་རམ་གདེགས་གནང་རོགས་ཞུ།
ད་ལྟའི་སྐབས་སུ་ང་ཚོའི་མི་རེ་ནི་ལས་འགུལ་བ་རེ་རེ་ཡིན་ལ་ལས་འགུལ་དེ་ཡང་ཆེ་ཆུང་དབྱེ་བ་མེད་པར་རང་ནུས་ཅི་ལྕོགས་ཀྱིས་འབད་རྒྱུ་དེ་གནད་ཀྱི་དོད་པོ་བསམ། ང་ཚོའི་ནི་བོད་མི་རིགས་དེ། ང་ཚོའི་སྲོག་རྩ་ནི་སྐད་ཡིག་ཡིན་ལ་སྐད་ཡིག་གི་སྲོག་རྩ་ནི་ང་ཚོ་ཡིན། ང་ཚོའི་སྐད་ཡིག་དང་ང་ཚོའི་བར་ལ་ལྟོས་གྲུབ་ཀྱི་འབྲེལ་བ་གྲུབ་པའི་རྒྱ་མཚན་གྱི་ང་ཚོ་གསོན་དགོས་ན་ང་ཚོའི་སྐད་ཡིག་ངེས་པར་དུ་གསོན་དགོས། ང་ཚོའི་སྐད་ཡིག་ངེས་པར་དུ་གསོན་དགོས་ན་ང་ཚོའི་སྐད་ཡིག་གོ་ཆོད་དམ་བེད་སྤྱོད་བྱ་སའི་ཁོར་ཡུག་ངེས་པར་དུ་སྐྲུན་དགོས་སོ།། ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཆེ་ཞུ།
ལག་འཁྱེར་ཁ་པར་གཞན་དག་ཏུ་དེ་ལྟར་བེད་སྤྱོད་བྱེད་ཐུབ་མིན་གཟིགས་རོགས་གནང་ཞེས་སྙིང་ནས་རེ་སྐུལ་ཞུ།
ཐུགས་རྗེ་ཆེ་དངོས་གནས་ལྷག་བསམ་འདི་འདྲ་དགོས་ཀྱི་རེད་་་་་་་་་་
ལམ་སྟོན་གནང་བ་ཐུགས་རྗེ་ཆེ།