ནམ་མཁའ།
ཆབ་སྲིད་ཀྱི་རི་སྒང་ཆུང་ཆུང་དེའི་རི་སྟོད་ཀྱི་ཟློས་གར་ཚོགས་པ་ནས་སྨད་གངས་སྐྱིད་བར་ཆབ་སྲིད་མི་གླེང་མཁན་ཞིག་དང་། ཆབ་སྲིད་ལ་དོན་སྣང་མི་བྱེད་མཁན་ཞིག་མེད་། དེ་ནི་གླེང་འོས་ཤིང་བསམ་ཚུལ་འདྲ་མིན་བཤད་དགོས་བ་ཞིག་ཀྱང་རེད། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རང་གི་ལུང་པ་གཞན་དབང་དུ་གྱུར་ནས་གཞི་སྡོད་སྤུན་ཟླ་རྣམས་མེ་མདའི་འོག་ན་དབུགས་གཏོང་ལེན་ཡང་བྱེད་དཀའ་བའི་གནས་སུ་ལྷུང་ཡོད་པས། གཞི་བྱེས་གཉིས་ཀྱི་སེམས་སུ་ན་ཟུག་བཟོད་མི་ཐུབ་པ་ཡོད་པའི་རྐྱེན་གྱིས་ཡིན།
རྒྱུ་མཚན་དེ་འདྲ་ཞིག་ལ་བརྟེན་ནས་ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་བྱུང་ཡོད་ལ། དེ་ནི་བྱུང་ཆོག་པ་ཞིག་ཀྱང་ཡིན་པ་མ་ཟད། ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བའི་དབང་གིས་ཆབ་སྲིད་ཚོགས་པ་ཡང་འདྲ་མིན་བཙུགས་ཆོག་ལ་འཛུགས་དགོས་བ་ཞིག་ཀྱང་རེད། དེ་ནི་ང་ཚོའི་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱིས་ཀྱང་དམངས་གཙོའི་ལམ་ཆེན་འདི་ལ་གོམ་གང་མདུན་སྤོས་བྱེད་བཞིན་ཡོད།
ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བ་གཙོ་བོ་གཉིས་སྟེ། བོད་རང་བཙན་གཙང་མ་འདོད་མཁན་གྱི་ཚོགས་པ་ཞིག་དང་དབུ་མའི་ལམ་འདོད་མཁན་གཉིས་བྱུང་ཡོད། རང་བཙན་གཙང་མའི་ལམ་ཁ་ལ་ཤར་བསྐྱོད་བྱེད་མཁན་གྱི་ཚོགས་པ་ཆེ་ཤོས་དེ་༼བོད་ཀྱི་གཞོན་ནུ་ཚོགས་པ་༽དང་༼དགུ་བཅུ་གསུམ་༽བོད་ཀྱི་ཆབ་སྲིད་བཙོན་པའི་ཚོགས་པ་དེ་གཉིས་ཡིན། ཚོགས་པ་འདི་གཉིས་ཀྱི་ཆབ་སྲིད་ཀྱི་ལྟ་གྲུབ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟ་གྲུབ་དང་མི་མཐུན་པ་ཡིན། ཡིན་ཡང་འདི་གཉིས་ཀའི་དམིགས་ཡུལ་ཡང་གཙོ་བོ་བོད་མི་ས་ཡ་དྲུག་གི་བདེ་སྡུག་རེད།
འོན་ཀྱང་ཐབས་སྐྱོ་བ་ཞིག་ལ། བོད་གཞུང་དགའ་ལྡན་ཕོ་བྲང་གི་མིང་འདིའི་འོག་ཡོད་པའི་སྐབས་དེ་ཙམ་གྱི་རྩོད་རྙོག་ཆེན་པོ་ཞིག་ཏུ་གྱུར་མེད་མོད། འོན་ཀྱང་༼བཙན་བྱོལ་བོད་མིའི་སྒྲིག་འཛུགས་༽ཞེས་བའི་ཐ་སྙད་འདིའི་འོག་ནས་བཟུང་། ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་འདི་གཉིས་བར་འགལ་ཟླའི་རྩོད་རྙོག་ཞིག་དུས་རྒྱུན་ཏུ་འབྱུང་གི་ཡོད་ལ། འདི་གཉིས་ཀྱི་རྩོད་རྙོག་དེ་མི་དམངས་དཀྱུས་མ་ཚོའི་ནང་འགལ་ཟླ་རྣོ་ངར་ཅན་ཞིག་ཏུ་གྱུར་ཏེ། རི་སྒང་ཆུང་ཆུང་དེའི་སྒང་གི་རྩོད་རྙོག་ཅན་གྱི་གླེང་གཞི་གཙོ་བོ་གྱུར་ཡོད། འདི་ལྟར་རྩོད་རྙོག་ཅན་ཞིག་ཏུ་གྱུར་དགོས་བའི་རྒྱུ་རྐྱེན་གཙོ་བོ་གཅིག་སྟེ། བོད་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་ཚོ༧གོང་ས༧མཆོག་གི་བཀའ་དགོངས་དང་འགལ་གྱི་འདུག་ཅེས་མི་དམངས་དཀྱུས་མ་ཚོ་དང་ལས་བྱེད་སྲི་ཞུ་བ་འགས་དུས་རྒྱུན་ཏུ་ཚོགས་འདུ་སོགས་ཀྱི་སྐབས་གླེང་གཞི་ཅན་ཞིག་ཏུ་བཟོས་སོང་།
འདི་འདྲའི་གནོན་ཤུགས་འོག་༼བོད་ཀྱི་གཞོན་ནུ་ཚོགས་པ༽འི་རང་བཙན་གྱི་ལྟ་གྲུབ་དེ་ཡང་ད་ལོ་ཟླ་ཤས་སྔོན་ལ། གཞོན་ནུའི་ཚོགས་ཆེན་ཚོགས་པའི་སྐབས་ཕྱོགས་ཁག་གཉིས་སུ་དགྱེས་སྟེ། འཁྱག་རོམ་ཐོག་ཏུ་གོམས་པ་སྤོས་པ་བཞིན་ཁྱ་འཁྱོར་མང་པོ་བྱས་ཏེ། ཁོ་རང་ཚོའི་ཆབ་སྲིད་ཀྱི་ལྟ་གྲུབ་དེ་ཡང་དབུ་མའི་ལམ་གྱི་ངོ་བོ་བསྒྱུར་དགོས་ཟེར་ནས་འཐོར་གྲབས་བྱས། སྟབས་ལེགས་པ་ཞིག་ལ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཡིས་ཐུགས་གུ་གཡེངས་པོའི་ཐོག་ནས་གསུངས་བཤད་ཀྱི་ནུས་པ་ལ་བརྟེན་རང་ཙན་གྱི་ལྟ་གྲུབ་དེའི་ཤར་བསྐྱོད་བྱེད་ཐུབ་ཙམ་བྱུང་།
ཁ་སང་དེ་རིང་ཆབ་སྲིད་བཙོན་པའི་ཚོགས་པ༼་དགུ་བཅུ་གསུམ༽ཡི་རྒྱུན་ལས་གསར་འདེམས་ཀྱི་ཚོགས་ཆེན་ཚོགས་སྟེ། མཐའ་མའི་གྲོས་ཆོད་རང་བཙན་གྱི་ལམ་ཁ་ནས་དབུ་མའི་ལམ་གྱི་ངོ་བོར་བསྒྱུར་འདུག་མོད། ཡིན་ཡང་དེ་ནི་ཁོ་རང་ཚོས་འགྲེལ་བཤད་ཞིག་ལ། གཞན་གྱིས་གནོན་ཤུགས་ཀྱིས་ཆབ་སྲིད་ཀྱི་ལྟ་གྲུབ་བསྒྱུར་བ་མིན་ཅེས་གསལ་བཤད་འདྲ་ཞིག་བྱས་འདུག་མོད། འོན་ཀྱང་གསལ་བཤད་བྱེད་སྟངས་ལ་གཞིགས་ན་ཁོ་རང་ཚོའི་ནང་ཁུལ་དེ་ཡང་༼བོད་ཀྱི་གཞོན་ནུ་ཚོགས་པ༽བཞིན་ཕྱོགས་གཉིས་སུ་དགྱེས་བའི་རྟགས་ཞིག་མིན་ནམ་སྙམ། དེ་ནི་ཁོ་རང་ཚོས་གསལ་བཤད་བྱས་པ་བཞིན་ཡིན་པའི་རེ་བ་ཤིན་ཏུ་ཆེ་མོད།འོན་ཀྱང་བློ་ཕམ་པ་ཞིག་ནི། རང་བཙན་གཙང་མའི་ལམ་འདི་སྐྱུར་བ་དེ་རེད། ངས་འདིར་སྤོབས་པ་ཆེན་པོས་བཤད་འདོད་པ་ཞིག་ལ། བོད་རང་བཙན་གཙང་མའི་འཐབ་རྩོད་འདི་ནི་༼ལོ་རྒྱུས་ཀྱི་བདེན་དབང་ཞིག་རེད༽ཅེས་སྐད་གསེང་མཐོན་པོས་བོད་མི་ཆ་ཚང་ལ་ཞུ་བཞིན་ཡོད།
ཕྲན་གྱིས་འདིར་བཤད་འདོད་པ་ཞིག་ནི། བོད་རང་བཙན་གཙང་མའི་འཐབ་རྩོད་བྱས་ཚེ། ༧གོང་ས༧མཆོག་གི་བཀའ་དགོངས་དང་འགལ་གྱི་ཡོད་པར་མི་འདོད། རྒྱུ་མཚན་ཞིག་ཡོད་སྟེ། སྐུའི་གཅེན་པོ་སྐུ་གཤེགས་དམ་པ༼སྟག་འཚེར༽རིན་པོ་ཆེ་ཡིས་ཀྱང་ཁོང་གི་སྐུ་ཚེ་གང་བོར་རང་བཙན་གཙང་མའི་ལམ་ཁ་ལ་འབད་པ་བྱས་ཡོད་ལ། ཁོང་གི་སྐུ་སྲས་འདས་བོ་འཇིགས་མེད་ནོར་བུ་ལགས་ཀྱིས་ཀྱང་རང་བཙན་གཙང་མའི་འཐབ་རྩོད་ཀྱི་ལམ་ནས་རང་སྲོག་ཤོར་བ་རེད།
སྐུའི་གཅན་པོ་སྟག་འཚེར་རིན་པོ་ཆེ་ཡིས། ཁོང་གི་སྤུན་མཆེད་དེ་༧གོང་ས༧མཆོག་ང་ཚོ་བོད་མི་ས་ཡ་དྲུག་གིས་ལྟ་སྟངས་བཞིན་རྒྱལ་བ་རིན་པོ་ཆེ་ཡི་འདུ་ཤེས་ཀྱིས་དད་པ་བྱེད་མིན་བཤད་དཀའ་ན་ཡང་།ཁོང་གི་སྤུན་མཆེད་ཀྱིས་བོད་མི་ས་ཡ་དྲུག་གི་སྣེ་ཁྲིད་ཀྱི་ཡོད་པས་༧གོང་ས༧མཆོག་གི་བཀའདགོངས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཞིག་ལས་ཐུགས་དགོངས་དཀྲུགས་པའི་བསམ་བློ་ཞིག་ནམ་ཡང་ཡོད་མི་སྲིད་པ་ཐག་གིས་ཆོད། ང་ཚོ་སུ་ཡིན་ན་ཡང་རང་གི་སྤུན་མཆེད་ལ་འགལ་ཟླ་ཤོར་འདོད་མེད་པ་དང་གཅིག་མཚུངས་རེད། དེས་རྐྱེན་བོད་རང་བཙན་གྱི་ལྟ་གྲུབ་བཟུང་ཚེ༧གོང་ས༧མཆོག་གི་ཐུགས་དགོངས་དཀྲུགས་ཀྱི་མེད་པའི་ར་སྤྲོད་བྱེད་ཐུབ་ཀྱི་འདུག་པ་མ་ཟད། ༧གོང་ས༧མཆོག་གི་ཐུགས་སུ་ཡང་གཅེན་པོ་སྟག་འཚེར་རིན་པོ་ཆེ་དང་ཁོང་གི་སྲས་ཚོས་ང་ལ་རྒྱབ་འགལ་བྱེད་ཀྱི་འདུག་སྙམ་པ་ཞིག་ནམ་ཡང་ཐུགས་སུ་ཤར་མྱོང་ཡོད་མི་སྲིད།
ཡིན་ཡང་བཙན་བྱོལ་སྤྱི་ཚོགས་ནང་དབུ་མའི་ལམ་དང་རང་བཙན་གཉིས་ཀྱི་བར་རྩོད་རྙོག་ཅན་གྱི་འགལ་ཟླ་འདི་ཅི་ལྟར་རྒྱུན་མ་ཆད་པར་བྱུང་བ་རེད།དྲི་བ་འདི་ནི་ལོ་གཉིས་ཀྱི་རིང་རྒྱུན་ཏུ་འཁོར་གྱི་འདུག འདིའི་ཕྱོགས་སུ་དགག་ཕྱོགས་ནས་བསམ་བློ་བཏང་ཚེ། བོད་མིའི་སྒྲིགས་འཛུགས་ཀྱི་བཀའ་སྤྱིའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ།སྐབས་རེ་མི་དམངས་ནང་གླེང་སློང་མང་པོ་བྱུང་བའི་སྐབས་སྲི་ཞུ་ལས་སྣེ་པ་ཚོས་ལམ་སེང་༧གོང་ས༧མཆོག་ལ་མཚན་དམོད་ཞུ་གི་འདུག་ཅེས་མི་དམངས་ནང་བསྒྲགས་སྟེ། གླེང་སློང་དེ་འཇགས་ཐབས་བྱེད་ཀྱི་འདུག་སྙམ། མི་ཡི་རྣམ་རྟོག་ལ་མཐའ་མེད་པས་བསམ་ཚུལ་འདྲ་མིན་ཡོང་སྲིད་པ་ཞིག་རེད། མ་ཟད་ང་ཚོའི་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་འདི་དམངས་གཙོའི་ལམ་དུ་བསྐྱོད་བཞིན་ཡོད་ཅེས། དུས་རྒྱུན་ཏུ་སེང་གེ་བཀའ་ཤག་དང་སྤེན་པ་གྲོས་ཚོགས་ཀྱིས་མ་ཎི་བཞིན་འདོན་བཞིན་ཡོད།
བཀའ་སྤྱིས་༧གོང་ས༧མཆོག་གི་མཚན་རྙོག་དྲ་ཡོད་ཚད་ལ་དྲུད་ནས་འོང་དུས། མི་དམངས་དཀྱུས་མ་ཕྲན་ལྟ་བུ་ཚོ་ཆབ་སྲིད་ཀྱི་སློབ་སྦྱོང་མེད་སྟབས། གཞུང་གིས་གང་བཤད་པ་ལ་ཡིད་ཆེས་བློས་འགེལ་གྱིས་རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་འབྲངས་སྟེ། ཚོགས་པ་ཁག་ལ་གནོན་ཤུགས་དངོས་ཤུགས་གཉིས་ཀྱིས་སྤྲད་དེ། ༼བོད་རང་བཙན་གྱི་ལྟ་གྲུབ་ཚོགས་པ་གཞོན་ནུ་དང་དགུ་བཅུ་གསུམ་༽ལྟ་བུ་དང་མི་སྒེར་བ་མཁས་དབང་འཇམ་ནོར་ལྟ་བུ་སོགས་ལ་མཐའ་འདེད་དང་ཕུད་འདེད་བྱེད་བཞིན་ཡོད་པ་རེད།
དེ་འདྲ་དབང་གིས་༼གཞོན་ནུ་ཚོགས་པ་དང་དགུ་བཅུ་གསུམ་༽ལྟ་བུའི་རང་བཙན་འཐབ་རྩོད་པའི་ཚོགས་པ་དག་ཡང་འཁྱག་རོམ་ཐོག་གོམས་པ་རྒྱབ་པ་བཞིན་ཁྱ་འཁྱོར་གྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་པར་གྱུར་ཡོད། འདིར་བསྐྱར་དུ་བཤད་འདོད་པ་ཞིག་ནི། དབུ་མའི་ལམ་ཡིན་ཀྱང་ཆོག་ལ་རང་བཙན་གཙང་མའི་ལམ་ཡིན་ཀྱང་ཆོག འདི་གཉིས་ཀྱིས་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་འཐབ་རྩོད་བྱེད་ཀྱི་ཡོད་པ་དེ་ཤེས་གལ་ཆེ།
རྩོམ་དེ་ཀློག་བདེ་པོ་དང་གོ་བདེ་པོ་ཞིག་བྲིས་གནང་འདུག་ ཐུགས་རྗེ་ཆེ་ གཞན་དིང་སྐབས་རྩོམ་མང་པོ་ཞིག་
ཀློག་ཤེས་ཀྱང་དོན་དག་གང་ཟེར་གྱི་ཡོད་མེད་ཧ་ཅང་ཤེས་ཁག་པོ་འདུག་
བདེན་པ་འདྲ་ཞིག་བཤད་འདུག ད་ཡིན་ན་དགུ་བཅུ་གསུམ་གྱི་ཚོགས་གཞོན་ཟུར་བ་ཀླུ་མཁར་བྱམས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་གཏོང་རྒྱུ་ཡིན་ནམ། དགུ་བཅུ་གསུམ་གྱི་ཚོགས་པ་ནས་ཕྱི་ལ་ཐོན་རྒྱུ་རེད།
ཚོགས་པའི་ལང་ཕྱོགས་བརྟན་པོ་མེད་པ་ནི་ཚོགས་མི་ཚོ་སྐྱིད་ཉལ་རྒྱག་རྒྱུ་མ་གཏོགས་དཀའ་ལས་རྒྱག་མི་འདོད་པ་དེར་རགས་ལས་ཡོད། རང་བཙན་ནས་དབུ་མར་འབབ་ན་གཅིག་ནས་ཚོགས་པའི་མིང་ཡོད་པ། གཉིས་ནས་མི་དམངས་ཀྱི་མངོན་འདོད་དང་མཐུན་པ། གསུམ་པ་ལས་འགུལ་ཤུགས་ཆེར་སྤེལ་མི་དགོས་པར་འབྲེལ་མོལ་སྒུག་ནས་སྐྱིད་ཉལ་རྒྱག་རྒྱུ་ཡོད་པ། དོན་ཚན་འདི་ཚོའི་དབང་གིས་བཙོན་ཁང་གི་སྒོ་འཛུལ་མྱོང་མེད་པའི་ཆབ་སྲིད་བཙོན་པ་རྣམས་བློ་བདེ་བག་ཕེབས་ཀྱིས་བཞུགས་རྒྱུ་ཡོད་པ་དེ་རེད་དོ།
གཞོན་ནུ་དང་དགུ་བཅུ་གསུམ་བཙན་བྱོལ་མི་དམངས་བཅས་ལ་གུས་ཞབས་མེད་པ་རང་རེད། ང་རྒྱལ་ཅན་གི་རྩོམ་རེད། བཙན་བྱོལ་བ་ཟེར་ན་རྟ་འདྲོགས་པ་ལས་སླ་བ་ཞིག་མིན་ནམ་མཁའ་ཆུང་ཆུང་ལགས།
རིང་མིན་གཞོན་ནུ་ཚོགས་པ་དེ་ཡང་སྤྱི་ཚོགས་ཞབས་ཞུ་ཙམ་གྱི་ཚོགས་པ་ཞིག་ཏུ་འགྱུར་ཉེན་འདུག ཉེ་ཆར་གཞོན་ལྷན་ཚོགས་ཀྱི་ཚོགས་གཙོས་གཞོན་ནུའི་ཉིན་མོའི་གཏམ་བཤད་དང་དེ་བཞིན་མི་མང་ཇི་ཙམ་འདུ་འཛོམས་བྱུང་བ་ལ་གཅིག་གཟིགས་དང་། སྤྱིར་ནས་བཙན་བྱོལ་བ་རྣམས་ཐབས་མཁས་དང་བསྟུན་མཁས་བྱེད་དགོས་ངེས་ཀྱང་ཉེ་བའི་སྤྱི་ཚོགས་ཀྱི་ཕལ་རིམ་ལ་གཟིགས་ན་བཙན་བྱོལ་སྤྱི་ཚོགས་ནང་ཁུལ་དུའང་ཚོགས་པ་དེ་ཚོ་ཡང་བོད་མིའི་སྒྲིག་འཛུགས་ལ་ཐབས་མཁས་བསྟུན་མཁས་བྱེད་དགོས་པ་ཤིག་ཆགས་པའི་ང་ལ་སྣང་བ་བསྟེར།
རྣམ་པ་ཚོས་རང་རང་སོ་སོས་རྣམ་དཔྱོད་ཀྱི་སྤྱན་ལས་བདེན་པ་གང་ཡིན་ལེགས་པར་དཔྱད་ནས་གཟིགས་རོགས།
ངས་བསམ་ན་གཞུང་དང་ཚོགས་པ་ཡང་ན་སྒེར་བ་གང་ཡིན་ཡང་ཡུལ་དུས་གནས་སྐབས་ལ་བསྟུན་པ་དང་མཐུན་པའི་སྒོ་ནས་འདུན་ལམ་འཚོལ་བ་དང་མདུན་བསྐྱོད་བྱེད་པ་ནི་མཁས་པ་རེད་བསམ་ཡོད།
ནམ་ཡང་གཡག་སྣ་ཁུ་ཚུར་བྱེད་མི་ཉན་པ་ང་ཚོས་ལོ་རྒྱུས་ཀྱི་ཉམས་མྱོང་ལས་ར་ཕྲོད་པ་བྱེད་དགོས།
རྒྱ་ནག་པའི་དམག་ཇུས་མཁས་པ་ཚོད་ཚོད་ཀྱིས་རླུང་གི་རྒྱུ་ཕྱོགས་ལ་སྒུག་པ་དང་དེ་དང་བསྟུན་ནས་མཚོ་དམག་གི་རྒྱལ་ཁ་བླངས་པའི་གཏམ་རྒྱུད་དེ་ཁྱེད་ཚོའི་ཐུགས་ན་ཡོད་ངེས་ཡིན།
ང་ཚོ་ནམ་ཡིན་ཡང་ལིའུ་ཁེ་དང་བོའུ་སུང་བྱེད་དགོས་པ་རེད་དམ།
རྒྱ་ནག་གི་དམག་ཁྲུག་ནང་ཨ་མདོ་དང་ཁམས་པས་མི་སྲོག་མང་བོ་ཤོར་ཡོད། མེ་སྲེག་གི་དོན་རྐྱེན་ནང་ཨ་མདོ་དང་ཁམས་པའི་མི་མང་བོའི་ཚེ་སྲོག་ཤོར་ཡོད། ཕྱོགས་གཅིག་ནས་བཤད་ན་འདི་ང་ཚོའི་རྒྱལ་ཁ་རེད་ལ། ཕམ་ཁ་ཡང་རེད།
རང་བཙན་རྩོད་མཁན་འདས་པོ་དམ་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་དང་དེ་མིན་འདས་ཟིན་པ་དང་འཚོ་བཞུགས་པ་ཚང་མས་རང་བཙན་བརྩད་ན་༸རྒྱལ་པ་རིན་པོ་ཆིའི་དགོངས་གཞི་དང་འགལ་ཟླ་ཆགས་ཀྱི་འདུག ད་ཁོང་གི་ཐུགས་དགོངས་དཀྲུགས་གཞིར་འགྱུར་བའི་ལས་ཀ་འདི་བྱ་དགོས་བསམ་ནས་བྱས་པ་མི་གཅིག་ཀྱང་ཨེ་ཡོད་དམ་སྙམ། འོན་ཀྱང་རང་བཙན་བརྩད་པ་འདིའི་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་༸རྒྱལ་པ་རིན་པོ་ཆེའི་དགོངས་གཞི་དང་མི་མཐུན་པའི་ལངས་ཕྱོགས་ཤིག་བཟུང་ནས་འགྲོ་བཞིན་ཡོད་པས་ན། སྒྲིག་འཛུགས་དང་རིན་པོ་ཆེ་གཉིས་ཀྱི་དགོངས་པ་བཞེངས་ཕྱོགས་དང་མ་མཐུན་པ་བྱུང་བ་རེད། དེ་ཡང་བོད་ཀྱི་དཀའ་གནད་བསལ་བའི་ལས་དོན་ཐོག་ལ་དགོངས་པ་མི་མཐུན་པ་གཉིས་བྱུང་པ་རེད། དེས་ན་དགོངས་གཞི་དེ་གཉིས་ཁ་ཁ་ཡིན་པས་རྩ་བས་ཆ་ནས་བོད་དོན་དང་བོད་ཀྱི་འཐབ་རྩོད་ཡིན་པ་ལ། ཐབས་ལམ་དང་གཙོ་ཆེར་དགོས་འདུན་མི་འདྲ་ཆགས་པ་རེད། དེ་ནས་རང་རང་གི་དགོངས་དོན་གཞི་བཞག་གིས་འགྲེལ་བཤད་རྒྱག་སྐབས་ཀྱང་ཕན་ཚུན་ལ་ང་བདེན་ཁྱོད་རྫུན་གྱི་སྐད་ཆ་བཤད་རེས་ཤོར་བ་རེད། དེ་ནས་རིམ་གྱིས་ཕན་ཚུན་ཁ་གཏད་ལྟ་བུར་ཆགས་ཏེ་སྐབས་ལ་ལར་ཚིག་ངན་ཡང་རེ་ཟུང་ཤོར་གི་ཡོད་པ་རེད།
སྐུའི་གཅེན་པོའི་རང་བཙན་འཐབ་རྩོད་ཀྱི་དགོངས་པ་འགྱུར་མེད་དང་། ཁོང་གི་སྲས་དང་ཚ་བོ་སོགས་ཀྱིས་ཀྱང་གཅེན་པོ་སྟག་འཚེར་ཚང་གི་དགོངས་པ་ཇི་བཞིན་མུ་མཐུད་ནས་རང་བཙན་འཐབ་རྩོད་གནང་གི་ཡིན་ཞེས་ཁ་སྔོན་ཨ་རིར་སྲས་འདས་པོ་འཇིགས་མེད་ལགས་ཀྱི་ནུ་ཡིས་ཀྱང་གཏམ་བཤད་སྤེལ་གནང་སོང་།
༸རྒྱལ་པ་རིན་པོ་ཆེས་ཀྱང་ཆབ་སྲིད་ལྟ་བ་མི་མཐུན་པའི་ཚོགས་པ་དེ་ཚོ་དགོས་ལུགས་བཀའ་སློབ་འགའ་རེ་་ཡོད་མོད། སུ་ཞིག་གིས་ཇུས་འགོད་དང་ཁ་དབང་ཡིན་ན། གང་ལྟར་རང་བཙན་འདོད་པའི་ཚོགས་པ་སྒར་པ་དེ་ཚོ་ག་ལེར་མེད་པ་ཆགས་ཉེན་འདུག
གཞུང་དམངས་ཚོགས་སྒར་ཚང་མ་དགོངས་པ་གཅིག་མཐུན་ཡིན་ལས་འགུལ་སྤེལ་བ་དང་བཀོད་ཁྱབ་གཏོང་བར་སྟབས་བདེ་ཡིན་ནའང་མཚམས་རེར་སྒྲིག་འཛུགས་གང་དེ་ཡར་རྒྱས་ཚགས་ཚུད་ཡོང་བར་ཚོགས་སྒེར་དེ་ཚོ་དགོས་ངོས་ཡིན་ཞིང་། སྐབས་རེར་གཞུང་གིས་མི་ནུས་པ་དང་བྱེད་བདེ་མེད་པའི་ལས་འགུལ་རིགས་ཚོགས་སྒེར་དེ་ཚོས་བྱས་ཆོག་པའི་ཆབ་སྲིད་ལམ་ཁ་ཧ་ཅང་མང་པོ་འདུག་སྙམ།
གང་ལྟར་དགུ་བཅུ་གསུམ་དང་གཞོན་ནུ་སོགས་སྔར་གྱི་ལྟ་བ་ལངས་ཕྱོགས་ནས་སྐབས་བབ་རང་ནུས་ཅི་ལྕོགས་ཀྱིས་ལས་འགུལ་སྤེལ་ནས་བསྡད་པ་བཟང་སྙམ།
ཉེ་སྔོན་དགུ་ཅུ་གསུམ་ཚོགས་པའི་ལངས་ཕྱོགས་ལོག་པ་དང་ཁ་སང་གཞོན་ནུའི་ཚོགས་ཐོག་ན་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཡ་མ་ཟུང་ཅིག་གི་འོག་ན་ཅིག་ཅིག་ལ་དགོངས་དག་དང་ཉིག་ཉིག་ཅིག་ཕྱིར་འཐེན་ཟེར་བའི་སྐད་ཆ་གོ་བས་རྣ་ལ་གཟེར་ཤ་ལངས་ཤིང་ཡིད་ལ་སྨུག་པ་འཐིབས་བྱུང་། བོད་རང་བཙན་རྩོད་པ་ནི་༧གོང་ས་མཆོག་དང་བོད་གཞུང་ལ་རྒོལ་བ་ཞིག་མིན་པའི་བདེན་དཔང་༧མགོན་པོ་གང་ཉིད་ཀྱིས་ཡང་ནས་ཡང་དུ་གསུངས་པས་སོ། གང་ལྟར་མདོར་བསྡུས་ཏེ་བཤད་ན་འཕྲལ་གྱི་དཀའ་ངལ་ལམ་སྤྱི་ཚོགས་ཁྲོད་ཀྱི་བཤད་ཡམས་ཙམ་ལ་གདོང་ལེན་བྱེད་མི་ཐུབ་ན་༼རང་བཙན་༽ནི་ནམ་མཁའི་སྐར་མ་ལེན་པ་དང་ཅིས་མི་མཚུངས། བྱེད་སྟངས་འདིས་རྡ་སའི་ཆབ་སྲིད་པ་ཚོ་སྐབས་འཚོལ་རང་ལུགས་པ་འབའ་ཞིག་ཡིན་པའི་རང་སྟོན་བྱེད་པ་རེད།
ད་གང་མགྱོགས་ཀྱིས་གཞོན་ནུ་ལྷན་ཚོགས་ཡང་རང་བཙན་ནས་ཐང་ལ་དགུ་བཅུ་གསུམ་བཞིན་འགྱེལ་ངེས་རེད།ཁ་སང་གི་གཏམ་བཤད་ཡ་མ་ཟུང་རྐྱང་བཤད་ནས་འགྲོ་སོང་།
ལང་ཕྱོགས་མི་བརྟན་པས་ཆབ་སྲིད་ཕམ་ཉེས་ཡོང་བའི་སྔ་ལྟས་རེད
ཡུལ་གྱར་བོད་མི་དཔོན་རིགས་རྣམ་ཀྱི་དང་པོ་རང་བཙན་དེ་ནས་ཚད་མཐོའི་རང་སྐྱོང་དེ་རྗེས་དབུ་མའི་ལམ་དེ་ནས་རྒྱ་མི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་དམའ་དུ་དམའ་དུ་རེད
རྡ་སའི་རྐུབ་ཐུང་ཁྲོམ་གྱི་མོ་ལྷ་ཚོགས་པའི་ཁ་སྡིག་འདི་བཙན་པོ་རེད་ལ། བོད་ཀྱི་གཞོན་ནུ་ཚོགས་པ་སྐད་གྲགས་ཅན་པོ་དེ་ད་ལོ་ཁྲི་ཐོག་ནས་ཐང་ལ་གཡུག་ལ་ཁད་བྱས་སོང་།
དགུ་བཅུ་གསུམ་ཆབ་སྲིད་བཙོན་པ་ཚོགས་པ་ཐང་ལ་གཡུག་ནས་ད་རུང་ལངས་མ་ཐུབ་པར་ལུས་འདུག་ཧཧཧཧཧ བོད་ནང་གི་དཔའ་བོ་དཔའ་མོ་ཚོའི་བཀའ་དྲིན་ལ་ད་རུང་ཡར་ལངས་ཐུབ་པའི་རེ་བ་ཡོད།
འུར་བཤ་མ་མང་དྲ་འབུ་ཚོ། ཆབ་སྲིད་ཀྱི་ཚོགས་སྡེ་སུ་ཡིན་ཡང་ལངས་ཕྱོགས་ལ་འགྱུར་བ་འགྲོ་ཆོག་གི་རེད། དར་ལ་ཧང་སང་ཡ་ག་རེ་འདུག
འུར་བཤད་་་་དེ་ལ།
ཡང་ལུང་རྟོགས་ཀླད་པ་རྡོ་འདི་སླེབས་འདུག ད་ཡིན་ན་ཁྱོད་སོང་ནས་དགུ་བཅུ་གསུམ་གྱི་ལས་ཁུང་ཐོག་ལ་སྐར་ལྔའི་དར་དམར་སྒྲེངས་ཞོགས། ད་རྒྱ་གཞུང་གིས་གཞོན་ནུ་དང་དགུ་བཅུ་གསུམ་གཉིས་ཀྱི་རང་བཙན་དོར་ན་བོད་རྒྱ་གྲོས་མོལ་སང་ཉིན་བྱེད་ཀྱི་ཡིན་ཟེར་གི་འདུག་གམ།
བྱེས་འབྱོར་བོད་མིའི་ཚོགས་སྤྱི་ཡོངས་ཀྱི་ལྟ་བ་དང་ལོང་ཕྱོགས་ཚང་མ་དབུ་ལམ་ལ་སྒྱུར་བ་ཡིན་ན་རྒྱ་དམར་གྱིས་ད་ལྟ་ཉིད་དུ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་འཁོར་དང་བཅས་པ་རྒྱ་ལ་གདེན་འདྲེན་ཞུ་རྒྱུ་ཡིན་པས་ལྷ་བླའི་ལུང་གིས་ཟིན་པ་རེད། ཧཧཧཧཧཧཧ། བོད་མིའི་ཆབ་སྲིད་སྒང་ཁའི་དར་ལྕོག་འདྲ།། རྒྱ་མིའི་ཆབ་སྲིད་རི་རབ་ལྷུན་པོ་འདྲ།། བལྟས་ཀྱིན་བལྟས་ཀྱིས་ལྟད་མོ་མཐོང་ཡོང་གིན།། བསམ་གྱིན་བསམ་གྱིས་སེམས་པ་སྐྱོ་ཡོང་གིན།།