—ཤར་ཕྱོགས་ཁུག་རྟ།
༄༅། ། ཕྱི་སྲིད་མགྲིན་ཚབ་པ་ཝང་ཡིས་ལགས་ལ།
ད་ལྟ་རང་བོད་ཀྱི་དུས་བབ་གསར་ཁང་གི་དྲྭ་རྒྱའི་ནང་། ༼ཁ་སང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་(Wang Yi) ཡིས་སོག་ཡུལ་གྱི་ཕྱི་སྲིད་བློན་ཆེན་མུན་ཀ་ཨོར་གྷེལ་ (Tsend Munkh-Orgil) ལགས་སུ་ཁ་པར་བཏང་སྟེ། ཏཱ་ལའི་བླ་མ་གསང་བའི་སྒོ་ནས་སོག་ཡུལ་དུ་ཕེབས་བཅུག་པ་དེས་སོག་ཡུལ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་ལ་ལྡོག་ཕྱོགས་ཀྱི་ཤན་ཤུགས་ཐེབས་ཡོད་སྟབས། སོག་ཡུལ་ཕྱོགས་ནས་གནད་དོན་དེར་ངེས་ཤེས་བྱེད་པའི་རེ་བ་ཡོད་ལ། སོག་ཡུལ་གྱིས་དེ་སྔར་ཁས་ལེན་ཁག་ཐག་བྱས་པ་གཞིར་བཟུང་གིས། མ་འོངས་པར་ཏཱ་ལའི་བླ་མ་ཡང་བསྐྱར་སོག་ཡུལ་དུ་ཕེབས་བསུ་མི་བྱེད་པའི་རེ་བ་ཡོད་ཅེས་བརྗོད་འདུག
སོག་ཡུལ་གྱི་ཕྱི་སྲིད་བློན་ཆེན་མུན་ཀ་ཨོར་གྷེལ་གྱིས་ཝང་ཡེ་ལ་བཤད་རྒྱུར། སོག་ཡུལ་ནས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་ལ། མུ་མཐུད་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་བོད་ཀྱི་གནད་དོན་དེ་རྒྱ་ནག་ནང་སྲིད་ཀྱི་དོན་དག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་བཤད་འདུག 1༽ཅེས་པའི་གནས་ཚུལ་སྤེལ་འདུག
ཉེ་ཆར་༧གོང་ས་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ་དེ། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་སོག་ཡུལ་གཞུང་མང་གི་བློ་སྟོབས་ལ་བསྟོད་བསྔགས་གནང་བའི་གནས་ཚུལ་ཞིག་ཏུ་གྱུར་བ་མ་ཟད། སྟོབས་ཆེན་རྒྱལ་ཁབ་ཁག་ཅིག་ལ་སོག་པོའི་བློ་སྟོབས་ལ་མིག་དཔེ་ལྟ་དགོས་པའི་སེམས་ཚོར་བྱུང་དང་འབྱུང་མུས་ཡིན་པས། རྒྱ་ནག་གཞུང་གི་ཕྱི་སྲིད་མགྲིན་ཚབ་པ་སྐུ་ཞབས་ཝང་ཡིས་ལགས་ནས་རྒྱ་ནག་གཞུང་གི་དེ་བསྟུན་གྱི་ན་ཟུག་གསང་ཉར་མ་ཐུབ་པར་ཆུ་ཕྲན་ཀུ་ཅོ་འདོན་པའི་ལས་ལ་ཞུགས་འདུག
སྐུ་ཞབས་ཝང་ཡིས་ལགས་ཀྱིས་སོག་པོའི་ཕྱི་སྲིད་བློན་ཆེན་ལ་ཞལ་པར་གནང་སྟེ། ཏཱ་ལའི་བླ་མ་གསང་བའི་སྒོ་ནས་སོག་ཡུལ་དུ་གདན་ཞུ་བྱས་པ་འགྲིག་མེད་ཚུལ་དང་། དེ་བཞིན་སོག་གཞུང་གིས་དེ་སྔའི་ཁས་ལེན་ཁག་གི་ཚིག་ཐོག་ཏུ་འདུག་དགོས་སྐོར་གསུངས་པ་རེད། ང་ཚོས་སྐུ་ཞབས་ཝང་ཡིས་ལགས་ནས་ཞལ་པར་བརྒྱུད་གནང་བའི་བཀའ་མོལ་ཐོས་མ་ཐག ཁོང་གིས་སོག་གཞུང་ཕྱི་སྲིད་བློན་ཆེན་ལ་མཐོང་ཆུང་དང་། བཀའ་མོལ་གང་གསུང་རྒྱུར་ཐུགས་འདང་ཞིབ་ཚགས་གནང་མེད་པ་གསལ་བོ་མཐོང་ཐུབ་པ་རེད། ༧གོང་ས་ཆེན་པོ་གསང་བའི་སྒོ་ནས་གདན་ཞུ་གནང་ཞེ་ན། སོག་གཞུང་གིས་ཕྱག་ལས་གང་གནང་རྒྱ་ནག་གཞུང་ལ་སྔོན་ཚུན་ནས་མཁྱེན་རྟོགས་ཆེད་སྙན་གསང་ཞུ་དགོས་སམ། ཡང་ན་རྒྱ་སོག་བར་སོག་གཞུང་གིས་རྒྱལ་དོན་ཕྱག་ལས་ཅི་གནང་ཐོག་མར་རྒྱ་ནག་གཞུང་ལ་བརྡ་ལན་འབུལ་རྒྱུའི་གྲོས་ཆོད་ཅིག་བཞག་ཡོད་པ་ཡིན་ནམ། སྐུ་ཞབས་ཝང་གི་བཀའ་མོལ་གནང་སྟངས་ལ་གཞིགས་ན་དེ་འདྲ་ཞིག་ཡོད་པ་ལྟ་བུའི་ཞལ་ཤོབ་གནང་འདུག་ཀྱང་། དོན་དངོས་དེ་འདྲ་ཞིག་མེད་པ་ཀུན་ལ་གསལ་བོ་མིན་ནམ།
ཡང་ན། གསང་བའི་སྒོ་ནས་༧གོང་ས་མཆོག་གདན་འདྲེན་ཞུས་སོང་ཞེས་ཕྱི་སྲིད་བློན་ཆེན་ལ་གསུངས་ཏེ། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཚིག་དེ་ཁྱབ་འདོད་གནང་ཡོད་ན། དེ་ཡང་སྐད་ཆ་རྫོགས་པའི་སྐད་ཆ་ཞིག་དང་། ཐབས་ཤེས་ཟད་པའི་ཐབས་ཤེས་ཤིག་ཅི་ལ་མིན་ནམ། ཅི་ལྟར་ཞེ་ན། ༧གོང་ས་ཆེན་པོ་སོག་ཡུལ་དུ་ཁྲིམས་མཐུན་ཆིབས་བསྒྱུར་གནང་བ་སྟེ། སོག་གཞུང་གི་འབྲེལ་ཡོད་སྡེ་ཚན་ནས་ཁྲིམས་མཐུན་གདན་ཞུ་ཕུལ་བ་གཞིར་བཟུང་། ༧གོང་ས་ཆེན་པོས་གདན་ཞུ་ངོས་བཞེས་ཀྱིས་སོག་ཡུལ་དུ་ཕེབས་རྒྱུའི་ཞལ་བཞེས་གནང་། དེར་སོག་གཞུང་གིས་རང་གི་རྒྱལ་ཁྲིམས་ལྟར་ཐོངས་མཆན་ཕུལ་ཏེ། ཡོངས་གྲགས་ཐོག ཁ་བ་ལྷབ་ལྷབ་འབབ་པའི་གྲང་ངར་ཆེ་བའི་ཉིན་མོ་དེར༼༢༠༡༦། ༡༡། ༡༨།༽། སོག་གཞུང་གི་ཚད་མཐོའི་སྐུ་སྲུང་དམག་གི་མཐུན་འགྱུར་དང་སོག་རིགས་སེར་སྐྱ་མི་མང་གི་འགྱུར་བ་མེད་པའི་དགའ་དད་སྤྲོ་གསུམ་གྱི་ཕེབས་བསུའི་ཁྲོད་གཟི་བརྗིད་ལྡན་པའི་ངང་ཆིབས་བསྒྱུར་གནང་ཡོད་པས། སྐུ་ཞབས་ཝང་གིས་གསང་བའི་ངང་གདན་ཞུ་གནང་སོང་གསུངས་པ་ནི་གཅིག་བྱས་ན་རྒྱུ་ཆང་རག་ལ་བརྟེན་ནས་བྱུང་བའི་བཀའ་མོལ་ཞིག་མིན་འགྲོ
བསམ་བློ་གཏོང་ཤེས་པ་དང་། རྒྱ་ནག་ཕྱི་ནང་གི་གནས་ཚུལ་གོ་ཐུབ་པའི་མི་ཞིག་ལ་མཚོན་ན། རྒྱ་ནག་གཞུང་གིས་སོག་གཞུང་སོགས་རྒྱལ་སྤྱིའི་སྲིད་གཞུང་མང་པོར་ཚོང་གི་རྣམ་པར་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་དུ་འཇུག་པ་དང་། བོད་དོན་རྒྱ་ནག་གི་ནང་སྲིད་ཅིག་ཡིན་པ་སྒྲོག་ཏུ་བཅུགས་པ་དེས། རྒྱ་ནག་གཞུང་གིས་རང་ནོངས་འགེབས་མ་ཐུབ་པ། རྫུན་བཅོས་ཀྱིས་ཁུངས་འཁྱོལ་གྱི་མེད་པ། དོན་དངོས་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་སྒྲུབ་བྱེད་ཚད་ལྡན་མེད་པའི་རང་གཟུགས་ངོ་མ་རྟོགས་ཐུབ་པ་མ་ཟད། ༧གོང་ས་ཐམས་ཅད་མཁྱེན་པའི་རླབས་ཆེན་མཁས་མཛངས་ལ་གླགས་མ་འཁེལ་བའི་རྟགས་མཚན་གསལ་བོར་བསྟན་པའང་མཁྱེན་ཐུབ།
སྐུ་ཞབས་ཝང་ཡིས་ལགས་ཀྱིས་ཐུགས་བསམ་བཞེས་ཡོད་ན། དེ་བཞིན་རྒྱ་ནག་གཞུང་གི་གཡོན་ཐལ་ཆེ་བའི་དཔོན་རིགས་ཁག་ཅིག་གིས་དགོངས་བཞེས་གནང་ཡོད་ན། བོད་རྒྱ་ནག་གི་ཆ་ཤས་དང་། བོད་དོན་ནང་སྲིད་ཅིག་ཡིན་པ་བོད་རྒྱ་གཉིས་གང་ལའང་མི་གཏོགས་པའི་སྲིད་གཞུང་ཞིག་གམ། གང་ཟག་ཅིག་གིས་བསྒྲགས་པ་ཙམ་གྱིས་དེ་ལྟར་དུ་ག་ནས་འགྱུར་རམ། ༧གོང་ས་ཐམས་ཅད་མཁྱེན་པས་གཞན་ཡུལ་ནས་ས་དང་གནམ་ལས་ངོ་མི་མཁྱེན་པའི་དུས་སྐབས་ནས། དེང་སང་འཛམ་གླིང་གི་སྲིད་གཞུང་དང་མི་མང་གྲངས་ལས་འདས་པའི་སེམས་ཀྱི་སློབ་སྟོན་པ་དང་། ཞི་བདེའི་དབུ་ཁྲིད། སྲིད་གཞུང་དང་གང་ཟག་སྒེར་གྱི་མདུན་ལམ་ལམ་སྟོན་ཞུ་ཡུལ་དུ་གྱུར་བའི་བར་གྱི་མི་ལོ་དྲུག་ཅུ་ལྷག་གི་བརྒྱུད་རིམ་ཧྲིལ་བོར། རྒྱ་ནག་གཞུང་ལ་བོད་ཀྱི་བདེན་དོན་རང་གི་མཁས་མཛངས་ཀྱིས་གསལ་བཤད་གནང་སྟེ། བོད་ཀྱི་གནད་དོན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གི་བརྗོད་གཞི་ཞིག་དང་། ཀུན་གྱི་ཐུགས་འཁུར་བྱ་ཡུལ་ཞིག་ཆགས་པ་ལས། རྒྱ་ནག་གཞུང་དང་ཁ་གཏད་སྲིད་གཞུང་ཁག་ལ་ལག་སྦྲེལ་གྱིས་འུ་ཐུག་ཆབ་སྲིད་ཀྱི་བགྱི་བར་ཞུགས་ཏེ་བོད་དོན་རྒྱལ་སྤྱི་ཅན་དུ་བསྒྱུར་བ་གཏན་ནས་མ་རེད། དེའི་ཆ་ནས་བོད་དོན་རྒྱ་ནག་གི་ནང་སྲིད་ཅིག་རེད་ཅེས་སོག་གཞུང་གི་ཕྱི་སྲིད་བློན་ཆེན་སོགས་ལ་ག་ཚོད་བཤད་བཅུགས་རུང་། དེ་ནི་ནམ་རིང་སྒྲུང་གིས་མི་འཁྱོལ་བའི་ཐབས་ཤེས་ཤིག་ཡིན་པ་ཐང་གི་གྲོག་མས་ཀྱང་ཤེས་ཐུབ་པ་མ་ཟད། ཅི་ཙམ་བོད་རྒྱ་ནག་གི་ཆ་ཤས་དང་། བོད་དོན་རྒྱ་ནག་གི་ནང་སྲིད་ཅེས་པའི་ནེ་ཙོའི་མ་ཎི་མཚམས་མ་བཞག་པ་དེ་སྲིད་དུ། རྒྱ་ནག་གི་གཡོན་ཐལ་ཆེ་བའི་དཔོན་ངན་རིམ་བྱུང་དེ་དག་གིས་༧གོང་ས་ཏཱ་ལའི་བླ་མ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་ཁོ་ནའི་རྣམ་དཔྱོད་ཀྱི་ཟུར་ཙམ་ལའང་འགྲན་གྱི་མེད་པ་ར་སྤྲོད་གསལ་བོ་བྱས་པ་མཚོན་ཐུབ།
རྒྱ་ནག་གཞུང་གིས་དེ་སྔར་བོད་ཀྱི་ལས་དོན་ཆེད་མངགས་པའི་ནུབ་བྱང་ཤོག་ཁའི་དཔོན་རིགས་དེ་དག་གི་བྱུས་ཉེས་ཀྱིས། དེང་སང་ཡང་བོད་ཀྱི་དོན་དངོས་སྒྲིབ་སྟེ། ༧གོང་ས་ཆེན་པོའི་མཛད་འཕྲིན་ལ་ལོག་འགྲེལ། འཇིག་རྟེན་འདིའི་སྟེང་ཁྱད་འཕགས་མི་སྣ་སུས་ཀྱང་གནང་མི་ཐུབ་པའི་༧གོང་ས་ཆེན་པོའི་རླབས་ཆེན་ཐུགས་འདུན་མང་པོ་ཞིག་རྒྱ་བོད་ཕྱོགས་གཉིས་ཀྱི་མི་མང་དང་། མ་འོངས་མི་རབས་གསར་པའི་ཁྲོད་འཕྲོ་རྒྱུར་ཕུ་ཚུགས་དོགས་པོའི་གེགས་རྐྱེན་འཕྲད་བཞིན་པའང་། སྐུ་ཞབས་ཝང་ཡིས་ལགས་ཀྱི་ཞལ་ནས་ཐོན་པའི་ཉི་མ་ཕུད་ཐབས་ཀྱི་ཐབས་ཤེས་མཚོན་པའི་བསམ་ཚུལ་འདི་དག་ལ་ཐུག་ཡོད་པ་གསལ་བོ་རེད།
དོན་དངོས་ཅི་ཙམ་སྨྲས་ཀྱང་མི་གོ་བ། གོ་ཡང་རྣ་རྒྱབ་ཀྱི་ལྷགས་པར་བཏང་སྟེ། སྲིད་དོན་གྱི་དགོས་དབང་ཁོ་ནའི་ཆེད་དུ་ཡིན་པའི་’’བོད་རྒྱ་ནག་གི་ཆ་ཤས་དང་བོད་དོན་རྒྱ་ནག་གི་ནང་སྲིད་’’ཅེས་པའི་སྒྲུབ་བྱེད་ཀྱང་གད་མོ་ཤོར་བ་ཞིག་ཅི་ལ་མིན། ཅི་ལྟར་ཞེ་ན། རླབས་ཆེན་གྱི་གུང་ཁྲན་ཏང་ཡོན་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་ཀྲུང་གུང་གིས་བོད་ཡོན་ནས་རྒྱ་ནག་གི་ཆ་ཤས་ཡིན་པར་རྫུན་བཅོས་ཅི་ལྟར་བྱས་པའི་སྐོར་གསུངས་དོན། ༼ ༡༩༨༠ པའི་ལོ་རབས་ཀྱི་མགོར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཚན་པ་གཉིས་པའི་འགན་འཛིན་ཞུའེ་ཅན་ཧྭ་ཡིས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དང་རྒྱལ་ཁབ་མི་རིགས་མི་རིགས་དོན་གཅོད་ཨུན་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་དབྱང་ཅིང་རེན་དང་། པུའུ་ཀྲང་དང་ཀྲུའུ་རིན་གཞོན་པ་གཅིག་ལྕོགས་ལིའུ་ཁྲུན་དང་ཅང་ཕིང་ལ་སོགས་པའི་འབྲེལ་ཡོད་འགན་ཁུར་པའི་ཚབ་ཞུས་ནས། བོད་ལྗོངས་ཀྱི་ཁོངས་གཏོགས་གནད་དོན་ཞིབ་འཇུག་ཐད་ཀྱི་བསམ་འཆར་སྐོར་ཆེད་དམིགས་ཡོང་ནས་ང་ལ་དངོས་སུ་བརྡ་བཏང་དོན། ད་ནས་བཟུང་རྒྱ་བོད་འབྲེལ་བའི་ཐད་ང་ཚོས་ཡོན་རྒྱལ་རབས་ནས་བཟུང་བོད་ལྗོངས་ཀྲུང་གོར་གཏོགས་པ་ཡིན་ཞེས་རྗོད་སྟངས་གཏན་ལ་ཕབ་པ་ཡིན། གོ་སྐབས་བྱུང་དུས་ཁྱོད་ཀྱིས་ཀྱང་དེ་སྐད་བརྗོད་འོས་ཟེར། དེ་ལ་ངས་མི་རིགས་ཁོངས་གཏོགས་ཀྱི་གནད་དོན་འདི་འདྲའི་གལ་ཆེན་ཞིག འདི་ལྟར་ལས་སླ་མོའི་ངང་ནས་ཅི་འདོད་དུ་རྗོད་སྟངས་གཏན་པ་ཕབ་པ་ནི་གནད་དོན་ཡོད་པ་ཞིག་རེད། ཅེས་ལན་དུ་སྨྲས། འོ་ན་དོན་དམ་པར་གནད་དོན་གང་ཡོད་དམ། གནད་དོན་གྱི་རྩ་བ་ནི་གོང་དུ་སྨྲས་པ་ལྟར་ཡིན་ལ་སྐུ་ཞབས་ལུའུ་ཞུན་གྱིས་ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་དེབ་ཐེར་གསུམ་ལ་ཞིབ་འཇུག་གནང་རྗེས་ཀྱི་འབྲེལ་ཡོད་ཆོད་གཏམ་ཡང་དེའི་ཚུད་པ་ཡིན། གོང་དུ་ལོ་རྒྱུས་ཀྱི་དཔྱད་གཞི་ཡིག་རིགས་འདང་ངེས་ལ་བརྟེན་ནས་བོད་ལྗོངས་ཀྱི་ཁོངས་གཏོགས་གནད་དོན་ཞེས་སུ་བརྗོད་པ་དེའི་གནས་ཚུལ་ངོ་མ་ག་འདྲ་ཡིན་པ་གསལ་བཤད་དང་བདེན་དཔང་བྱས་ཡོད། འོན་ཀྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་ཀྱིས་སྐབས་ཐོག་གི་ཆབ་སྲིད་དགོས་མཁོའི་ཆེད་དུ་རང་སྣང་རང་འདོད་དང་སླ་བཅོས་འཕྲལ་སེལ་གྱི་སྒོ་ནས་འདི་ལྟར་གཏན་ལ་ཕབ་པ་ནི་གནད་དོན་ཆེན་པོ་ལྡན་པ་བརྗོད་མེད་མངོན་གསལ་རེད། 2༽ཅེས་གསུངས་ཡོད།
ཆེས་བཀུར་བར་འོས་པའི་སྐུ་གཤེགས་དམ་པ་ཕུན་དབང་ལགས་ཀྱིས་སོག་པོ་དང་བོད། རྒྱ་ནག་བཅས་ཀྱི་རྒྱལ་རབས་རིམ་བྱུང་གི་འབྲེལ་བར་དཔྱད་ཡིག་ཚད་ལྡན་གྱིས་དཔྱད་པ་གནང་བའི་མཐའ་སྡོམ་དེ་གོང་བཀོད་ལྟར་གསུངས་ཡོད་ལ། ཁོང་གིས་ཆེས་གོ་བདེ་བའི་ལམ་ནས། རྒྱ་རིགས་མཁས་དབང་སྐུ་ཞབས་ཧོང་ཧྥིན་ཧྲེང་གིས་༼ སོག་བོད་ཟླ་རེའི་དུས་དེབ༽་དང་། ༼ ཁམས་བོད་མདུན་རུ། ༽དུས་དེབ་གཉིས་སུ་བྲིས་པའི་རྩོམ་ཡིག་ལུང་འདྲེན་བྱས་ཡོད་ཅིང་། སྐུ་ཞབས་ཧོང་གི་སྡོམ་ཚིག་སྟེ། ‘’དེ་བས་སྐབས་དེའི་ལོ་རྒྱུས་སྣང་ཚུལ་ལ་གཞིགས་ནས་བཤད་ན། ཡོན་རྒྱལ་རབས་ཀྱི་ཀྲུང་གོས་བོད་ལྗོངས་ལ་བདག་དབང་བཟུང་ནས་ཚོད་འཛིན་བྱས་པ་རེད་ཅེས་བརྗོད་པ་ལས། སོག་པོ་དང་བོད་ལྗོངས་ལག་འབྲེལ་གྱིས་ཀྲུང་གོར་༼རྒྱ་ནག༽་དབང་བསྒྱུར་བ་རེད་ཅེས་བརྗོད་ན་འོས།’’3ཞེས་ཁ་ཚོན་བཅད་ནས་བྲིས་ཡོད་པ་རེད།
དེས་ན། རྒྱ་ནག་གཞུང་གི་ཕྱི་སྲིད་མགྲིན་ཚབ་པ་སྐུ་ཞབས་ཝང་ཡིས་སོགས་ཀྱིས་དཔལ་འབྱོར་གྱི་དཔའ་ངོམས་བཞིན། སྲིད་དོན་གྱི་སྐུ་རྩེད་གནང་སྟེ། བདེན་དོན་ནག་བསུབ་གཏོང་རྒྱུར་གད་སྙིགས་ཀྱི་རིན་ཐང་ཙམ་ཡང་འཇོག་གི་མེད་ཀྱང་། ལོ་རྒྱུས་དང་རིག་གནས་ལྡན་པའི་རྒྱ་ནག་མི་མང་གི་ཆེ་མཐོང་ལ་དགོངས་པ་བཞེས་ཏེ་སླད་མར་ཁ་རིག་ན་ཁོག་མཐོང་བའི་བཀའ་གསུངས་འདི་འདྲ་མ་ཕེབས་ན་ཡག་སྙམ།། མི་རིགས་མཐུན་འབྲེལ་ཁྲི་ལོར་ཤོག དབུ་མའི་ལམ་རྒྱལ་ལོ།།
༢༠༡༧། ༡། ༡༥། ཉིན་གུང་གངས་སྐྱིད་ནས་བྲིས།
ལུང་ཁུངས།
༡༽ བོད་ཀྱི་དུས་བབ་དྲྭ་བའི་དྲྭ་སྐུད། http://tibettimes.net/%E0%BD%94%E0%BD%BA%E0%BC%8B%E0%BD%85%E0%BD%B2%E0%BD%93%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BD%A6%E0%BC%8B%E0%BD%A6%E0%BD%BC%E0%BD%82%E0%BC%8B%E0%BD%A1%E0%BD%B4%E0%BD%A3%E0%BC%8B%E0%BD%A3%E0%BC%8B/
༢༽ དེབ།༼རང་རྒྱལ་གྱི་མི་རིགས་གནད་དོན་དང་མི་རིགས་ལས་དོན་སྐོར་གྱི་ཕྱིར་རྟོག༽ མཛད་པོ། འབའ་བ་ཕུན་དབང་། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་པར་མ། ཤོག་ངོས ༣༠༩།
༣༽ གོང་མཚུངས། ཤོག་ངོས། ༣༠༧།
རྒྱ་རོས། ༼ ཏཱ་ལའི་བླ་མ་གསང་བའི་སྒོ་ནས་སོག་ཡུལ་དུ་ཕེབས་བཅུག་པ་དེས་སོག་ཡུལ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་ལ་ལྡོག་ཕྱོགས་ཀྱི་ཤན་ཤུགས་ཐེབས་ཡོད་ ༽ཅེས་པར་འོ་ན་རྒྱ་ནག་གིས་གསང་བའི་སྒོ་ནས་བྱ་སྤྱོད་ངན་པ་སྤེལ་བ་དེ་དག་འགྲིགས་པ་རེད་པས། དེ་དག་གིས་འཛམ་གླིང་མི་མང་གི་རང་དབང་ལ་མིག་དཔེ་ངན་པ་སྟོན་ཡོད།
རྒྱལ་ཁབ་སུ་འདྲ་ཞིག་ཡིནའང་གསང་བ་ཡོད་རེད། སོག་པོའི་གཞུང་རང་ལའང་དེ་དག་གི་དབང་ཚད་ལྡན་ཡོད་རེད།
་་་་་་་་་་ སྐུ་ཞབས་ཝང་གིས་གསང་བའི་ངང་གདན་ཞུ་གནང་སོང་གསུངས་པ་ནི་གཅིག་བྱས་ན་རྒྱུ་ཆང་རག་ལ་བརྟེན་ནས་བྱུང་བའི་བཀའ་མོལ་ཞིག་མིན་འགྲོ ་་་་་་་་་་་་་
རྒྱ་གུང་ཁྲན་གྱི་བཤད་པའི་རྒད་སྙིགས་ནང་གི་གནས་ཚུལ་ཁག་
ལ་རིན་ཐང་རྩི་མཁན་དང་བལྟ་ཀློག་བྱ་མཁན་ཡིད་ཆེས་གནང་མཁན་ཨ་ཡོད་།
རྒྱ་མིའི་བཤད་པའི་རྒད་སྙིགས་ནང་གི་གནས་ཚུལ་ཁག་ང་ཚོ་བོད་མིའི་ངོས་ནས་བསྐྱར་བཤད་དང་ཡང་བཤད་མ་གནང་ན་དགའ་གི་རེད་དམ་།
བསྐྱར་བཅོས་ མ་གནང་ན་དགའ་གི་མ་རེད་དམ་།
རྒད་སྙིགས
འདི།
གད་སྙིགས
རྒྱ་ནག་གི་ སྡུག་རྩུབ་ ཚང་མ་ ཝང་ལིའི་་ ཁ་ནས་ ཐོན་ འོང་བགྱིད་ འདུག ཧ་ཧ། ཧི་ཧི།། །།
ཆོས་རའི་རྡོ་གཅལ་སྟེང་གི་རྟགས་གསལ་ལྟར་སྣང་ལྟ་བུའམ། མཁའ་ཡི་མཁའ་རླུང་ལྟ་བུ། ཆུ་ཡི་ཆུ་བུར་ལྟ་བུའི་རྩོམ་ཡིག་འདིའི་རིགས་ཀློག་འདོད་མི་འདུག དོན་ཕན་ལྡན་པའི་ལས་འགུལ་རིགས་སྤེལ་མ་ཐུབ་ན་ཆོ་ཅི་ཞིག། བོད་གཞུང་ངམ་སྒེར་ཚོགས་གང་གིས་ཀྱང། འདས་དང་ད་ལྟ་གང་དུའང་རུང་སྟེ། རྒྱལ་ཚོགས་དང་རྒྱལ་ཁབ་གང་རུང་གིས་བོད་རྒྱ་ཁོངས་སུ་བསྒྲགས་དང་སྒྲོག་བཞིན་པའི་སྐབས་ན། དེ་ལ་ངོ་རྒོལ་ལམ་མི་འདོད་པའི་རྣམ་འགྱུར་རྩ་ནས་བསྟན་མྱོང་མི་འདུག དེ་ཡིས་ཁོང་ཚོ་ལ་བྱེད་མི་བདེ་བའམ་བྱེད་དཀའ་གང་ཡང་མེད་པར་གྱུར། རྒྱ་ནག་ནི་ཆབ་སྲིད་ལ་མཁས་དྲགས་པ་དང་རང་ཅག་ནི་འཐོམས་དྲགས་པའི་བར་དབྲག་ན། རྒྱལ་ཁ་ཡོད་ཚོད་རྒྱ་ནག་གིས་ཁྱེར་དང་འཁྱེར་མུས་རེད།
ཉེ་ཆར་སྐུའི་གཅེན་པོ་རྒྱལ་དོན་མཆོག་གིས་རང་རེས་རྒྱལ་སྤྱིའི་ཚོགས་པ་ཁག་ལ་བོད་རང་བཙན་ངོས་ལེན་ཡོང་བའི་འབོད་སྐུལ་ཞུ་དགོས། ཞེས་སོགས་གསུངས་སོང་། དེ་ལྟར་ཏེ། རྒྱལ་ཁབ་གང་དང་གང་གིས་བོད་རྒྱ་ཁོངས་སུ་སྒྲོག་དང་བསྒྲག་འགྱུར་གྱི་སྐབས་སུ། དེ་ལྟར་མི་བྱེད་པའི་རེ་སྐུལ་དང་ངོ་རྒོལ་རྒྱལ་སྤྱིའི་གསར་ལམ་ཁག་ལ་ཁྱབ་ཐུབ་ཚད་ཅིག་བྱེད་རྒྱུ་གལ་ཆེ་སྟེ། ཐ་ན་ཟས་བཅད་ངོ་རྒོལ་མན་ཆད་དགོས་གཏུགས་སུ་མཐོང། གཅིག་བྱས་ན་ཁོང་ཚོ་ལའང་དེ་ལྟ་བུ་ཁག་འཇོག་ས་ཞིག་དགོས་ཀྱང་དགོས་ཀྱི་ཡོད་སྲིད། །རང་ཅག་ནི་ཁང་པ་མེ་ལ་འབར་ན་འཛུམ་དམུལ་དམུལ། །ལྷ་བཤོས་རྐུན་མས་འཁྱེར་ཡང་འཛུམ་དམུལ་ཞེས་པ་ལྟར། ཅི་སྙམ་པར་སྡོད་པའི་སྡོད་ལུགས་འདི་དང་འདི་འདྲ་རྣམས་ནི་རང་ཅག་ཕམ་ཁ་ལ་རྫོང་མཁན་དངོས་དེ་ཡིན་པར་སྣང་། །
ཆབ་སྲིད་འཁྲབ་མི་ཤེས་པ་ང་ཚོས། འདས་ལོ་བཅུ་ཕྲག་དྲུག་ལྷག་གི་བཙན་བྱོལ་གྱི་ལོ་རྒྱུས་ནང་དུ། མི་འབོར་འཕེལ་རྒྱས་ཀྱི་ལས་འགུལ་སྤེལ་མ་མྱོང་ལ། (ལོ་ཤས་གོང་ནས་སྲིད་ཇུས་མགོ་ཚུགས། འཕྱིས་སྐྱོན་ཆེ་ཡང་ད་དུང་ཡང་གལ་ཆེ) རྒྱལ་སྤྱི་སྒེར་ཁག་ལ་བོད་རྒྱ་ཁོངས་སུ་ངོས་ལེན་མི་བྱེད་པའི་སྙན་སྐུལ་ནན་མོ་དང་། བྱེད་པ་ལ་སྲོག་ལ་ཐུག་པའི་ཞི་བའི་ངོ་རྒོལ་ཡང་བྱས་མ་མྱོང་། གཅིག་བྱས་ན། རྒྱ་ནག་གིས་གདོང་འདེད་ལས་གཡོལ་ཕྱིར་ཁག་དཀྲི་ས་ཞིག་ཡོད་པར་གྱུར་བས་ན། རྒྱལ་ཁབ་དེ་དང་དེ་དག་ལ་ལས་འགུལ་དེ་འདྲ་བ་དགོས་ཀྱང་དགོས་ཀྱི་ཡོད་སྲིད། །
བཤད་མ་ཤེས་ན་བསྐྱུར་ཤོག་ཤར་ཁུག་ལ་སྙིང་རྗེ།
བལྟས་ངན་ཁོའི་ཁ་ནས་ད་རིང་གཞི་ནས་གཡང་ཞིག་ཐོན་བྱུང་། མུ་མཐུད་ནས་ཡིན་ད།
འཛམ་གླིང་གི་ས་གཞི་ཆགས་པ་ནས་མི་རིགས་ཚང་མར་རང་ས་ཡོད་ལ་རང་རྒྱལ་ཡོད་ལ་རང་མགོན་ཡོད་ལ་རང་ཁྲིམས་ཡོད་ལ་རང་བཙན་ཡོད་ལ་རང་གི་སྐད་ཡིག་དང་རིག་གཞུང་ཡོད་ལ་རང་བཙན་དང་རང་དབང་ཁ་མ་བྲལ་ནས་མཉམ་དུ་བེད་སྤྱོད་ཐུབ་པའི་རང་བཙན་རང་དབང་གི་འཁོར་ཡུག་བླ་ན་མེད་པ་ཞིག་མི་གི་སྤྱི་ཚོགས་ཚང་མར་ལྷན་སྐྱེས་སུ་ཡོད་ན་ཡང་ཡུལ་ལུང་སོ་སོའི་དཔོན་ངན་ཧམ་སེམས་དང་ཟ་སེམས་ཚོའི་ལུང་པ་གཞན་གྱི་གཟི་དཔལ་ལ་བརྔམས་ནས་རྒྱ་བསྐྱེད་རིང་ལུགས་ཀྱི་ཆབ་སྲིད་ལྟ་སྒྲུབ་ལ་འགན་འཁུར་ནས་རྒྱལ་ཁབ་ཆེ་བས་རྒྱལ་ཁབ་ཆུང་བ་མང་པོ་བཙན་འོག་ཏུ་བསྡུས་པའི་ལོ་རྒྱུས་ལ་རྫོགས་མཐའ་མེད་པ་ནས་ང་བོད་ཆོས་ལྡན་གྱི་ཞིང་ཁམས་དེ་ཡང་ཁྱིམ་ཚེས་རྒྱ་ནག་སྲིད་གཞུང་ནས་འབུ་ཆེ་བས་ཆུང་བཟོས་ལྟར་བཙན་འོག་ཏུ་བསྡུས་ནས་ད་ལྟ་བར་མི་ལོ་བཅུ་ཕྲག་དྲུག་ལ་ཉེ་ཡོད་ན་རང་བཙན་ནི་ང་ཚོའི་མཐར་ཐུག་གི་ཤི་གསོན་དེ་ཡིན་པ་དང་དབུ་ལམ་ནི་བོད་མི་རིགས་འཛམ་གླིང་གི་ས་གཞི་འདི་སྟེང་འཚོ་ཐུབ་པའི་ཆབ་སྲིད་ཀྱི་ཐབས་ལམ་བླ་ན་མེད་པ་དེ་ཡིན་པར་ངོས་འཛིན་ཞུས་ན་མ་འགྲིག་པའི་ཉེས་ཅང་ཨ་ཡོད་།
༅༅། གང་ལྟར་ཡང་་་་རྒྱ་དམར་པོ་ནི་སྐྱག་རྗུན་རིང་ལུགས་པ་རེད། ནམ་ཡང་ག་དུས་ཡིན་ཡང་རང་དོན་
ཆེད་སྐྱག་རྗུན་ཤ་སྟག་བཤད་དེ་བསྡད་ཀྱི་ཡོད་པ་་་འཛམ་གླིང་ཀུན་གྱི་ཤེས་གསལ་རེད།
མི་ལོ་ལྔ་བཅུ་ལྷག་འགྲོ་ཡང་་་རྒྱ་ནག་དམར་གཞུང་ནས་བཤད་རྒྱུ་གཅིག་རེད།
ཡིན་པ་ལ་མིན་པ། བདེན་པ་ལ་་་མི་བདེན་པ་ཤ་སྟག་བཤད། དྲང་པོ་ལ་་་མི་དྲང་པ་ཤ་སྟག་བཤད།
ཉིན་གཅིག་སོ་སོ་སྐྱེས་པའི་མ་ལ་་་ངས་མ་མ་རེད་བཤད། དངོས་འབྲེལ་ཕ་ལ་་་ཕ་མིན་བརྗོད་
དམར་པོ་ལ་ནག་པོ་ཟེར། ནག་པོ་ལ་དཀར་པོ་རེད་ཟེར་བ་ནི་རྒྱ་དམར་པོས་བྱེད་སྟངས་རེད།
དེ་རིང་ཤར་ཕྱོགས་ཁུག་རྟས། ཁ་ཕྱིར་བསྐོར་ནས་སྐད་ཆ་ཞིག་བཤད་འདུག་པས། དེ་ཡང་ཡར་རྒྱས་གྱི་རྣམས་པ་ཞིག་ལ་ངོས་འཛིན་ན་མ་འགྲིག་པ་ཅི་ཡོད། མ་གཞི་༧གོང་ས་མཆོག་འཛམ་གླིང་རྒྱལ་ཁབ་ཆེ་མ་ཆུང་གསུམ་གང་དུ་ཆིབས་བསྒྱུར་བསྐྱངས་ན་དེ་ལ་རྒྱ་རྒན་ཚོས་མི་འདོད་པའི་རྣམས་འགྱུར་སྟོན་གྱི་ཡོད་པ་ད་ལེན་གཅིག་པོར་གལ་ལ་ཡིན། ད་དུང་གཡོ་སྒྱུ་ཁྲམ་གསུམ་ལ་མཁས་པའི་རྒྱ་རྒན་ཚོས་༧གོང་ས་མཆོག་བོད་དང་རྒྱ་ནག་ལ་ཕེབས་འཇུག་རྒྱུ་ཕར་བཞག་ཕྱི་ཡི་རྒྱལ་ཁབ་ཁག་ལའང་ཕེབས་མི་མཆོག་ཟེ་དུས། ཁྱེད་ཤར་ཕྱོགས་ཁུག་རྟས་དབུ་མའི་ལམ་གྱིས་ཁ་དབྱངས་ཐེན་ནས་རྒྱ་དར་དམར་པོར་གནམ་ལ་འཕྱར་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་
ཆོས་མེད་ཀླ་ཀློ་གུང་ཁྲན་རིང་ལུགས་ཀྱི་སྐར་ལྔའི་དར་ཆ་འཕྱར་ནས་རྒྱལ་གཅེས་དཔའ་བོ་བོད་མི་ས་ཡ་ལྷག་ཙམ་གྱི་ཚེ་སྲོག་ལ་རིན་ཐང་སྤྲད་ནས་དབུ་ལམ་ངོ་སྤྲོད་གནང་མཁན་གྱི་རིགས་ལ་དུས་ནམ་ཡང་ངོས་ལེན་མེད་དོ་།
བདེན་དོན་རིན་ཆེན་མཁའ་དབྱིངས་སུ།།
སྤོབས་པས་སྒྲེང་ལ་ཆེས་དཔའ་ཞིང་།།
བདེན་པའི་སྒྲ་དབྱངས་འགོག་མེད་ཏུ།།
སྒྲོག་པའི་སྐྱེས་བུ་རྣམས་ལ་འདུད།།
ཤ་ཟད་རུས་ལ་མ་ཐུག་པར། དགྲ་བོས་བཙན་གནོན་བཏང།
སྣ་དང་ཁའི་བར་དེར། རྒྱ་ནག་པོས་སྐྱག་རྫུན་རྐྱང་རྐྱང་རེད།
ད་འོ་ན་ཅི་ཞིག་བྱ་་་་་་་་་་་་་་་དེ་ལྟར་བཞག་མཁན་ཡིན་ནམ།་་་་ཤར་ཁུག་ནང་བཞིན་དགག་ལན་རྒྱབ་ན་ལེགས་ཤོས་རེད།