རེབ་ཐོག་མདའ།
དྭངས་གསལ་ནམ་མཁའི་ངོགས་སུ་བཞད་པའི་ཉི་མའི་གདོང་གི་འཛུམ་ཆུང་དེ།།
ང་ཡིས་མདུན་ཕྱོགས་སྤང་ན་འཚར་བའི་སྔོ་མདོག་བུ་མོ་ལུས་ལ་ལྷུང་།།
ཆར་ཆུ་སྦྲུམ་པའི་སྤྲིན་པའི་ཕུང་པོ་ལྷོ་ཕྱོགས་རི་བོའི་མཐའ་དེ་ན།།
ལྗང་མདོག་གྱོན་པའི་ཁོར་ཡུག་འདི་ཡིས་ལང་ཚོ་གསར་པར་ཧད་དེ་ལུས།།
བསིལ་འཇམ་རླུང་བུའི་རེག་བྱ་འཇམ་པོས་ཐང་དཀར་རྒོད་པོ་དགོང་ལ་གཏད།།
ཅོ་ཀ་དང་ནི་འཇོལ་མོའི་ཚོགས་ཀྱིས་སྙན་པའི་གཞས་ཆུང་ངག་ལ་གྱེར།།
མུ་ཏིག་རྡོག་པོ་ཐང་ལ་གཏོར་འདྲའི་རྩི་ཤིང་རྩེ་ཡི་ཟིལ་བ་དག།
གསེར་མདོག་ཉི་མའི་འོད་སྣང་ཀློང་ན་ས་ཆེན་འདི་ཡི་རྒྱན་དུ་འཚེར།།
ཆར་ཆུས་བཀྲུས་པའི་སྟོད་ཀྱི་རི་བོའི་སྨུག་སྤྲིན་ཡོལ་བ་དལ་གྱིས་ཕྱེས།།
བརླན་ཀྱིས་ཟོས་པའི་ས་གཞིའི་ལུས་ན་རྡུལ་གྱི་ཕུང་པོ་མཁའ་ལ་འདྲེན།།
ལུང་ཆེན་མཐིལ་གྱི་གཙང་པོའི་ཁ་དོག་ག་ལེར་མེ་ལོང་ཚུལ་དུ་འཆར།།
རྐང་གཉིས་ཚོགས་རྣམས་བྲེལ་བའི་གོམ་ཁ་རང་གི་ལས་སུ་ཞུགས་ལ་བརྩོན།།
སྤང་གི་མེ་ཏོག་མཛེས་པའི་བཞིན་ལ་བུང་བའི་ཚོགས་དག་འཚང་ཁ་རྒྱག།
ཁྱི་མོ་དམར་མོས་སྐད་ཅོར་སྒྲོག་གིན་དམིགས་མེད་སྲང་ལམ་མདོ་ལ་རྒྱུག།
དྲོད་འཇམ་ཀློང་ན་མ་ཎི་བགྲང་བའི་སྐྲ་དཀར་བགྲེས་སོང་སོས་དལ་ཁྲོད།།
ཕ་གིའི་གྲུ་ན་རྩེད་མོར་གཡེང་བའི་བྱིས་པའི་རྒྱབ་ལ་ཅེར་བཞིན་གདའ།།
དབྱིན་ཇིའི་བུ་མོའི་སྟོད་ལྭའི་འོག་གི་མྱོས་བུམ་ལྡེམ་ལྡེམ་གཡོ་བས་ན།།
ཆགས་ལྡན་སྐྱེ་བོའི་མིག་ཟུང་སྣེ་མོ་དབྱིན་མོའི་སྒེག་པའི་བྲང་ལ་ལྷུང་།།
ཚོང་ལ་བྲེལ་བའི་ཡུལ་སྐོར་བ་དག་འདུ་འཛིའི་ཀློང་ན་སྤྲོ་བས་བཟི།།
ཟིང་ལོང་འཚུབ་པའི་སྲང་ལམ་དོག་མོར་ང་རང་སེམས་པ་ཨ་ཐང་ཆད།།
མི་ཚེའི་དར་རྒུད་ལྗོན་པར་བཏེགས་པའི་རླུང་རྟའི་ལུས་སེམས་བརླན་གྱིས་ཟོས།།
བ་མོ་བདག་མེད་ནགས་ཀླུང་ཟབ་སར་རང་དགར་རྩྭ་ལྗང་བཟའ་ལ་རྔམས།།
རྒྱ་ཕིབས་སེར་པོ་འོད་དུ་འཚེར་བའི་ནགས་ཚལ་སྟུག་པོའི་ཀློང་དེ་ན།།
ཆོས་དུང་དཀར་པོའི་སྙན་པའི་སྒྲ་དེ་རླུང་བུས་དེད་དེ་རྒྱང་ལ་སྤུར།།
རི་འདབས་ཁང་རྩེག་ཁ་དོག་སྣ་འཛོམས་རི་མོ་མཁན་གྱིས་བྲིས་སམ་ཅི།།
ལྗང་མདོག་གྱོན་པའི་ཁོར་ཡུག་འདི་ནི་སྟེང་ཕྱོགས་ལྷ་ཡུལ་ཡིན་ནམ་ཅི།།
མཛེས་སྡུག་བཀྲ་བའི་ས་ཆེན་བཞིན་མདོག་མ་འགྱུར་འདི་ལྟར་གནས་སམ་ཅི།།
བདག་གི་སེམས་ལ་མ་དྲིས་ལན་ཞིག་སོམ་ཉི་དང་བཅས་ལྷན་དུ་སྐྱེས།།
ཕྱི་ལོ ༢༠༡༣ ལོའི ཟླ ༧་ཚེས ༡༡ ཉིན་གྱི་དྭངས་པའི་ནམ་ཟླ་ལ་བྲིས།
འདི་དངོས་ནས་སྙན་མོ་ཞིག་བྲིས་ཡོད་ཀི། ལྷག་པར་དུ་ཁོར་ཡུག་ཞིབ་འབྲི་བྱས་པའི་བརྒྱུད་རིམ་དེ་དག
ལེགས་སོ
བྲིས་ནོ་ཡག་གི་ཡ།
གསལ་རིབ་ཀྱི་ཆ་མི་སྙོམས་པའི་ཚོར་སྣང་ཞིག་གིས་རིན་ཐང་གི་གྲངས་ཀ་ཉུང་དུ་བཏང་སོང་། དེ་ནི་ཅི།