འོས་སྦྱོར་བ། ཆོས་ཉིད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༨།༣༠ ཀྱི་སྟེང་། མེག་གྷན་དྷ་སར་ཡོད་པའི་སྟོད་པ་སྐྱིད་སྡུག་གི་ཚོགས་ཁང་དུ། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་དོན། དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་དང་རང་བཙན་རྩོད་མཁན་སུ་ཡིན་ནའང་། རྒྱ་གཞུང་གིས་བོད་ཐོག་འཛིན་བཞིན་པའི་ད་ལྟའི་སྲིད་ཇུས་དེར་འགྱུར་བ་གཏོང་དགོས་པ་དེ་ཕྱོགས་གཉིས་ཀའི་མངོན་འདོད་རེད་ཅེས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུངས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༨།༣༠ ཀྱི་སྟེང་། མེག་གྷན་དྷ་སར་ཡོད་པའི་སྟོད་པ་སྐྱིད་སྡུག་གི་ཚོགས་ཁང་དུ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་སྐབས་གསུམ་པ་དེ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་སོང་ལ། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུས། བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། གཞན་ཡང་ལས་འགུལ་ཁང་དེའི་འགན་འཛིན་གཙོ་གཞོན་གཉིས་ཀྱིས་དབུས། དབུས་རྒྱུན་དང་ས་གནས་ཁག་གི་སྐུ་ཚབ་རྣམ་པ། ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་སོགས་མཉམ་འཛོམས་ཀྱིས་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོས་སྣང་གསལ་མར་མེའི་ཞལ་འབྱེད་གྲུབ་མཚམས། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ལི་ཐང་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་གྱིས་འགན་འཛིན་གྱི་གསུང་བཤད་གནང་དོན།
“གཉིས་ཕན་དབུ་མའི་ལམ་ནི་༧གོང་ས་མཆོག་གི་དགོངས་དོན་ལྟར་སྤྱི་འཐུས་གྲོས་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་སུ་གཏན་འབེབས་གནང་སྟེ་ལོ་ངོ་གང་མང་ཞིག་སོང་ཡོད།
ཡིན་ན་ཡང་རྒྱ་ནག་གཞུང་ཕྱོགས་ནས་གོ་བརྡ་མ་འཕྲོད་པའམ་མ་གོ་པ་ལྟ་བུའི་རྣམ་འགྱུར་ཁོ་ནའི་འོག དབུ་མའི་ལམ་གྱི་དགོངས་དོན་ལ་འཁྱོག་བཤད་བྱས་པ་དང་། ༧གོང་ས་མཆོག་སྐུ་རྐྱང་གི་དགོངས་པ་ཡིན་པ་སོགས་མང་དག་ཅིག་བཤད་དེ། རྕ་ཆེ་བའི་དུས་ཚོད་ཕར་འགྱངས་བྱས་པ་ནི་བློ་ཕམ་གྱི་རང་བཞིན་ཡིན། གཉིས་ཕན་དབུ་མའི་ལམ་ལས་ལྷག་པའི་བོད་རྒྱ་ཞི་མོལ་གྱི་ཐབས་ལམ་ཡང་དག་པ་ཞིག་མེད་པའི་ངེས་ཤེས་གསལ་པོའི་ཐོག ལྷག་བསམ་དང་མཁྱེན་རྒྱ་ཡངས་པའི་རྒྱ་ཆེའི་མང་ཚོགས་མང་པོ་ཞིག་གིས་མ་བསྐུལ་དང་བླངས་ཀྱི་ཐོག གཉིས་ཕན་དབུ་མའི་ལམ་གྱི་དགོངས་དོན་རྒྱ་མི་རིགས་གཙོས་པས་ཕྱི་རྒྱལ་མི་རིགས་དང་། བོད་རིགས་མང་ཚོགས་ལ་གོ་རྟོགས་སྤེལ་བའི་ལས་འགུལ་དང་དུ་བླངས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་འགུལ་རླབས་ཆེན་ཞིག་ཡིན”་ཞེས་དང་། དེ་བཞིན་ཁོང་གིས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དེ་རིང་གི་ཉིན་མོ་འདི་བྱུང་བ་ནི་རྒྱུ་མེད་རྐྱེན་མེད་ཅིག་མ་ཡིན་པར། ལས་འགུལ་ཁང་འདི་འོག་བཙུགས་པ་ནས་བཟུང་མང་ཚོགས་ཀྱི་སེམས་ཤུགས་དང་དཔལ་འབྱོར་གྱི་མཐུན་རྐྱེན་གནང་བར་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་དང་། ལྷག་པར་དུ་རང་གཞུང་དཀའ་ཤག་སྐབས་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ཀྱིས་ཐུགས་ཁུར་ཆེར་བཞེས་ཀྱིས། རྒྱབ་གཉེར་བཀའ་ཡིག་གནང་བས་མཚོན་བཀའ་དྲིན་རླབས་ཆེན་བསྐྱངས་པ་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་སོགས་གསུངས་སོང་།
དེ་ནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་སྲིད་ཐར་གྱིས་ལས་བསྡོམས་སྒྲོགས་སྦྱང་གནང་དོན། ཕྱི་ལོ་༢༠༡༢།༦། ༡ ཉིན་དབུ་མའི་ལམ་གྱི་ཆབ་སྲིད་དཔྱད་གླེང་འདོན་ཐེངས་དང་པོ་དཔར་བསྐྲུན་དང་། ཕྱི་ལོ་༢༠༡༣།༤།༥ ཉིན་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་དུ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་གདན་ཞུས་ཀྱིས། དབུ་མའི་ལམ་གྱི་སྐོར་ལ་གསུང་བཤད་གནང་བ་སོགས་ཕྱི་ལོ་༢༠༡༢།༡ནས། ༢༠༢༣། ༩ ། ཚེས་༡ བར་གྱི་ལས་བསྡོམས་སྒྲོགས་སྦྱང་གནང་རྗེས། འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོས་དབུས་ཀྱི་རྩིས་ཁྲ་སྙན་སྒྲོན་གནང་སོང་།
དེ་ནས་ཐེངས་འདིའི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་ལམ་སྟོན་གསུང་བཤད་གནང་དོན། “གཉན་ཕྲེང་ཅན་གྱི་དུས་རབས་འདིའི་ནང་དབུ་མའི་ལམ་གྱི་སྲིད་ཇུས་ལ་གོ་རྟོགས་དང་། དམ་འཛིན། ཁྱབ་སྤེལ་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་ཅིག་རེད། དེའི་ཐོག་ལ་མང་ཚོགས་ཀྱིས་དང་བླངས་ཀྱི་དགོངས་པ་བཞེས་ནས་རང་ཁ་རང་གསོའི་ཐོག་ལས་འགུལ་འདི་ཁྱབ་སྤེལ་བྱ་རྒྱུའི་ཆེད་ཕྱག་ལས་གནང་སྟེ་ལོ་གང་འཚམས་ཤིག་ཕྱིན་པ་རེད།
བར་སྐབས་ཀྱི་ལོ་གཉིས་གསུམ་གྱི་ནང་ལ་ཆ་བཞག་ན་ཡང་གོང་དུ་ལས་བསྡོམས་ཀྱི་ནང་གསལ་བ་བཞིན་ཕྱག་ལས་གལ་ཆེན་པོ་དང་གཞི་རྒྱ་ཆེ་བ་མང་པོ་ཞིག་བྱུང་ཡོད་རེད། དེ་ཚོ་དངོས་གནས་རྗེས་སུ་ཡི་རངས་ཀྱི་ཡུལ་དུ་གྱུར་པ་རེད། དེའི་ཐོག་ནས་ཕན་ཐོགས་ཆེན་པོ་ཞེ་དྲག་བྱུང་ཡོད་རེད་བསམ་གྱི་འདུག དེ་རིང་འདིར་ཕེབས་མཁན་ཚང་མ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་སྐོེར་ལ་མཁྱེན་རྟོགས་གཏིང་ཟབ་ཡོད་པ་ཤ་སྟག་རེད། དེར་བརྟེན་ངས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་སྐོར་ལ་བསྐྱར་དུ་འགྲེལ་བརྗོད་དང་ངོ་སྤྲོད་ཞུ་དགོས་པ་གང་ཡང་ཡོད་མ་རེད་བསམ་གྱི་ཡོད། ཡིན་ན་ཡང་ད་རེས་ངས་འདིར་སྙན་གསང་ཞུ་དགོས་པའི་དོན་དག་རེ་ཟུང་ཞིག་ཡོད་པ་དེ་གང་ཡིིན་གསུངས་པ་ཡིན་ན། འདས་པའི་མི་ལོ་བཅུ་ཕྲག་ཁ་ཤས་ཤིག་གི་རིང་བོད་གཞིས་བྱེས་གཉིས་ཀྱི་ནང་དབུ་མའི་ལམ་གྱི་སྲིད་ཇུས་ལ་བརྟེན་ནས་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀར་གྲུབ་འབྲས་མང་པོ་ཞིག་ཐོན་བསྡད་ཡོད་རེད། ཡིན་ན་ཡང་། དེ་དང་ཆབས་ཅིག་གནས་ཚུལ་མང་པོ་ཞིག་གི་ཐོག་སྐབས་རེར་ད་དུང་གསལ་པོ་མེད་པ་འདྲ་བོ་དང་། སྐབས་རེ་ཡང་ས་མཚམས་འཛིན་ཕྱོགས་ཇི་མ་ཇི་བཞིན་མེད་པའི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་རེད།
དེ་འདྲའི་གནས་བབས་ལ་བརྟེན་ནས་ད་ལྟའི་གནས་སྐབས་སུ། རྒྱལ་སྤྱིའི་ནང་མངོན་འདོད་མ་ཡིན་པའི་གཟིགས་ཚུལ་དེ་འདྲ་ཁ་ཤས་ཤིག་ཡོད་རེད། དེའི་ཐོག་ང་རང་ཚོས་ཐུགས་གཟབ་གནང་དགོས་པ་གལ་ཆེན་པོ་འདུག་ཟེར་ནས་ཞུ་རྒྱུའི་འདོད་པ་བྱུང་སོང་། ཐོག་མར་དབུ་མའི་ལམ་ལ་མོས་མཐུན་དང་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་གི་དགོངས་པ་བཞེས་ཕྱོགས་དང་བཀའ་མོལ་གནང་ཕྱོགས་ལ་བལྟས་པ་ཡིན་ན། རང་རང་སོ་སོའི་རྣམ་དཔྱོད་ཀྱིས་བརྟག་དཔྱད་བྱས་ཏེ་དགོས་པ་དང་རྒྱུ་མཚན་གཟིགས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་དེ་གསལ་སྟོན་བྱེད་མ་ཐུབ་པར། དབུ་མའི་ལམ་ལ་རྒྱབ་སྐྱོར་དང་མོས་མཐུན་བྱས་པ་དེ་༧གོང་ས་མཆོག་གི་དགོངས་གཞི་ཡིན་ཟེར་མཁན་དང་། བཀའ་གནང་མཁན། ཕྱི་ལོགས་ཀྱི་མིས་དེ་འདྲ་མཐོང་བསྡད་པ་མང་པོ་ཞིག་ཡོད་རེད། དེའི་མཐོང་ཚུལ་དེ་མེད་པ་བཟོ་དགོས་པ་དང་དངོས་ཡོད་གནས་ཚུལ་གསལ་པོ་བཟོ་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད། རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་གྱི་སྲིད་ཇུས་བཟུང་ན་ཡག་པོ་ཡོང་ས་རེད་ཅེས་དགོངས་འཆར་ངེས་པར་དུ་གནང་ཡོད་རེད། ཐོག་མར་ལམ་སྟོན་གནང་མཁན་སྐྱབས་མགོན་རིན་པོ་ཆེ་རང་རེད”་ཅེས་གསུངས་སོང་།
ཡང་ཁོང་གིས་དབུ་མའི་ལམ་དེ་མི་མང་གི་མངོན་འདོད་ཆགས་ཡོད་སྐོར་གསུངས་དོན། “ང་རང་ཚོས་མཁྱེན་གསལ་ལྟར་ཐོག་མར་དབུ་མའི་ལམ་གྱི་སྲིད་ཇུས་གཏན་འབེབས་མ་གནང་བའི་གོང་ནས། མང་གཙོའི་བརྒྱུད་རིམ་རིམ་པའི་ནང་། མང་ཚོགས་ཀྱིས་ཐག་ཆོད་གནང་བའི་གནས་སྟངས་དང་། གྲོས་ཆོད་ཀྱིས་ཐག་ཆོད་གནང་བའི་གནས་སྟངས། དམིགས་བསལ་ཚོགས་ཆེན་ཁག་གིས་ཐག་ཆོད་གནང་བའི་གནས་སྟངས་ཤིག་རེད། དེ་དག་ང་ཚོའི་ཐུགས་ལ་བཞག་ནས་སྲིད་ཇུས་འདི་མི་མང་རང་གིས་ཐག་ཆོད་གནང་བའི་སྲིད་ཇུས་ཤིག་ཡིན་པ་མ་གཏོགས། སྐྱབས་མགོན་རིན་པོ་ཆེའི་བཀའ་ལ་བརྩིས་ནས་ཐག་ཆོད་བྱས་པ་ཞིག་དང་། ཡང་རྒྱལ་བ་རིན་པོ་ཆེས་བཙན་དབང་གི་ཐོག་ནས་མི་མང་ལ་དེ་འདྲ་བྱེད་ཀྱི་རེད་ཟེར་བ་ལྟ་བུ་མ་ཡིན་པར། མང་གཙོའི་རང་དབང་ཆ་ཚང་ལོངས་སུ་སྤྱད་དེ་སྡིངས་ཆ་རིམ་པའི་ཐོག་ནས་གོ་བསྡུར་ལྷུག་པོར་བྱས་མཐར། བོད་ཕྱི་ནང་གཉིས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་མང་མོས་ཡོད་པའི་སྲིད་ཇུས་ཤིག་རེད། དེར་བརྟེན་མོས་མཐུན་དང་རྒྱབ་སྐྱོར་གནང་གི་ཡོད་པ་དེ་སོ་སོའི་ཐུགས་ལ་གསལ་པོར་ཡོད་དགོས་པ་དང་། ཕྱི་ལོགས་སུ་ལས་འགུལ་སྤེལ་བའི་སྐབས་དང་གསལ་བསྒྲགས་གནང་བའི་སྐབས་སོགས་སུ། འདི་མི་མང་གི་བསམ་ཚུལ་ཡིན་པ་མ་གཏོགས་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྒྲུབ་ཀྱི་ཡོད་པ་དང་། རྒྱལ་བ་རིན་པོ་ཆེས་མར་བསྐུལ་བཞག་པ་ཞིག་མིན་པ་དེ་གསལ་པོ་བཟོ་དགོས་པ་གལ་ཆེན་པོ་རེད།
དེར་བརྟེན་དབུ་མའི་ལམ་གྱི་སྲིད་ཇུས་ལ་མོས་མཐུན་དང་རྒྱབ་སྐྱོར་མི་གནང་མཁན་ཚོར། རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་ཀྱི་ཡོད་མ་རེད། རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་གྱི་ཡོད་རེད་གསུངས་པ་དེ། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རྩ་བ་ནས་ཆགས་ཀྱི་ཡོད་མ་རེད། སྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ན་ཡང་མང་གཙོའི་ལམ་སྲོལ་རང་གི་ཐོག་ནས། མི་མང་སོ་སོས་ཆབ་སྲིད་ཀྱི་ལངས་ཕྱོགས་ག་འདྲ་བཟུང་ན་ཡང་སོ་སོའི་རང་དབང་རེད་ཟེར་ནས་གསུང་གི་ཡོད་རེད། དེར་བརྟེན་དེ་ཚོའི་ཐོག་གཟིགས་ཕྱོགས་དང་བཀའ་གནང་ཕྱོགས་མ་ནོར་བ་གནང་དགོས་པ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། གནས་ཚུལ་དེ་ཚོའི་ཐོག་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཡིད་ཆེས་ལ་དོ་ཕོག་དང་། རྒྱ་ནག་མང་ཚོགས་ཀྱི་བསམ་བློའི་ནང་གསལ་པོ་མ་ཆགས་པ་དང་། རྒྱ་ནག་དབང་འཛིན་པ་ཚོར་གསལ་པོ་མ་ཆགས་པའི་ཉེན་ཁ་ཡོང་གི་ཡོད་རེད”་ཅེས་གསུངས་སོིང་།
ཁོང་གིས་མུ་མཐུད་དུ་བོད་མིའི་སྤྱི་ཚོགས་ནང་རྡོག་རྩ་ཆིག་བསྒྲིལ་ཡོད་སྐོར་གསུངས་དོན། “དེང་སང་རྒྱལ་སྤྱིའི་སྤྱི་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དོན་དངོས་མ་ཡིན་པའི་གནས་ཚུལ་ཞིག་ཤུགས་ཆེན་པོས་ཡོང་གི་ཡོད་རེད། དེ་ག་རེ་རེད་ཟེར་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་རྩ་དོན་གྱི་ཐོག་ལ་རྡོག་རྩ་ཆིག་བསྒྲིལ་མེད་པ་དང་། རང་བཙན་གྱི་མངོན་འདོད་ཁུར་མཁན་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་གཉིས་ཀྱི་བར་འགལ་ཟླ་ཆེན་པོ་ཞིག་ཡོད་པ། དེའི་དབང་གིས་སྤྱི་ཚོགས་དུམ་བུ་གཉིས་ལ་ཕྱིན་ཡོད་པ། དེ་འདྲ་བཤད་མཁན་དང་བསམ་མཁན་མི་ཉུང་བ་ཞིག་ཡོད་རེད།
དེའི་རིགས་དེ་གཅིག་བྱས་ན་མང་གཙོའི་ལམ་སྲོལ་ལ་གོམས་པ་མེད་མཁན་ཚོས་ཧ་མ་གོ་ནས་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་གཉིས་སླེབས་ཡོིང་དུས། སྤྱི་ཚོགས་དེ་དུམ་བུ་གཉིས་ལ་འགྲོ་ཡི་མེད་འགྲོ་བསམ་པའི་དོགས་པ་ཟ་མི་སྲིད་པ་མ་རེད། དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ན་ཡང་འདྲ། རང་བཙན་མངོན་འདོད་ཁུར་མཁན་ཡིན་ན་ཡང་འདྲ། སུ་ཡིན་ན་ཡང་ད་ལྟའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ནང་ལ་སྲིད་ཇུས་སྐྱོང་སྟངས་དེ་འགྲིག་གི་མི་འདུག དེར་འགྱུར་བ་གཏོང་དགོས་ཀྱི་འདུག་ཟེར་བ་དེ་གཅིག་གྱུར་རང་རེད། གང་ལྟར་ད་ལྟའི་གནས་བབས་འདིར་འདོད་པ་མ་ཁེངས་པ་ཞིག་དང་། ད་ལྟའི་གནས་བབས་དེར་འགྱུར་བ་གཏོང་དགོས་པ་དེ་ཕྱོགས་གཉིས་ཀའི་མངོན་འདོད་རེད།
དེར་བརྟེན་ཕྱོགས་གཉིས་ཀས་ག་རེ་འདོད་ཀྱི་ཡོད་ཟེར་ན། ད་ལྟ་བོད་ཆོལ་ཁ་གསུམ་གྱི་མང་ཚོགས་ཀྱི་མྱང་བཞིན་པའི་སྡུག་བསྔལ་དེ་དག་སེལ་ཐབས་དང་། བོད་ལ་དགོས་ངེས་ཀྱི་རང་དབང་ཡོང་རྒྱུའི་མངོན་འདོད་དེ་གཅིག་པ་རེད། དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ནས་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་འོག རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་ཁ་བྲལ་དུ་འགྲོ་མི་དགོས་པའི་དགོངས་པ་བཞེས་ཀྱི་ཡོད་རེད། རང་བཙན་དོན་གཉེར་བ་ཚོས་ཆབ་སྲིད་ཀྱི་མངའ་དབང་བསྐྱར་གསོ་བྱས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་ཁ་བྲལ་ལ་འགྲོ་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་རེད།
གང་ལྟར་དེ་གཉིས་ཀའི་བསྒྲུབ་བྱ་དེ་ག་རེ་རེད་ཟེར་ན། བོད་རིགས་མང་ཚོགས་ཀྱི་བདེ་དོན་དེ་རེད། དེར་བརྟེན་འགྲུབ་ཐུབ་དང་མི་ཐུབ་དང་དོན་དང་འཚམས་མ་འཚམས་ཀྱི་ཁྱད་པར་ཞིག་མ་གཏོགས། བོད་པའི་བདེ་དོན་ལ་དམིགས་པ་དེ་ཁྱད་པར་མེད་པ་ཞིག་རེད།
རྒྱ་གར་གྱི་རང་བཙན་རྩོད་པའི་སྐབས་སུ་ཡང་རྒྱ་གར་གྱི་དབུ་ཁྲིད་རྣམ་པ་ཚོའི་ནང་དགོངས་པ་བཞེས་ཚུལ་གཉིས་པོ་དེ་གསལ་པོ་ཞེ་དྲག་རེད། བདག་ཉིད་ཆེན་པོ་གྷན་དྷིས་ག་དུས་ཡིན་ན་ཡང་རང་སྐྱོང་གི་བཀའ་མོལ་མ་གཏོགས་རང་བཙན་གྱི་བཀའ་མོལ་གནང་གི་ཡོད་མ་རེད། ནེ་རོེས་མཚོན་པས་དབུ་ཁྲིད་གཞན་པ་དེ་དག་གིས་རང་བཙན་གྱི་བཀའ་མོལ་མ་གཏོགས་རང་སྐྱོང་གི་བཀའ་མོལ་གནང་གི་ཡོད་མ་རེད”་ཅེས་གསུངས་སོང་།
དེ་བཞིན་ཁོང་གིས་མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ལྟ་གྲུབ་འདྲ་མིན་ཡོང་དགོས་ཀྱི་ཡོད་ན་ཡང་། ལྟ་གྲུབ་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་ནང་ཁུལ་ལ་འཁོན་འཛིན་དང་འགྲན་རྩོད་བྱས་པ་ཡིན་ན་འགྲིག་གི་མེད་སྐོར་དང་། འདི་ལོའི་ཕྱི་ཟླ་གསུམ་པའི་ནང་བཀའ་སྤྱི་གཉིས་ཀྱིས་ལྡི་ལིར་ལས་འགུལ་སྤེལ་སྐབས། འཕྲེད་དར་དང་འབོད་ཚིག་མང་ཆེ་བ་དབུ་མའི་ལམ་དང་འགལ་ཟླ་ཆགས་ཡོད་པའི་སྐད་ཆ་གོ་རྒྱུ་འདུག་སྐོར་བརྗོད་དེ། མ་འོངས་པར་མང་ཚོགས་ནང་ལས་འགུལ་སྤེལ་སྐབས་གཟབ་གཟབ་མ་བྱས་ན། རྒྱལ་སྤྱིའི་ནང་མངོན་འདོད་གསལ་པོ་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་སྐོར་སོགས་གསུངས་སོང་།
མཐར་དབུས་རྒྱུན་བཟང་པོས་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་སོང་། འགན་འཛིན་ལྷན་ཚོགས་འདིར་ཚོགས་ཞུགས་པ་མི་གྲངས་༤༠ ལྷག་གིས་ཉིན་གཉིས་ཀྱི་རིང་། ཚོགས་ཆེན་ཐེངས་གསུམ་པ་དང་འགན་འཛིན་ལྷན་ཚོགས་ཐེངས་གཉིས་པའི་སྐབས་ཀྱི་གྲོས་ཆོད་ཁག་དང་། དེ་བཞིན་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་གིས་བོད་དོན་བདེན་མཐའ་གསལ་ཐབས་ཆེད་ལས་འགུལ་སྤེལ་ཕྱོགས་སོགས་གྲོས་གཞི་ཁག་ཅིག་གི་ཐོག་བགྲོ་གླེང་བྱས་ཡོད་པ་བཅས་བོད་ཀྱི་བང་ཆེན་གསར་ཁང་དུ་འཁོད་འདུག
དབུ་མའི་ལམ་གྱི་འགྲེལ་བཤད་དེ་བོད་མི་ཚོས་མགོ་ཚོས་རུང་། རྒྱ་རྒན་དེ་ཚོས་མགོ་ཚོས་ཀྱི་མ་རེད་ལ་ཁས་ཡང་ལེན་གྱི་མ་རེད།