སྤོབས་པ་མཐའ་ཡས།
དབུ་མའི་ལམ་ནི་རྒྱལ་བ་རིན་པོ་ཆེས་དགོངས་འཆར་བཏོན་པའི་བོད་རང་དབང་ལས་འགུལ་གྱི་ཐབས་ལམ་ཞིག་ཡིན། ཡིན་ན་ཡང་འདི་ནི་རྒྱལ་བ་རིན་པོ་ཆེས་བཏོན་པའི་གྲོས་འཆར་ཙམ་མ་གཏོགས་གྲོས་ཐག་བཅད་པ་ཞིག་མིན། རྒྱལ་བ་རིན་པོ་ཆེས་གྲོས་འཆར་འདིའི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མདུན་ལམ་གྱི་གདམ་ག་ཆ་ཚང་བོད་མི་མང་ལ་གནང་ཡོད། དེའི་ཕྱིར་ན་དབུ་མ་ཞེས་པའི་ལམ་འདི་ལ་རྒྱལ་བ་རིན་པོ་ཆེས་གཞི་ལམ་འབྲས་གསུམ་གྱི་འགྲེལ་བཤད་ཞིབ་ཚགས་ཤིག་ཀྱང་གནང་མེད། དེ་ནི་རྒྱ་དམར་གཞུང་གི་ཡ་ལན་གང་ཞིག་སློག་པ་ལ་རག་ལས་པ་ཞིག་ཡིན་སྟབས་ཐོག་མ་ནས་འདི་ཡིན་དེ་མིན་གྱི་ཁ་ཚོན་གཅོད་མི་ནུས་པས་སོ།། དེར་བརྟེན་དབུ་མའི་ལམ་དགག་ན་རྒྱལ་བ་རིན་པོ་ཆེ་དགག་པ་མིན་ཞིང་དབུ་མའི་ལམ་དང་འགལ་ན་རྒྱལ་བ་རིན་པོ་ཆེ་དང་འགལ་བ་ཞིག་མིན། ལྷག་པར་ཡང་རྒྱ་དམར་གྱིས་འདི་ལ་བོད་རང་བཙན་གྱི་འདོད་ཚུལ་ལས་བཟང་བའི་ཡ་ལན་སྣ་གཅིག་ཀྱང་མ་སློག་པའི་ཆ་ནས་ལམ་དབུ་མ་རང་བཞིན་གྱིས་ནུས་མེད་དུ་གྱུར་པ་རེད།
སྦྲུལ་ཤི་བ་མཐོང་ན་བྱ་ཁྭ་དས་ཀྱང་བྱ་རྒྱལ་གྱི་ཚུགས་ཀ་ངོམ་པའི་དཔེ་བཞིན་དུ་ང་ཚོའི་ཕྱོགས་ནས་ལམ་དབུ་མ་ཞེས་པ་ཁ་ལ་ཁྱེར་ནས་སྐྱོན་ཕྱེད་ཀ་རང་ཕྱོགས་ལ་ཡོད་པའི་ངོས་ལེན་དང་རྒྱ་དམར་གྱི་རྩ་ཁྲིམས་འོག་ན་གང་ཡོད་ལས་མི་དགོས་ཚུལ་སོགས་སྤྲེལ་ལད་ལྟ་བུའི་རང་མགོ་རང་བཅོམ་གྱི་ཚིག་ཤོར་བའི་རིམ་པ་བཞིན་དུ་རྒྱ་དམར་གྱིས་ང་ཚོའི་ཕྱོགས་ལ་མཐོང་ཆུང་དང་ཁྱད་གསོད་ཀྱི་ཚད་རིམ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཐ་ན་ཉེ་ཆར་ནས་རྒྱལ་བ་རིན་པོ་ཆེས་ལྷམ་གང་ཞིག་མནབ་པ་དང་གསོལ་ཚིགས་གང་ཞིག་བཞེས་སྟངས་ཚུན་ལ་སྐྱོན་འདོགས་བྱེད་ཀྱིན་འདུག སྲིད་སྐྱོང་བློ་བཟང་སེང་གེའི་སྤུན་ཉེར་གཏོགས་པ་ཞིག་གིས་ཨ་མེ་རི་ཁར་ཁང་པ་ཞིག་ཉོས་ཚུལ་གྱིས་ཀྱང་ཁོང་ལ་སྐྱོན་རྗོད་བྱེད་ཀྱིན་ཡོད། རྒྱལ་བ་རིན་པོ་ཆེའི་སྐུ་འཁོར་ཚོས་ལག་འདོགས་ཆུ་ཚོད་འཁོར་ལོ་ཡག་པོ་ཞིག་འདོགས་པ་ཡན་ཆོད་ཀྱང་རྒྱས་སྤྲོས་བཤུ་གཞོག་ཡིན་ཚུལ་གྱི་སྐྱོན་རྗོད་བྱེད་ཀྱིན་ཡོད། དེ་བཞིན་དུ་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་སྒྲིག་འཛུགས་དང་དེའི་འོག་གི་མི་མང་བར་ལ་དཀྲུག་ཤིང་རྒྱག་ཆེད་དུ་ཕྱི་སྡོད་བོད་རིགས་སྤུན་ཟླའི་འཚོ་བ་སྐྱོ་ཞིང་དབུལ་བ་ལ་སེམས་ཁུར་ཆེ་མདོག་དང་། ཕྱིའི་ཡུལ་ལུང་ཁ་ཤས་སུ་རང་བྱུང་ཁམས་ཀྱི་འབྱུང་བའི་གནོད་སྐྱོན་སོགས་བྱུང་སྐབས་བོད་རིགས་ཚོར་རྒྱ་དམར་གཞུང་ཚབ་ལས་བྱེད་ཀྱིས་སེམས་ཁུར་ཆེ་མདོག་གིས་ཁ་པར་བཏང་ནས་སྡོད་དུ་མི་འཇུག་པ་ལྟ་བུ་བྱེད་ཀྱིན་ཡོད། ཕྱི་སྡོད་བོད་རིགས་སྤུན་ཟླས་དཔལ་འབྱོར་འཕེལ་རྒྱས་ལ་འབད་པ་མ་གཏོགས་ཆབ་སྲིད་ལས་འགུལ་ལ་ཞུགས་ན་ནུས་ཤུགས་དང་དུས་ཚོད་འཕྲོ་བརླག་ཡིན་ཚུལ་གྱི་བསླབ་བྱ་རྒྱག་མདོག་བྱེད་པ་སོགས་གཡག་ལ་མི་གཅེས་ཁྲག་ལ་གཅེས་པའི་འཁྲབ་སྟོན་མང་པོ་ཞིག་བྱེད་ཀྱིན་ཡོད། དེ་ནི་དབུ་མའི་ལམ་གྱི་བསླབ་བྱ་ལ་བརྟེན་ནས་ཕྱི་སྡོད་བོད་མིའི་རྒྱ་དམར་ལ་ལྟ་ཕྱོགས་ཅུང་གུ་ཡངས་སུ་གྱུར་ཡོད་པའི་གོ་སྐབས་བཟུང་ནས་ཕྱིར་སྡོད་བོད་མིའི་ཁྲོད་དུ་སིམ་འཛུལ་བྱེད་བཞིན་ཡོད་པར་ཐག་ཆོད།
དབུ་མའི་ལམ་འདི་གཞུང་འབྲེལ་ཁྱབ་བསྒྲགས་ཀྱིས་ཕྱིར་འཐེན་བྱེད་པར་འོས། དབུ་མའི་ལམ་འདི་བོད་མི་ལ་མཁོ་དྲགས་པ་མིན་མོད་རྒྱ་དམར་ལ་དགོས་མཁོ་ཡོད་རེས་གྲོས་འཆར་འདི་བཏོན་པ་ཡིན་མོད་རྒྱ་དམར་གྱིས་བདག་པོ་མ་བརྒྱབ་པའི་ཆ་ནས་འདི་ལ་བདག་པོ་རྒྱག་མཁན་མེད་པར་གྱུར་པ་རེད། ཡིན་ན་ཡང་ལམ་དབུ་མ་འདི་རྒྱལ་བ་རིན་པོ་ཆེས་བཏོན་པའི་གྲོས་འཆར་ཞིག་ཡིན་པའི་ཆ་ནས་བོད་མི་མང་པོས་འདི་རྒྱལ་བ་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་ཀྱི་དགོངས་གཞི་མཐར་ཐུག་ཡིན་པས་འདི་ལ་མཐའ་གཅིག་ཏུ་འཁྲེགས་འཛིན་བྱེད་དགོས་པའི་འཁྲུལ་སྣང་སྐྱེས་མཁན་ཁ་ཤས་རེ་ཡང་ཡོད་ངེས་པས་འདི་ཡོངས་སུ་རྩིས་མེད་དུ་བཏང་ཟིན་པའི་ཁྱབ་བསྒྲགས་ནན་པོ་ཞིག་བྱེད་པར་འོས། དེ་ལྟར་མ་བྱུང་ན་འདིས་མ་འོངས་པར་ལོ་རྒྱས་ཀྱི་སྟེང་དུ་རྒྱལ་བ་རིན་པོ་ཆེས་བོད་ལ་རང་བཙན་མི་དགོས་པར་གསུངས་བ་ལྟ་བུའི་གོ་ནོར་ཐེབས་ཉེན་དང་། ལྷག་པར་རྒྱ་དམར་གྱི་ཕྱོགས་ནས་འདི་ལ་སྒྲོ་འདོགས་བྱས་ནས་རྒྱལ་བ་རིན་པོ་ཆེ་རང་གིས་ཀྱང་བོད་ལ་རང་བཙན་མི་དགོས་པར་གསུངས་པའི་སྒྲུབ་བྱེད་རྫུན་མ་བཟོ་ཉེན་ཡོད་པ། དེ་བཞིན་དུ་བོད་མི་ནང་ཁུལ་དུ་རང་དབང་རྩོད་ལེན་གྱི་གཞི་ལམ་འབྲས་གསུམ་ལ་འབད་པ་གཅིག་གྱུར་མི་ཡོང་བ་སོགས་སྐྱོན་མང་པོ་ཞིག་ཡོད་ངེས་སོ།།
ལམ་དབུ་མ་ཞེས་པའི་གྲོས་འཆར་འདི་བཏོན་པ་ལ་བརྟེན་ནས་ང་ཚོའི་ཆབ་སྲིད་ལས་འགུལ་ལ་ཉམས་མྱོང་མང་པོ་ཞིག་བསགས་པའི་ཆ་ནས་གྲོས་འཆར་འདི་ལས་ཁེ་ཕན་ཁ་ཤས་ཀྱང་ཐོབ་ཡོད། ལྷག་པར་ཡང་ལམ་དབུ་མའི་ཐབས་ལམ་འདི་ལ་ངོ་མཚར་བའི་ཆ་ཞིག་ཡོད་པ་ནི་ཆབ་སྲིད་འཐབ་རྩོད་ལ་རྒྱུས་མངའ་ཤིན་ཏུ་ཆུང་བའི་བོད་མི་ཚོས་ཐབས་ལམ་གསར་པ་འདི་འདྲ་ཞིག་ཚོད་ལྟ་བྱས་པ་དེ་རེད། ཐབས་ལམ་འདི་ཉིད་ཕམ་ཉེས་སུ་གྱུར་པའི་ཆ་ནས་བོད་རེ་བས་ཕུང་ཞེས་པའི་གཏམ་དཔེ་གྲགས་ཅན་དེར་དྲན་གསོ་རེ་སློང་ཞིང་། བཟང་ཕྱོགས་ནས་བལྟས་ན་བོད་མིའི་གུ་ཡངས་ཀྱི་རང་བཞིན་དང་། དག་སྣང་གི་གཤིས་ཀ། བཟོད་སྒོམ་གྱི་ཉམས་ལེན་སོགས་ཀྱི་རིན་ཐང་ལྟ་ཚུལ་ལས་བྱུང་བ་ཞིག་ཀྱང་ཡིན་པར་ངེས། ལམ་དབུ་མས་ང་ཚོར་འགྲམ་ལྕག་ཚ་བོ་ཞིག་མ་གཞུས་པའི་བར་དུ་བོད་མི་མང་པོས་རྒྱ་དམར་སུ་ཞིག་ཡིན་པ་ངོ་ཡག་པོ་ཞིག་ཤེས་མེད། ང་ཚོའི་བླ་རྒན་གཞུང་ཞབས་པ་ཞིག་གིས་ལམ་དབུ་མར་ཞུགས་ན་མ་འོངས་པར་བོད་རྒྱ་མཆོད་ཡོན་གྱི་འབྲེལ་བ་སླར་གསོ་ཡོང་སྲིད་པ་སོགས་དགོད་བྲོ་བའི་སྐད་ཆ་ཡང་བཤད་མྱོང་ཚུལ་ཐོས། ལྷག་པར་ཡང་ཟམ་གདོང་གཞུང་གི་དུས་སུ་དབུ་མའི་ལམ་ནས་བོད་ཀྱི་མདུན་ལམ་ཐག་གཅོད་ཐབས་ཀྱི་མངོན་འདོད་གསལ་བའི་ཡིག་ཆ་སྤྲད་པ་དང་དེ་ལ་ཡ་ལན་གང་ཞིག་སློག་པ་སོགས་ཀྱིས་ང་ཚོ་དང་ཁོ་ཚོའི་ལངས་ཕྱོགས་རེ་དོགས་མང་པོ་ཞིག་གསལ་པོར་གྱུར་པ་དང་། སྔོན་དུས་སུ་བོད་མི་མང་པོའི་སེམས་སུ་རྒྱ་དམར་གཞུང་ལ་གོ་བརྡ་ཡག་པོ་ཞིག་འཕྲོད་ན་རྒྱ་དམར་གཞུང་གིས་བསམ་ཤེས་ཡག་པོ་ཞིག་བྱེད་སྲིད་པའི་རེ་བ་ཡོད་མཁན་མང་བས་དབུ་མའི་ལམ་གྱི་གྲོས་གཞི་སོགས་བྱུང་བ་རེད། དོན་དམ་པར་རྒྱ་དམར་གཞུང་ལ་གོ་བརྡ་མ་འཕྲོད་པ་གང་ཡང་མིན་པར་ང་ཚོའི་རེ་འདུན་ལ་དང་ལེན་བྱེད་འདོད་མེད་པའི་གནས་བབ་གསལ་པོར་མཐོང་ཐུབ་ཡོད། ད་དུང་ཡང་དབུ་མའི་ལམ་ལ་དད་ཞེན་གྱིས་རྒྱ་དམར་ལ་སྐྱབས་འཇུག་ཞུ་འདོད་པ་ནི་རྨོངས་དད་ཙམ་དུ་འཁུམས་སོ།།
སྔོན་ཆད་ལམ་དབུ་མ་མ་སྐྱེས་གོང་ལ་རྒྱ་དམར་གཞུང་གིས་ང་ཚོར་བོད་རང་བཙན་མ་གླེང་ན་གནད་དོན་གང་ཡིན་ཡང་གྲོས་མོལ་བྱེད་ཆོད་པའི་ལམ་ཞིག་བསྟན་པ་རེད། དེ་ནས་ང་ཚོས་ཆབ་སྲིད་གནད་དོན་འདི་དངོས་རྫས་ཞིག་ལ་དཔེ་བཞག་ན་རིན་གོང་མར་ཕབ་ཏེ་ལམ་དབུ་མའི་གྲོས་འཆར་ཞེས་པ་འདི་བྱུང་། ཉིན་དེ་ནས་རྒྱ་དམར་གྱིས་ང་ཚོར་མཐོང་ཆུང་བྱེད་ཤུགས་ཆེ་རུ་ཕྱིན། འདིའི་ཐད་ལ་རྒྱ་དམར་གྱིས་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་གཅིག་དང་བཤད་ཚུལ་གཅིག་ལ་འགྱུར་བ་བཏང་མེད། དེ་ནི་བོད་དོན་གྲོས་མོལ་གྱི་སྐད་ཆ་ཟེར་བ་ཞིག་བཤད་ས་མེད་མོད་རང་རང་གི་མདུན་ལམ་ཐག་གཅོད་བྱེད་འདོད་ཡོད་ན་བསམ་བློ་གཏོང་ཆོག་ཅེས་པ་དེ་རེད། གལ་སྲིད་བོད་མི་རང་རང་གི་མདུན་ལམ་གནད་དོན་ཐད་ལ་རྒྱ་དམར་གཞུང་དང་ལྷན་དུ་གྲོས་མོལ་བྱེད་འདོད་ཡོད་ན་ཕྱི་སྡོད་བོད་མི་སུ་ཡིན་ཡང་བདག་པོ་རྒྱག་ཐག་ཆོད་རེད། ཉེ་ཆར་༢༠༡༣ལོའི་ཟླ་དང་པོའི་གཞུང་འབྲེལ་ཆབ་སྲིད་ཁྱབ་བསྒྲགས་ཟླ་དེབ་ཀྲུང་གོའི་བོད་ལྗོངས་(སྤྱིའི་དེབ་གྲངས་༡༡༨པའི་)སྟེང་དུ་ཏཱ་ལའི་རུ་ཚོགས་ཀྱིས་ཕྱོགས་སྒྱུར་ལམ་སྒྱུར་དང་རྒྱ་དམར་གཞུང་ལ་ནོར་འཁྲུལ་ངོས་ལེན་ཞུ་དགོས་པའི་ལམ་ཞིག་བསྟན་ཡོད་པ་རེད། འདི་ནི་དོན་དུ་རྒྱ་དམར་གྱི་ཕྱོགས་ནས་བཏོན་པའི་དབུ་མའི་ལམ་ནས་ང་ཚོའི་མདུན་ལམ་ཐག་གཅོད་པའི་ཐབས་ལམ་གསར་ཤོས་དེ་རེད། དབུ་མའི་ལམ་གྱིས་ང་ཚོར་ཁེ་ཕན་འདི་ཙམ་ལས་གནང་གིན་མི་འདུག
མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ཟེར་བ་དེ་འདི་འདྲ་ཞིག་ཡིན་རྒྱུ་རེད། ད་ནི་རྒྱལ་བ་རིན་པོ་ཆེ་ཁ་ལ་ཁྱེར་བའི་དབུ་མའི་ལམ་གྱི་འཇིགས་སྐུལ་རིང་ལུགས་པ་སྐོར་ཞིག་གི་ཁ་ནང་ལ་རྡོ་རྗེ་རེ་བཞག་འདུག
ལོ་བཅུ་ཕྲག་གོང་བཙན་བྱོལ་བོད་མིས་དབུ་མའི་ལམ་མང་མོས་ཐག་བཅད་ཟིན།
རྒྱལ་པ་ཚོང་རྫས་བྱེད་མཁན་རྣམས་ལ་རྡོ་རྡུང་ཡག་པོ་བཏང་འདུག
་་་་ དབུ་མའི་ལམ་འདི་གཞུང་འབྲེལ་ཁྱབ་བསྒྲགས་ཀྱིས་ཕྱིར་འཐེན་བྱེད་པར་འོས། ་་་་་ཟེར།
དབུ་མའི་ལམ་རྒྱང་ཕུད་གཏོང་རྒྱུ་ལས་སླ་མོད་ཀྱང་། གྲ་སྒྲིག་གང་ཡང་མེད་པའི་བརྒྱགས་གཏམ་སྐྱིད་པོ་དག་ལ་ཉན་འདོད་མི་འདུག
དབུ་མའི་ལམ་གྱིས།
༡༽ རྒྱ་བོད་གདོང་ཐུག་རྒྱག་མི་དགོས་པར་ཕན།
༢༽ ཛམ་གླིང་ཁྱོན་ཡོངས་ནས་བོད་དོན་རྒྱབ་སྐྱོར་འོངས་བ་ལ་ཕན།
༣༽ བཙན་བྱོལ་འགྲིག་འཛུགས་འཇིགས་སྐུལ་རིང་ལུགས་པའི་མིང་བཏགས་ས་མེད་པ་ལ་ཕན།
དབུ་མའི་ལམ་གྱིས།
༡༽ བོད་རྒྱའི་ཚེ་སྲོག་ཉུང་བ་ཤོར་བ་ལ་ཕན།
༢༽ བོད་རྒྱ་འཆམ་མཐུན་མཉམ་གནས་ལ་ཕན།
༣༽ བོད་མིར་མིག་དཔེར་བལྟས་ནས་ཛམ་གླིང་ཡོངས་ལ་ཞི་བདེ་ཡོང་བ་ལ་ཡང་ཕན།
དབུ་མའི་ལམ་འདི་གང་ནས་བལྟས་ཀྱང་། བདེན་པ་ཞིག་ཏུ་སྣང་བས། ཇི་ཙམ་འགོར་ཀྱང་། མཐར་འདི་རང་ལ་འབབས་ངེས་པར་ཡིད་ཆེས་བརྟན་པོ་མཆིས་སོ།།
སྤོབས་མཐས་ལམ་དབུ་མ་ཁ་འཁྱེར་གྱི་ཡུལ་བགྱར་སྲིད་དོན་ཚོང་པ་ཚོའི་ཁ་ནང་ལ་དགུ་བཟློག་རང་བརྒྱབས་འདུག། དྲང་གཏམ་དང་བདེན་པ་ལ་རྒྱབ་སྐྱོར་ཅིས་མི་ཞུ།
དབུ་མའི་ལམ་འདི་གཞུང་འབྲེལ་ཁྱབ་བསྒྲགས་ཀྱིས་ཕྱིར་འཐེན་བྱེད་པར་འོས། རེད། སྐུ་དབང་ཆ་ཚང་བོད་མི་ལ་གནང་བའི་སྐུ་དྲིན་བསྐྱངས་ཤུལ་ན་གཅིག་ལྷག་ཡོད་པ་ནི་ལམ་དབུ་མ་ཟེར་བའི་ཆོས་ཚིག་འདི་རེད། འདིས་དགྲ་ལ་འཇིགས་པ་མི་སྟེར་བ། བོད་པས་མགོ་མི་ཚོས་བས། ལམ་འདིའི་སྒང་ལ་རྩྭ་་སྐྱེ་ན་ཡག་ས་རེད།
དོན་དངོས་དབུ་མའི་ལམ་བཏོན་པར་རྒྱུ་མཚན་ཁ་ཤས་ཡོད་། ༡ རྒྱལ་སྤྱིའི་སྲིད་གཞུང་རྣམས་པས་རང་དོན་སྒྲུབ་ཞོར་རྒྱ་རྒན་དག་ལ་བོད་དོན་བཤད་སླ་བ་། ༢་རྒྱ་རྒན་ཚོས་གལ་སྲིད་བོད་དོན་ཁས་ལེན་བྱ་འདོད་ན་ཁས་ལེན་བྱ་སླ་བ་། ༣་བོད་མི་རང་དངོས་ནས་རྒྱ་རིགས་རྣམས་དང་རྒྱལ་སྤྱི་ལ་འབྲེལ་བ་དང་རེ་སྐུལ་བྱེད་བདེ་བ་བཅས་ལ་བརྟེན་ནས་དབུ་མ་ཟེར་བ་དེ་སྐུ་བལྟམས་པ་རེད་མོད་། སྐུ་བལྟམས་པའི་དབུ་མ་དེ་ནམ་ཡང་འཚར་ལོངས་བྱུང་ཐུབ་མེད་། འཚར་ལོངས་མ་བྱུང་བ་དེ་ལ་བརྟེན་ཏེ་དབུ་མ་སྲོལ་བཏོད་མཁན་པོ་རང་གིས་ཀྱང་དབུ་མར་རྒྱའི་སྲིད་གཞུང་དང་མཉམ་དུ་འབྲས་བུ་གང་ཡང་བྱུང་མེད་ཚུལ་གསུངས་བ་མང་པོ་ཡོད་། ཡིན་ཡང་ལྒང་བ་བོད་པ་འདི་ལོ་ངོ་གྲངས་མེད་ཅིག་ལ་ནང་ཆོས་དང་མཉམ་དུ་སྐྱེས་ཤིང་ཤི་ནས་ཡོང་བ་ཡིན་དུས་། ད་དུང་བོད་མི་མང་པོ་ཞིག་གིས་དབུ་མར་རྨོངས་དད་ཀྱི་རྒྱབ་བསྐྱོར་བྱེད་པ་དང་། ལེ་ལོ་ཡིས་རྒྱབ་བསྐྱོར་བྱེད་ཀྱི་ཡོད་། དེ་དག་ལ་བརྟེན་ནས་དེ་རིང་སྐབས་འཚོལ་བས་དབུ་མ་ཁ་ལ་འཁྱེར་ནས་ཡར་འགྲོ་བ་དང་བླུན་པོས་དབུ་མ་རྒྱབ་དུ་འཁུར་ནས་མར་འགྲོ་བ་སོཊ་ཀྱིས་རྐྱེན་པས་བཙན་བྱོལ་སྤྱི་ཚོགས་ན་འཆལ་གཏན་སྣ་ཚོགས་ཀྱིས་བཀང་ཡོད་།་
དབུ་ལམ་ཁ་ལ་འཁྱེར་མཁན་བོད་ཀྱི་ད་ལི་སྦན་ཚོགས་མི་ཚོས་གོང་གི་རྩོམ་ཡིག་དེ་ངེད་པར་དུ་ཀློགས་རོགས།
སྤོབས་པ་མཐའ་ཡས་ལ་ལམ་སྟོན་ཞིག་བྱས་ན།
༄༅།། སྤོབས་པ་མཐའ་ཡས་འདི་ཁ་བརྡ་དྲ་བའི་ནང་གི་སྐར་མ་འོད་ཅན་ཞིག་ཡིན། ཡིན་པ་དེས་ད་བར་བསམ་ཚུལ་ཡི་གེར་བཏབས་པ་རྣམས་ལ་ལྟོས་འཇོག་གི་ལྗོད་ཁོག་རེ་ཡོད། རྒྱུ་མཚན་དེས་དྲ་འབུ་རྣམས་དུག་རླངས་ནག་པོའི་གཟེབ་དུ་ཡང་ཡང་དྲངས་ནས་སྐུ་རྩེད་ཞུ་མཁན་ཁོ་བོ་ཤར་ཕྱོགས་ཁུག་རྟས་ཀྱང། དགོང་ཟས་ཚར་རྗེས་འཆར་ཅན་ཞལ་འདོན་མ་ཎི་བརྒྱ་སྐོར་རེ་འདྲེན་རྒྱུའི་དུས་ཚོད་ཡོད་པ་དེ་རིང་སྤོབས་མཐར་སྤྲོད་འདོད་བྱུང།
སྤོབས་མཐའི་༼ དབུ་མའི་ལམ་ནི་གྲོས་འཆར་ཙམ་ལས་གྲོས་ཐག་བཅད་པ་ཞིག་མིན་༽ཞེས་པའི་རྩོམ་ཡིག་འདིའི་དག་ཆ་དང་ཚིག་འགྲོས་ལ་ཁོ་བོས་མགོ་བཀུག་བཀུག་བྱེད་ཀྱི་ཡོད་མོད། འདིའི་ནང་བདེན་པ་མིན་པའི་གནས་ཚུལ་གསུམ་གྱིས་ཁུངས་མེད་རུ་དཔུང་གི་རྗེས་སྙེགས་དུག་སྦྲང་འགས་གྲོད་ཁོག་སྐྲ་རྩེ་འདྲ་བོའི་གནས་བབ་བརྗེད་ནས་དིར་དིར་ཅི་དགར་སྒྲོགས་པའི་ཚུལ་ལ་བལྟས་ན། ཁོ་བའི་སྨྱུག་ཁ་ངོ་མ་ནས་ལན་རེ་ལྡོན་རྒྱུའང་བྱབ་ཆུང་གི་གནས་སུ་འགྲོ་ངེས་མོད།
དཀྲོགས་གཏམ་དང་ལོག་རྟོགས་རིགས་འདི་ལྟར་སྤྱི་ཚོགས་ནང་ཕྱིན་ཚེ། རང་གི་རིགས་འགའ་མགོ་ཡོམས་འགོར་ནས་ཡུད་ཙམ་འཐོམས་ངེས་སྟབས། གསལ་བཤད་དུས་ལྟར་བྱས་ན་ཅུང་དགེ་ཕན་ལོས་ཡོད་བསམས། སྤོབས་པས་”དེའི་ཕྱིར་ན་དབུ་མ་ཞེས་པའི་ལམ་འདི་ལ་རྒྱལ་བ་རིན་པོ་ཆེས་གཞི་ལམ་འབྲས་གསུམ་གྱི་འགྲེལ་བཤད་ཞིབ་ཚགས་ཤིག་ཀྱང་གནང་མེད།”ཟེར། གདམ་ག་ག་དུས་ཡིན་ན་མི་མང་ལ་གནང་ཡོད་སྟབས། འགྲེལ་བཤད་ཞིབ་ཚགས་ཤིག་གནང་མེད་ཅེས་པ་འདི་ཚོད་དཔག་ཅིག་ཀྱང་མ་རེད་ལ། ཤེས་ནས་སྨྲ་བའི་སྲོལ་དུ་ག་ལ་གནས་ཁར། ཤེས་བཞིན་དཀྲོགས་པའི་ཚུལ་དུ་བདོ་བ་ནི་དེ་བས་ཀྱང་རེད་མི་འདུག ༧རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་གནང་ཕྱོགས་སྤྱི་ལ་བློ་ཞུགས་པ་དང་འཇུག་ནུས་པ་ཞིག་ཡིན་ན། ད་བར་མི་མང་༧རྒྱལ་བ་རང་ངོས་ནས་གྲོས་མགོ་འདོན་རྒྱུའི་གནད་དོན་གང་ཅིར་འགྲེལ་བཤད་ཞིབ་ཚགས་མ་གནང་བ་གཅིག་ཀྱང་མེད་ལ། འགྲེལ་བཤད་ཞིབ་གསལ་གནང་མཐར་༧རྒྱལ་བ་ཉིད་ཀྱིས་”ཁ་ཆེའི་ཕ་ལུས་བསླབ་བྱ་བརྒྱབས་ཡོད།། ཉན་དང་མི་ཉན་སོ་སོའི་ལག་པ་རེད།།”ཅེས་པ་འདི་ཡང་ཡང་གསུངས་ཀྱི་ཡོད་ལ། གསུངས་སྟངས་འདི་༧རྒྱལ་བ་རང་ཉིད་ཀྱི་སྐུ་ཚེ་གང་བོར་བསྣམས་པའི་གཞན་དོན་མཛད་འཕྲིན་གྱི་རྒྱབ་ཀྱི་འཕྲོས་གཞུང་ལྟ་བུར་གོ་ཆོག་པར་སེམས། དམ་སྲི་དོལ་གཏེའི་སྐོར་ལའང་འགྲེལ་བཤད་ཞིབ་ཚགས་བསྐྱོན་གྱི་ཡོད་ས་ནས། ཆོལ་གསུམ་བོད་རིགས་སྤྱི་བོ་གནམ་བསྟན་གངས་ཅན་པ་ཡོངས་ཀྱི་མདུན་ལམ་འཁྲིད་སའི་དབུ་མའི་ལམ་གྱི་གཞི་ལམ་འབྲས་གསུམ་ལ་འགྲེལ་བཤད་མི་བསྐྱོན་པར་འདོད་པ་ནི་སྐྱེ་བོ་མིག་ལྡན་ཞིག་ཡིན་ན་རེ་དོགས་འབྱུང་གཞི་གཞར་ཡང་མེད་མོད། འདིར་དེ་འདྲའི་རེ་དོགས་བྱུང་འདུག་པར།
བོད་མིའི་རྣ་ལ་རང་སྐྱོང་འགྲོ་མིན་རེ་དོགས་ཀྱི་གནས་སྐབས་ནས་བདེ་སྐྱིད་ཅེས་པའི་ཚིག་འདིས་སྣ་དྲངས་ཏེ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དང་རྒྱ་ནག་གི་རྣམ་འགྱུར། རང་རེའི་ལྗིད་ཁོག་བཅས་ལ་གཞིགས་ཏེ་དབུ་མའི་ལམ་གྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་སྩོལ་མགོ་ཚུགས་ཡོད་ལ། དེ་ཡང་དང་པོར་ནང་ཁུལ་དྲག་གྲས་གྲོས་བསྡུར་དང། ཆོལ་ཁ་ཆོས་བརྒྱུད་གསར་འཐུས་བཅས་པར་དགོངས་གཞི་ལྷུག་པོར་གསལ་ཕེབས། དགོངས་གཞི་དེར་གྲོས་ལ་དབང་བ་རྣམས་ཀྱིས་རང་དབང་གིས་གྲོས་བསྡུར་རེ་དོགས་འཁྲུན་ཐག་ཆོད་པ་གནང་མཐར། གཞུང་འབྲེལ་ཐོག་ཞི་བའི་དོན་ཚན་ལྔ་དང་སི་ཏྲ་སི་སྦག་གི་གསུང་བཤད་ཀྱི་ནང་ནས་དབུ་མའི་ལམ་གྱི་གཞི་ལམ་འབྲས་གསུམ་གྱི་གྲོས་གཞི་རོབ་ཙམ་འདོན་གནང་མཛད། ཡིན་ནའང། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རབས་ནང་གོང་གི་དོན་ཚན་ལྔ་དང་དེའི་རྒྱས་བཤད་རྣམས་ལོ་རབས་དགུ་བཅུའི་དཀྱིལ་དུ་དུས་ཡུན་རྒྱས་བཅད་རྒྱས་བཅད་ཐོག གསུམ་དུས་གསུང་འཕྲིན་ནང་རྒྱ་ཕྱོགས་ངོས་ལེན་མེད་ཚེ་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུར་ཕེབས་པ་མ་ཟད། རང་རེའི་སྐབས་དེའི་རྒྱལ་སྤྱིའི་ཚད་མཐོའི་རྒྱབ་སྐྱོར་དང་འབྲེལ་ནས། རྒྱ་ཕྱོགས་ནས་དུས་ལྟར་ཡ་ལན་མ་བྱས་པར་སྒྲུག་རྒྱུའི་ངང་རྒྱུད་མི་བསྟེན་པའི་འདོད་ཚུལ་འཛིན་མཁན་ཚོས་གླེང་ཕྱོགས་སྣ་ཚོགས་ཀྱིས། དབུ་མའི་ལམ་ལ་ཡིད་ཆེས་ཆུང་དུ་སོང་བའི་སྣང་ཚུལ་ལ་ཐུགས་སྣང་ཆེན་པོས་གདམ་བྱ་གདམ་བྱེད་ཀྱི་གནང་བ་ཡོད་ཚད་ཀྱང་གསུམ་དུས་གསུང་འཕྲིན་ནང་ནན་གྱིས་སྩལ་ཡང། དངོས་པོའི་གཤིས་ལ་ཅི་ཙམ་ཤེས་རབ་ཀྱི་སྤྱན་ཉེ་སར་བཏུད་པ་ན་དབུ་མའི་ལམ་ནི་སྔར་ལས་ཚད་མཐོའི་རྒྱབ་སྐྱོར་གྱི་གནས་སུ་ཡོད་པ་ལྡོག་མེད་དུ་སོང་གཤིས། ཁུངས་མེད་རུ་དཔུང་གི་བསམ་སྦྱོར་གཞན་པ་མ་གཏོགས། སྲིད་བྱུས་དམ་པ་འདིའི་སྦྱོར་དངོས་རྗེས་གསུམ་ལ་ཡིད་ཆེས་ཤར་བསྐྱོད་ཡིན་པ་བསྐྱར་དུ་གསལ་བོ་ཆགས།
དེའི་རྗེས་བོད་ཀྱི་མང་གཙོའི་ལོ་རྒྱུས་ནང་གི་མི་མང་གིས་དངོས་སུ་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་མཁས་པ་ཡོངས་ཀྱི་མགོ་གཅོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སྲིད་ཁྲིར་འཁོད་མ་ཐག བྱུང་རབས་དེ་དག་གི་ཉམས་མྱོང་བླངས་ནས་ཕྱིས་འབྱུང་འདི་བྱ་འདི་མིན་གྱི་རྣམ་པ་གསལ་ཞིང། ཁྲིམས་དང་ཆབ་སྲིད་རིགས་པའི་ཕྲ་རྒྱན་ལྡན་པ། མང་གཙོའི་སྙིང་བོ་མི་མང་གིས་མངོན་འདོད་ཀྱིས་རྩ་བ་བྱས་པའི་ཕྱག་རྒྱ་བརྟན་བཟུང་གིས་གཞུང་དང་གཞུང་གི་ལངས་ཕྱོགས། དེའི་བོད་མི་རིགས་ཀྱི་མདུན་ལམ་རྩོད་སྒྲུབ་ཀྱི་རིགས་པའི་གཞུང་ལུགས་རྣམས་གསལ་ཞིང་གསལ་བ། ལོང་པས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་ཟླར་སོང་བའི་མཛད་འཕྲིན་རླབས་ཆེ་ཞིག ༧རྒྱལ་བ་རང་ཉིད་ཀྱི་བཀའ་ཡི་འཁོར་དུ་འོད་ཀྱིས་འཚེར་བ་ན། དབུ་མའི་ལམ་གྱི་གཞི་རིམ་འབྲས་གསུམ་གྱི་རྨང་གཞི་འདིང་སྟངས། དེའི་ཞིབ་ཚགས་ནང་དོན་གྱི་རྒྱབ་ལྗོངས་འགྱུར་འགྲོས། མ་འོངས་བསྐལ་བ་འཇིགས་པའི་བར་དུ་ཆོལ་གསུམ་དམ་ཚིག་ལྷོད་མེད་སྐྱིད་ན་སྐྱིད་མཉམ། སྡུག་ན་སྡུག་མཉམ་གྱི་འཚོ་བའི་སྒྲོམ་གཞི་ཤོག་བུ་དཀར་པོར་ཡི་གེ་ནག་པོ་བཀོད་དེ་གྲོས་གཞིར་སྤྲད་པ་དེས། དབུ་མའི་ལམ་གྱི་སྦྱོར་དངོས་རྗེས་གསུམ་མ་མཐོང་ཞེས་གཡམ་སྒྲོག་བྱེད་པ་ནི་རྣམ་དཔྱོད་ཅན་གྱི་བཀའ་མོལ་ཞིག་གང་ནས་ཡིན་ཏེ། གཏན་ནས་མི་སྲིད་ཁར། གནད་དོན་འདི་འདྲ་ལ་ཞལ་ལ་ཞལ་ཕྱོགས་ལྷུག་ལྷུག་མོལ་བསྡུར་བྱས་པ་ཡིན་ན་དེ་བས་ཀྱང་གསལ་བོ་ཆགས་དགོས་པ་ག་ཚོད་ཅིག་མེད་དམ།
ཡང་སྤོབས་པས་”སྔོན་ཆད་ལམ་དབུ་མ་མ་སྐྱེས་གོང་ལ་རྒྱ་དམར་གཞུང་གིས་ང་ཚོར་བོད་རང་བཙན་མ་གླེང་ན་གནད་དོན་གང་ཡིན་ཡང་གྲོས་མོལ་བྱེད་ཆོད་པའི་ལམ་ཞིག་བསྟན་པ་རེད། དེ་ནས་ང་ཚོས་ཆབ་སྲིད་གནད་དོན་འདི་དངོས་རྫས་ཞིག་ལ་དཔེ་བཞག་ན་རིན་གོང་མར་ཕབ་ཏེ་ལམ་དབུ་མའི་གྲོས་འཆར་ཞེས་པ་འདི་བྱུང་།” ཟེར། དེ་ནི་༧རྒྱལབ་བོད་དུ་བཞུགས་དུས་ནས་གཉིས་སྨན་ཐབས་ལམ་ན་ཅི་ཙམ་ཐུགས་མོས་ཆེན་པོ་གནང་གི་ཡོད་པ་ནས་དེ་རིང་བར་གྱི་དངོས་བྱུང་མཛད་འཕྲིན་གྱིས་དཔོག་ཐུབ་ཁར། ༧རྒྱལ་བ་རང་གི་ཞལ་ནས་ཀྱང་ཏིང་ཞའོ་ཕེན་གྱི་བཀའ་མོལ་བསྟེན་ནས་མིན་པ་དེ། ཆབ་སྲིད་པ་ཚོའི་དཀྲོགས་གཏམ་གྱིས་སྤོབས་པའི་ཡིད་ཆེས་ཀྱང་ཁ་གཞན་ཞིག་ཏུ་བསྒྱུར་ཡོད་ན། འདིའི་རྩ་བ་ནི་༧རྒྱལ་བ་རང་ཉིད་ལ་ཡིད་ཆེས་ཡོད་མེད་ཁོ་ན་ཐུག་འདུག་པར་བསམས་པས། ཕྱིས་སུ་ཅི་དགར་མཛོད་ཅིག
དེ་བཞིན་”ཕྱི་སྡོད་བོད་རིགས་སྤུན་ཟླས་དཔལ་འབྱོར་འཕེལ་རྒྱས་ལ་འབད་པ་མ་གཏོགས་ཆབ་སྲིད་ལས་འགུལ་ལ་ཞུགས་ན་ནུས་ཤུགས་དང་དུས་ཚོད་འཕྲོ་བརླག་ཡིན་ཚུལ་གྱི་བསླབ་བྱ་རྒྱག་མདོག་བྱེད་པ་སོགས” ཀྱི་གནད་དོན་ཐད་བདེན་པ་རྩ་བྲལ་ཡིན་པར་སུ་གང་གིས་ཀྱང་སྨྲ་མི་སྤོབས་ལ། དེ་ལ་གཞུང་ཕྱོགས་དང་དབུ་མའི་ལམ་གྱི་རྗེས་འཇུག་པ་ཚོས་གཟབ་གཟབ་དྲན་ཤེས་བསྟེན་དགོས་པའི་གནད་དོན་ཅིག་ཡིན་པ་དེ་རེད། ཡིན་ནའང། དེ་དང་མཉམ་དུ་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་ནས་རྒྱ་རིགས་ཤེས་ལྡན་པ་མི་མང་ནང་ཅི་ཙམ་གྱིས་བོད་འགྲེལ་བཤད་ཐུབ་པ་དང། བོད་ཀྱི་གནས་བབ་ལ་སེམས་འཁུར་ཅན་ག་ཚོད་བྱུང་ཡོད་མེད་སོགས་མཉམ་དུ་བསྡུར་ནས་བལྟས་བ་ཡིན་ན། དབུ་མའི་ལམ་གྱི་གུ་ཡངས་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་ནང་སིམ་འཛུལ་བྱེད་པ་དེ་མངལ་གྱི་གནས་སྐབས་ལྟ་བུ་དང། བོད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་རྒྱ་རིགས་ཁྲོད་བྱུང་བཞིན་པ་དེ་ལང་ཚོ་དར་ལ་བབས་པའི་གནས་སྐབས་ལྟར་བར་ཁྱད་ཆེན་པོ་ཤོར་ཡོད། ལར་ནས། ལས་གང་འདྲ་ཞིག་ཡིན་ནའང། དེ་ཡིན་པའི་ཟོལ་གྱིས་དེའི་ལྡོག་ཕྱོགས་ཀྱི་ལས་ཀ་བྱེད་མཁན་ཡོང་ངེས་པ་ནི་དངོས་པོའི་ཆོས་ཉིད་ལ་རྒྱུས་ཡོད་ཞིག་ཡིན་ན་གསལ་འགྲེལ་ག་ནས་དགོས།། དེ་ཙམ་གྱིས་འཐུས་བར་བྱའོ།།
༢༠༡༣།༢། ༢༤། ཉིན་དགོང་མོར། ཤར་མར་བྲིས་པ་ལས་བསྐྱར་ཀློག་བྱེད་དགོས་མ་མཐོང་བར་བཀོད་ཡོད།།
༄། བཙན་བྱོལ་གཞུང་དང་བོད་མི་རྒན་རབ་ཕལ་མོ་ཆེ་བ་རྣམ་པའི་བལྟ་བ་ལངས་ཕྱོགས་ལམ་དབུ་མར་གཏན་པོ་བཟུང་གནང་མཛད་རྒྱུ་དེ་ནི་ང་རང་གི་བལྟ་སྣང་མཐོང་ཚུལ་ལ་སྤྱིར་བཏང་ང་ཚོ་བོད་མི་རྣམས་ཆོས་དད་ཧ་ཅང་ཆེ་བ་དང་༧གོང་ས་མཆོག་ལ་མོས་གུས་དད་པ་དམ་ཚིག་གཏན་པོ་འགྱུར་བ་མེད་ཞིག་ཡིན་དུས་༧རྒྱལ་བའི་བཀའ་དགོང་དང་འགལ་མི་ནུས་པ་གསལ་པོ་རེད་སྙམ། དེ་མ་ཡིན་པ་གཞན་༧གོང་ས་མཆོག་མ་ཡིན་པའི་གང་ཟག་སུ་འདྲ་ཞིག་ཡིན་རུང་། དཔེར་ན་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེའམ། བཀའ་ཁྲི་མཁས་དབང་བློ་བཟང་སེག་གེ་མཆོག་སོགས་སུ་རུང་ནས་བོད་རྒྱ་འོག་ཏུ་བསྡོད་རྒྱུའི་ལམ་དབུ་མ་འདི་སྟོན་པའམ་ཐ་ན་བསམ་འཆར་ཙམ་ཞིག་སྟོན་པ་ཡིན་ན། ཉིན་མ་དེ་ཉིན་ནས་ཁོང་རྣམ་པར་བོད་མི་མང་གིས་བལྟ་སྟངས་ག་འདྲ་ཞིག་ཆགས་མིན་འདས་པའི་ལོ་རྒྱུས་ནང་བཀའ་ཁྲི་ཟུར་པ་༧སྐུའི་གཅེན་པོ་སྲས་རྒྱལ་ལོ་དོན་གྲུབ་ལགས་ནས་ Give and Take ཞུ་བའི་ཐབས་ལམ་མམ་དགོང་འཆར་གསུངས་པར་མང་ཚོགས་ནས་ངོ་རྒོལ་ཤུགས་ཆེན་བྱུང་རྐྱེན་བཀའ་ཁྲི་ལས་ཐོག་ལས་དགོང་པ་མི་ཞུ་མཐུ་མེད་བྱུང་བ་མཁྱེན་རྟོགས་ཡོད་ངེས་རེད། Give and Take ཟེར་ན་ཕར་ལའང་སྤྲད་ཚུར་ལའང་ལན་ཟེར་བར་གོ་དགོས་པ་དང་དབུ་མ་ནི་བོད་ས་ཡོངས་རྫོགས་རྒྱ་དམར་ལ་བྱ་དགར་སྤྲད་པ་ལྟ་བུར་མངོན།
ང་ཚོད་བོད་མིའི་གཤིས་སྤྱོད་ཟེར་ན་ཅུང་ཐལ་ཆེ་སྲིད། གང་ལྟར་དེང་སང་དྲ་འབུ་ཁ་ཤས་ངོ་མ་དགོད་མོར་ཤོར་བྱེད་རང་རེད་འདུག །རྩོམ་ཡིག་ཀྱ་ཀྱོག་རེ་དང་། དེ་ཡང་གཞུང་དང་། བྱས་པ་ཅན་མི་སྣར། དེ་བཞིན་ལྷག་བསམ་ཅན་དང་། ཤེས་ཡོན་ཅན། ཉམས་མྱོང་ཅན། སྤྱི་ཚོགས་ནང་འགན་ཁུར་ཏེ་ཕྱག་ལས་གནང་མཁན་དག་ལ་གཞི་མེད་སྐྱོན་འཛུག་དང་འཁྱོག་བརྗོད་བྱེད་མཁན་ཞིག་མཐོང་ཚེ་རང་ཉིད་ཀྱིས་དཔྱད་པ་གང་མི་དགོས་པར་ལམ་སེང་གཡམ་བརྒྱུགས་ལ་དགའ་བ་དང་། སྐྱེ་བོ་དེ་ནི་ངོ་མ་དུས་གསུམ་གསལ་གཟིགས་ཀྱི་མཁྱེན་རྩལ་ལྡན་མཁན་ཞིག་མིན་ནམ་བསམ་བསམ་འདྲ་བཟོ་བཞིན་ཆོ་ལོ་དང་། འགྲེལ་བཤད། ངོ་སྤྲོད་པ་སོགས་ལ་བརྩོན། རང་ཉིད་ཡང་རྣམ་དཔྱོད་ཅན་དང་། ཤེས་ཡོན་པ། དེ་བཞིན་དཔྱད་བརྗོད་མཁན་དང་། དྲང་ཚུགས་ཅན་ཞིག་ཏུ་རློམ། མདོར་ན་གོང་དུ་སྨོས་མ་ཐག་པའི་མི་བུ་ཕྱོགས་གཉིས་ཀ་གསར་འགྲོགས་ལ་དགའ་བ་དང་། རང་ཚུགས་མི་བརྟན་པ། གཡོ་སྒྱུ་ཆེ་བ། དམིགས་ཡུལ་ངན་པ་སོགས་ནི་མི་བུ་དེ་ཚོའི་གཤིས་སྤྱོད་ངོ་མ་ཡིན་པར་འདོད ། རང་ཚུགས་ཅན་དང་། གཟུར་གནས་རྣམ་དཔྱོད་ལྡན་པ། ཉམས་མྱོང་དང་། ཤེས་ཡོན། ཀུན་སྤྱོད་སོགས་ཕྱོགས་གང་ཐད་ནས་ཆེས་ཕུལ་དུ་ཕྱིན་པའི་སྐྱེས་བུ་དག་ནི་རང་རང་གི་སྐབས་བབ་ཀྱི་འགན་དབང་གང་ཡོད་སྐྱོང་བཞིན་མི་བུ་ཐལ་ཤལ་དག་ལ་བྱམས་སྙིང་རྗེ་རེ་སྒོམ་བཞིན་མི་སྨྲ་བས་གནས་སུ་བཞུགས། དགོས་གལ་ནམ་བྱུང་ལ་ཆབ་དཔལ་རིགས་གསུམ་གང་ལ་ཡང་ཐོག་པ་མེད་པར་ ཁོང་ཚོ་ལ་གྲ་སྒྲིག་ཨང་གསར་ཡོད། སྐྱེས་བུ་དེའི་རིགས་ནི་གངས་ཅན་པའི་རྒྱན་ལོས་ཡིན། སྔར་མ་དག་ནི་གངས་ཅན་པའི་རྒྱན་ཡིན་དང་མཚང་ཡིན་ངས་མི་བཤད།
སྤོབ་པར་བདེན་ཆ་མང་གི ད་དངོས་གནས་རན་ཤག
དབུ་མའི་ལམ་འདི་ཕྱི་འཐེན་མ་བྱས་ན་བོད་མི་མང་པོ་ཞིག་རྒྱ་མའི་འགྱུར་འགྲོ་གིན་འདུག ངས་ནི་ཉིས་སྟོང་བརྒྱད་ཙམ་ནས་དབུ་མའི་ལམ་དོགས་པ་ཟོས་བྱུང་། དེ་ནས་རིམ་བཞིན་རང་ངོས་ནས་དབུ་མའི་ལམ་འདིས་བོད་པ་སྐྱོབ་བྱེད་ཅིག་མ་ཡིན་པར་འདིས་བོད་མི་མང་ནུས་ཤུགས་ཡོངས་སུ་བཅོག་ནས་ཕུགས་ཀྱི་བོད་ཀྱི་མངོན་འདོད་མི་འགྲུབ་པ་དང་། གནས་སྐབས་སྤུན་ཟླ་མང་པོའི་ཚེ་སྲོག་མེ་ལ་མཆེད་བྱེད་ཅིག་གི་རྒྱུ་རྐྱེན་ཞིག་ཏུ་མཐོང་གི་འདུག
དེས་ན་ངས་མཐའ་གཅིག་ཏུ་སྤོབས་པ་ལ་རྒྱབ་སྐྱོར་བྱེད་དགོས་བྱུང་།
དབུ་མའི་ལམ་ལ་དགག་པ་རྒྱབ་རྗེས་རང་ཉིད་ཀྱི་རང་བཙན་ལེན་རྒྱུའི་འཆར་གཞི་ཡོད་དམ། ནར་ནར་ལྕེ་ལ་རུས་པ་མེད་དུས་གང་བཤད་བཤད་རེད། ཤོད་རྒྱུ་ལས་སླ་མོ་རེད། བོད་ཀྱི་གཏམ་དཔེ་ལ། མིས་བྱེད་དུས་མིག་ཚ། རང་གིས་བྱེད་དུས་སྣ་ཚ། དེ་འདྲ་མ་ཡིན་པར་རང་ངོས་ནས་རང་བཙན་ལེན་རྒྱུ་ཡི་་ན་གྲ་སྒྲིག་གང་ཡོད་དམ། དབུ་ལམ་ལ་སྐད་ཆ་མི་ཤོད་པ་དང་ཡ་མི་བྱེད་དུས་རང་བཙན་ཨེ། རང་བཙན་ལེན་པར་ཐབས་ཇུས་གཏིང་ཟབ་དང་ཕྱི་ནང་གི་མཐུན་རྐྱེན་ཡོངས་སུ་འཛོམ་དགོས། དཔེར་ན། དཀྱིལ་ཤར་ཡུལ་གྲུ་པ་ལིས་ཏིན་ལ་ཨ་རབ་ཀྱི་རྒྱལ་ཁབ་ལྔ་བཅུ་ལྷག་གིས་མངོན་ལྐོག་ཅི་རིགས་ནས་རྒྱབ་སྐྱོར་ཡོད་ཀྱང་ནུས་པ་ཅི་གང་ཐོན་མེད། དེ་བཞིན་ཀ་ཤི་མིར་ལ་ཕྱི་ནང་གི་རྒྱབ་སྐྱོར་མི་དང་གོ་ལག་སོགས་ཀྱི་རྒྱབ་སྐྱོར་གྱ་ནོམ་པར་ཡོད་ཅིང་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་རྒྱལ་ཁབ་ཀྱིས་རང་བཙན་སྤྲོད་ཀྱི་འདུག་གམ། སྟོབས་ཆེན་རྒྱལ་ཁབ་བཙན་པོའི་ཁ་ལོ་བསྒྱུར་བའི་རྒྱལ་ཁབ་ཞིག་ནས་ཕྱི་ནང་གི་རྒྱབ་སྐྱོར་ཕུན་སུམ་ཚོགས་པ་ཞིག་མེད་པའི་བོད་རང་བཙན་ཟེར་བ་གང་འདྲ་བྱེད་དེ་ལེན་རྒྱུ་ཡིན་ནམ།
བོད་ཕྱི་ལོགས་སུ་ནམ་ཡིན་ཡང་རང་བཙན་དང་དབུ་མའི་ལམ་གྱི་བར་ནས་དམག་འཁྲུག་དེ་འཇག་ཡ་མི་འདུག དེ་ལས་རང་ལུས་མེ་སྲེགས་ཀྱི་སྐོར་ནས་མཚམས་འཇོག་ཐབས་དང་ཡང་ན་རྒྱ་གཞུང་གིས་མི་དཀར་པོའི་མགོ་ལ་ཞྭ་མོ་ནག་པོ་གཡོགས་པའི་སྐོར་ལ་འབྲི་མཁན་གཅིག་ཀྱང་མི་འདུག་ལ་དེའི་རྩོད་གླེང་བྱེད་མཁན་ཡང་མི་འདུག་པས་བློ་ཕམ་སོང་།
ཧཧ་་་ཁ་བརྡ་དྲ་བའི་སྐར་མ་འོད་ཅན་ང་ཚོར་ངོ་སྤྲོད་བྱས་པ་་་བཀའ་དྲིན་ཆེ
༡༽ཆོལ་གསུམ་ཆིག་སྒྲིལ་གྱི་ཚད་ལྡན་རང་སྐྱོང་ནི། དབུ་མའི་ལམ་གྱི་གྲུབ་འབྲས་ཡིན། རྒྱ་མིས་བཏོན་པའི་རང་སྐྱོང་གི་གནས་བབ་༼མི་རིགས་རང་སྐྱོང་ས་གནས་སྲིད་ཇུས༽ཅེས་པར་གསལ་བ་དང་། དོན་ཚན་བཅུ་པ་བཅིུག་སོགས་སུ་འཁོད་པའི་མི་རིགས་ས་གནས་རང་སྐྱོང་། སྐད་ཡིག་ཆོས་དད་རང་དབང་། དེ་མིན་གྱི་རང་དབང་གི་གནས་སྟངས་བཅས་བཀོད་པ་ཙམ་མིན་པར་དོན་གནད་འཁྱོལ་བ་ལག་ལེན་དུ་བཀལ་ཡོད་ན། ད་ལྟའི་ཛ་དྲག་གི་གནས་སྟངས་ལ་གཡོལ་ཡང་ཐུབ་ངེས་རེད།
༢༽དངོས་ཡོད་གནས་སྟངས་དང་ཕྱོགས་ཡོངས་ཀྱི་འགྲོ་ཚུལ་ཤེས་པ། དོན་ཆེན་གྲུབ་པར་ངང་རྒྱུན་ཟེར་བ་བཞིན་འཚེ་བ་མེད་པའི་ཐབས་ལ་བསྟེན་པ་ནི། དབུ་མའི་ལམ་གྱི་ལམ་གྱི་སྐབས་ཡིན། འདིའི་བདེན་པར་གཞི་བཅོལ་བའི་འཚེ་བ་སྤངས་པའི་ལམ་སྲོལ་གཙོ་ཕལ་འཕྲལ་ཕུགས་དང་ཞིབ་རགས་ཀྱི་གནད་མང་པོ་བསྡུས་ཡོད།
༣༽གཞི་རྩ་ཆོས་རྒྱལ་སྐབས་རྒྱ་ཐོག་དབང་བསྒྱུར་ནུས་ཤུགས་ཡོད་པ་རྒྱ་བསྐྱེད་སྲ་བརྟན་ཚགས་ཚུད་དམ་འཛིན་དོ་གལ་མ་གནང་བར། སྐབས་དེར་རྒྱ་ནག་ནས་ཁེ་ཕན་ལེན་རྒྱུ་མེད་པར་རྒྱ་གར་དུ་ཕྱོགས་ནས་ས་ལ་དབང་བ་ལས་ནང་བསྟན་ནང་འདྲེན་དགོངས་བཞེད་གནང་། དེ་ཡང་སྲ་བརྟན་གནས་པར་རང་ཉིད་ཀྱི་སྐད་ཡིག་གསར་གཏོད་ཚགས་ཚུད་མཛད། དེ་ནས་བཀའ་བསྟན་བོད་དུ་བསྒྱུར། དེ་ཡང་གལ་སྲིད་རྒྱ་ཁོངས་ཡིན་ན་ཆེད་མངགས་རྒྱ་གར་འཕགས་ཡུལ་ནས་སྐུ་ལས་མི་ཟོག་འཛད་མེད་གནང་བར་དགོས་གལ་མི་ཆེ། གཞི་རྩ་རང་བཙན་རྒྱལ་ཁབ་གཅིག་མིན་ན། གཞི་རྨང་ནས་རྒྱ་ནག་རང་གི་ས་ཁུལ་ཞིག་ལ་རང་སྐྱོང་ཚད་ལྡན་དགོས་ཞེས་པ་དངོས་ཡོད་དང་མ་མཐུན་པ་ཡིན། ལོ་རྒྱུས་བདེན་པས་མ་འོངས་ཁ་ཕྱོགས་དེ་དེ་བཞིན་དུ་བསྐ྄ོད་དགོས་བཙན་བཀའ་དང་ནན་སྐུལ་གྱིས་ཁག་ཐེག་བྱ་མི་ནུས། དེས་ན་ཡུལ་དུས་གནས་སྐབས་རྒྱུ་རྐྱེན་རྟེན་འབྲེལ་དུ་མར་ངེས་པར་དུ་ལྟོས་ནས་འགྲོ་དགོས། རྒྱུ་རྐྱེན་རྟེལ་འབྲེལ་དུ་མ་ལས་རང་བཙན་ཡོད་པ་དང་མེད་པའི་སྐབས་བབ་དེ་ཆོས་ཉིད་དུ་སོང་བས་ངོས་ལེན་བྱ་དགོས་ངེས། སྟོབས་ཆེན་ཨ་རི་ཡང་རྒྱ་རྐྱེན་རྟེན་འབྲེལ་དུ་མའི་འོག་གཞན་འོག་ཏུ་མི་ཚུད་པའི་འགན་ལེན་ཁག་ཐེག་སུས་ནུས་སམ། མདོར་ན། ང་ཚོར་ལོ་རྒྱུས་ཀྱི་རང་བཙན་ནི་སྒྲུབ་མི་དགོས་པར་གྲུབ་ཟིན་པ་ཡིན། དེས་མ་འོངས་རང་བཙན་སྒྲུབ་པའི་ཐབས་ལམ་མ་ཡིན་ཞིང་དཔང་རྟགས་ས་བཀོད་ཆོག གལ་ཏེ་ང་ཚོར་རང་བཙན་སྒྲུབ་པའི་རྒྱ་རྐྱེན་རྟེན་འབྲེལ་ཚང་འཛོམས་ཡོད་ན་སུས་ཀྱང་བཀག་མི་ནུས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ལྡོག་པར་བྱེད། །ཅེས་པ་ལྟར་རོ། །
མཐའ་དོན། གང་གིས་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་གནད་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡིས། །སྐྱབས་མགོན་རྒྱལ་བ་རྒྱལ་གྱུར་ཅིག ཅེས་བཀའ་དྲིན་རྗེས་དྲན་ཞུ།
༣༽ དངོས་ཡོད་བདེན་པ་ནི། དབུ་མའི་ལམ་གཞི་རྩ་ཡིན།
ཆོས་མིང་སྲིད་མིང་ལ་བཏགས་པའི་དབུ་མའི་ས་ལམ་ཀྱག་ཀྱོག་གི་འབྲས་བུ་རང་སྐྱོང་སྒོ་འཕངས་ཟེར་བ་དེ། ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་མགོ་རྟིང་མ་ལོག་བར་དུ་འཐོབ་མི་སྲིད་པ་ཞིག་རེད། གལ་ཏེ་ཏང་ཀྲུང་དབྱང་སྲིད་གཞུང་མགོ་རྟིང་ལོག་ནས་ཀྲུང་གོ་དམངས་གཙོའི་ཕྱོགས་སུ་བསྐྱོད་ན་རང་སྐྱོང་མ་བརྩད་ཀྱང་འཐོབ་རྒྱུ་ཞིག་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་དབུ་མ་ཁ་འཁྱེར་གྱི་རང་ཁེ་དོན་གཉེར་ཅན་ཡུལ་བགྱར་སྲིད་དོན་ཚོང་པའི་ཤོག་ཁག་འདི་ཚོས་ནམ་ཞར་ཞར་ལ་ཡུལ་བགྱར་སྤྱི་ཚོགས་ཆུང་ཆུང་འདི་མི་སྐྱིད་པ་བཟོ་དགོས་དོན་ཅི་ཡིན་ནམ།
ལོ་རེ་ཟླ་རེ་དང་། ཉིན་རེར་འགྱུར་བཞིན་པའི་དབུ་ལམ་འདིར་རེ་བ་དང་ཡིད་ཆེས་ཉུང་ནས་ཉུང་དུ་འགྲོ་བཞིན་ཡོད་ལ། དེར་རྒྱ་བོད་མི་བུ་འགའ་ལ་གནས་སྐབས་སུ་ཕྱི་སྣང་གིས་མིང་གྲགས་དང་རང་ལྟ་མཁྲེགས་འཛིན་གྱིས་རང་ངོར་བདེན་བདེན་འདྲ་བཤད་ཀྱང་དོན་དུ་འགྱུར་ལམ་འདི་བཞིན་སྤྱོད་ནས་བོད་མི་རིགས་ཀྱི་རེ་འབྲས་མེད་པར་འགྱུར་རྒྱུ་ལས་རྒྱ་བོད་མཉམ་མཐུན་གྱིས་ཞི་བདེ་ཞིག་ཡོང་རྒྱུ་མེད་པ་ནི་བོད་མིས་འགྱུར་རིམ་འདི་དང་རྒྱ་དམར་གྱིས་མཁྲེགསའཛིན་དེ་གཉིས་བར་གྱི་གསལ་ནས་གསལ་དུ་འགྲོ་བཞིན་པ་རེད།།
རེད།རེད།
སྤོབས་པ་མཐའ་ཡས་འདི་ཁ་བརྡ་ཁང་ན་མི་ཚོས་རྣ་བ་གཏོད་སའི་གྲས་ཤིག་ཡིན་ཟེར་བཤད་ན་ཆོག ཡིན་ཡང་། ད་རེས་སྐད་ཆ་སྦོམ་སྦོམ་འདི་འདྲ་ཞིག་བཤད་དུས་རྣ་ལ་ཤོངས་དཀའ་གི་འདུག
དབུ་མའི་ལམ་ཕྱི་འཐེན་བྱེད་དགོས་པའི་སྐད་ཆ་འདི་བཤད་སླ་ཡང་བསྒྲུབ་དཀའ་བའི་ལས་ཀ་ཅིག་རེད། སྐད་ཆ་འདི་མ་ཤོད་གོང་ལ་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་དགོས་ས་ཅིག་ཡོད་པ་དེ་དབུ་མའི་ལམ་ནས་བུད་རྗེས་ཀྱི་ཉིན་ནས་ལམ་ཁ་ཡག་ག་ཞིག་ཏུ་འགྲོ་མིན་གཏན་འཁེལ་བྱ་རྒྱུ་དེ་ཡིན། དེ་ནི་མིག་བཙུམ་ནས་རང་བཙན་ལ་འཐམ་རྒྱུ་མ་གཏོགས་གཞན་མེད།
འོ་ན་འགྲིག་གི་རེད། རང་བཙན་གྱི་ལམ་ཁ་ཞིག་སྟོནད་དང་། ང་ཚོ་བྱིན་ཆོག་གི་རེད། ཐབས་ལམ་གང་དང་གང་ཡོད་པ་རེད་དམ། གཙོ་བོ་དེ་རེད། ཐད་ཀར་འཐབ་འཛིང་བྱེད་དགོས་པ་ཨེ་རེད། ལྐོག་ནས་གཡོ་འཕྲུལ་བྱེད་དགོས་པ་རེད་པས། རིན་པ་སྤྲད་ནས་ཉོ་དགོས་པ་ཨེ་རེད། ཞུ་བ་འཐེན་ནས་སློང་དགོས་པ་ཨེ་རེད། ཅིག་འདེམ་དང་། བཙན་བྱོལ་སྤར་པ་གང་གིས་སྒྲུབ་ན་འགྲུབ་ཐུབ་པའི་རང་བཙན་ལེན་བྱེད་ཀྱི་ཐབས་ཇུས་རྡོག་རྡོག་ཤིག་འཐེན་དང་། ཡོད་པས།
ཁྱེད་ཤོད་ཡག་ལ།
དབུ་མའི་ལམ་ནི་བོད་ལ་མཁོ་དྲགས་པ་མིན་རྒྱ་ལ་དགོས་མཁོ་ཡོད་པས་ཡིན་ཟེར།
ཁྱེད་ཤོད་ཡག་ལ།
དབུ་མའི་ལམ་༧རྒྱལ་བ་རིན་པོ་ཆེས་གྲོས་འཆར་བཏོན་པ་ལ་མི་མང་གི་མཁྲེགས་འཛིན་བྱེད་པ་རེད་ཟེར།
ཁྱེད་ཤོད་ཡག་ལ།
དབུ་མའི་ལམ་ནི་མ་འོངས་པར་༧རྒྱལ་བ་རིན་པོ་ཆེས་རང་བཙན་མི་དགོས་པར་གསུངས་པ་ལྟ་བུའི་གོ་ནོར་ཐེབ་ཉེན་ཡོད་པར་བཤད།
ཁྱེད་ཤོད་ཡག་ལ།
དབུ་མའི་ལམ་ནི་བོད་མི་ནང་ཁུལ་དུ་རང་དབང་རྩོད་ལེན་གྱི་གཞི་ལམ་འབྲས་གསུམ་ལ་འབད་པ་གཅིག་གྱུར་མི་ཡོང་བའི་སྐྱོན་ཡོད་ཟེར།
ཁྱེད་ཟེར་ཡས་ལ།
དབུ་མའི་ལམ་གྱི་གྲོས་འཆར་བཏོན་ནས་བཟུང་རྒྱ་དམར་གྱིས་ང་ཚོར་མཐོང་ཆུང་བྱེད་ཤུགས་ཆེ་རུ་བྱིན་ཡོད་ཟེར།
ད་དུང་ཁྱེད་ཟེར་ཡག་ལ།
དབུ་མའི་ལམ་ལ་དད་ཞེན་གྱིས་རྒྱ་དམར་ལ་སྐྱངས་འཇུག་ཞུ་འདོད་པ་ནི་རྨོངས་དད་ཙམ་རེད་ཟེར།
སྤོ་མཐའ་ལགས། སྐད་ཆ་འདི་ཚོ་ཚང་མ་ནི་ཁྱེད་ཀྱིས་དབུ་མའི་ལམ་ལ་རང་གི་ལྟ་ཚུལ་དང་རང་གི་སྣང་ཚུལ་དྲང་པོར་བཤད་པ་ཨེ་ཡིན། ཡིན་ན།
རྫ་ཁྲ་ཡག་ཕ་ཕར་ནང་རིག་སོང་།
འབྲོང་མགོ་རྡོ་ཡིན་པ་ཤེས་སོང་།
༼དཔེར་ན། དཀྱིལ་ཤར་ཡུལ་གྲུ་པ་ལིས་ཏིན་ལ་ཨ་རབ་ཀྱི་རྒྱལ་ཁབ་ལྔ་བཅུ་ལྷག་གིས་མངོན་ལྐོག་ཅི་རིགས་ནས་རྒྱབ་སྐྱོར་ཡོད་ཀྱང་ནུས་པ་ཅི་གང་ཐོན་མེ༽ ཞྭ་དཔེ་ལྷམ་བཀབ་དང་མི་ཤེས་ཤེས་ཁུལ་གྱི་སྐད་ཆ་རེད། པ་ལི་སི་ཐན་གྱིས་དཀའ་སྤྱད་ཀྱི་འབད་འབུངས་ལ་བརྟེན་ཏེ་རང་ས་མི་ཉུང་བ་ཞིག་རང་ལ་དབང་བ་མ་ཟད་རང་ས་ནས་རང་གི་སྲིད་བློན་འདེབས་ཤིང་རང་གིས་རང་ལ་དབང་སྒྱུར་བྱེད་ཀྱིན་ཡོད། འོན་ཀྱང་བོད་ལ་རང་ས་ལག་མཐིལ་ཙམ་ཡང་མ་དབང་བར་རྒྱ་ནག་ཏུ་ཤོར་བ་མ་ཟད། ལྷག་འཕྲོ་རྣམས་སྐུ་མདུན་གྱིས་བལ་གཞུང་སྤྲད་པ་རེད། རང་ས་མེད་མཁན་དང་ཡོད་མཁན་བསྡུར་བ་ནི་རྨོངས་ཞར་ཡིན་པའི་དན་རྟགས་རེད། ཀ་ཤི་མིར་ལ་པ་ཀི་སི་ཐན་གྱི་རྒྱལ་སྐྱོར་ཅུང་ཡོད་པ་བདེན་ཡང་རྒྱ་གར་གྱིས་བོད་དོན་རྒྱབ་སྐྱོར་བྱེད་པ་བཞིན་ཆ་ཚང་ཞིག་བྱེད་ཀྱི་མེད་ཅིང་། བྱེད་པ་ལ་འགོག་རྐྱེན་སྣ་ཚོགས་འཕྲད་ཀྱི་ཡོད་པ་རྒྱུས་ལོན་བྱོས་དང་། རིམ་བཞིན་ཤེས་ངེས་རེད།
རྣམ་པ་ཚོས་ལྷོད་ལྷོད་གནོངས་དང་། ཤར་ཕྱོསག་ཁུག་རྟས་ང་ལ་མཐོང་ཆེན་གནང་གིན་ཡོད་པ་བཞིན་ངས་ཀྱང་ཤར་ཕྱོགས་ཁུག་རྟ་འདི་ལ་མཐོང་དང་ཆ་འཇོག་ཆེན་པོ་ཡོད། ལྷག་པར་ཡང་མི་འདིས་རང་ནུས་གཙོར་འདོན་གྱིས་རྒྱ་དམར་ལ་ལན་འདེབས་མི་ཉུང་བ་བྱས་པ་སོགས་ལ་ཐུགས་རྗེ་ཆེ་ཞུ་བར་འོས། དབུ་མའི་ལམ་འདི་ལ་ངས་ཀྱང་སྔོན་མ་དད་ཞེན་གྱིས་ཞེན་ཁོག་ཆེན་པོ་བྱས་པ་ཡིན། རྗེས་སུ་བལྟས་ཡོང་ཡོང་དུས་མཛུབ་མོ་འཛུགས་ཡོང་ས་ཞིག་མི་འདུག རྒྱ་དམར་གྱི་རྩ་ཁྲིམས་ལ་བསྒྱུར་བཅོས་གཏོང་མ་དགོས་པར་ཐག་ཆོད་ན་ཐོག་མར་ང་ཚོའི་བཅའ་ཁྲིམས་རིན་པོ་ཆེ་དང་རྒྱལ་དར་རིན་པོ་གཉིས་ཀ་རྩིས་མེད་གཏོང་དགོས་པ་འདྲ་ཞིག་འདུག མདོར་ན་ང་ནི་དབུ་མའི་ལམ་འདིས་དབུ་འཁོར་སོང་།
རྒྱ་དམར་ལ་ལྟོས་ན་དབུ་མ་བཤད་ནས་དགའ་རྒྱུ་དང་རང་བཙན་བཤད་ན་སྡུག་རྒྱུ་གང་ཡང་མེད་པར་སྤྱིར་ཏཱ་ལའི་རུ་ཚོགས་ཀྱིས་གླེང་བའི་བོད་ཀྱི་གནད་དོན་ཟེར་དུས་རྒྱུགས་པ་ལེབ་རྡུང་རེད། རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན། དྲག་སྤྱོད་དང་རྣམ་པ་འགྱུར་བའི་དྲག་སྤྱོད་སོགས་སུ་མིང་བཏགས་འདུག གྲ་སྒྲིག་ཡོད་མེད་ནི་དབུ་མ་དང་རང་བཙན་གཉིས་ཆར་གཅིག་མཚུངས་རེད། གྲོས་མོལ་གྱི་ལམ་ཁ་མེད་པ་ནི་དབུ་མ་རང་བཙན་གཉིས་གཅིག་པ་རེད། རྒྱ་མི་ཁ་ཤས་ཀྱིས་ནི་རང་བཙན་ལ་ཡང་རྒྱབ་སྐྱོར་བྱེད་ཀྱིན་འདུག བོད་མི་རང་རང་གི་མདུན་ལམ་ལ་བསམ་བློ་གཏོང་མཁན་ཡིན་ན་ནི་རང་བཙན་ལས་འགུལ་བ་དང་དབུ་མའི་ལས་འགུལ་བ་སུ་ཡིན་རུང་ཕྱིན་ཆད་བོད་ཀྱི་གནད་དོན་ཟེར་བ་ཞིག་ལ་རྩོད་གླེང་མ་བྱས་ཕྱིན་རྒྱ་དམར་གྱིས་དགའ་བསུ་ཞུ་རྐྱང་རེད། བོད་ཀྱི་གནད་དོན་ཟེར་བ་དེ་ཡིན་ཕྱིན་རང་བཙན་དང་དབུ་མ་གཉིས་ཆར་ཡང་བཤད་ས་མི་འདུག ཕྱིའི་ཡུལ་གྱི་མི་མང་དང་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་མེད་ནི་དབུ་མ་དང་རང་བཙན་གཉིས་ཆར་གཅིག་མཚུངས་རེད།
དབུ་མའི་ལམ་གྱི་སྲིད་ཇུས་གཏན་འབེབས་བྱས་པ་ནི་བོད་ནང་ལོགས་ན་གནས་པའི་བོད་མི་ས་ཡ་དྲུག་གི་ད་ལྟའི་གནས་སྟངས་དང་མ་འོངས་པའི་འདུན་ལམ་གྱི་ཆེད་མ་ཡིན་པར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་སྐུ་སྒེར་གྱི་ཆེ་མཐོང་དང་ཞི་བདེའི་མཚན་སྙན་གྱི་གཟི་བརྗིད། དེ་བཞིན་བོད་རྒྱལ་རབས་རིམ་བྱོན་ལ་ཕེབས་མ་མྱོང་བའི་ནང་ཆོས་གོ་རྟོགས་པ་ཆེན་མོ་ཞིག་གིས་ཁེ་དང་རྒྱལ་ཁ་གཞན་ལ་སྤྲད། གྱོང་དང་ཕམ་ཁ་རང་གིས་ལེན་པས་བྱ་སྤྱོད་ཀྱིས་སྣེ་ཁྲིད་ནས་རྒྱལ་ཁབ་དང་མི་རིགས་བློས་གཏོང་གིས་རླབས་ཆེན་གྱི་མི་སྣ་ཞིག་བཟོ་ཆེད་དེའང་ཡིན། དབུ་ལམ་གསར་བཏོད་བྱེད་མཁན་དེ་ནི་རྒྱལ་བ་རིན་པོ་ཆེ་སྐུ་རྐྱང་གཅིག་པོ་མིན་པར་སྐབས་དེ་དུས་ཀྱི་བཀའ་ཤག་ཐུན་མོང་ཐོག་མཉམ་རུབ་ཀྱིས་གྲུབ་ཡོད་ཀྱང་། སྐབས་དེ་དུས་ཀྱི་དམིགས་འདུན་གཙོ་བོ་ནི་རྒྱལ་བ་རིན་པོ་ཆེ་ལ་རྒྱལ་སྤྱིའི་སྒང་ནས་ཆེ་མཐོང་དང་རྩི་བཀུར་རག་ཆེད་དུ་བཙུགས་པ་ཞིག་ཡིན།
སྤྲུལ་སྐུ་ཚང་གིས་གསུངས་བ་དེ་ཙམ་བདེན་པ་འུ་ཡིན་ན་། སྤྲུལ་བའི་སྐུ་ལགས་ཐུགས་བསམ་གཡས་དང་གཡོན་། ད་དུང་མདུན་དང་རྒྱབ་བཅས་སུ་གཟིགས་དང་༧གོང་ས་མཆོག་གིས་དབུ་མ་དགོས་བ་རྒྱུ་མཚན་གང་ལ་བརྟེན་ནས་གཏན་འབེབས་བྱས་བ་གཞི་ནས་མཁྱེན་ཡོང་ནི་རེད་།
རྣམ་དཔྱོད་ཡངས་བ་ཤར་ཕྱོགས་ཁུག་རྟ་ཡིས་སྤོབས་པ་མཐའ་ཡས་དང་། བླ་རྫུན་ལོག་རྟ་ཅན་ཚོའི་ཁ་ནང་ལ་གཏོར་མ་ཡག་པོ་བརྒྱངས་འདུག གོ་བ་མེད་པའི་གླང་རྒན་ཚོར།། རྒྱལ་བའི་བཀའ་ལས་དབྱུག་པ་འགྲོ་བ་ལས་འོས་བབ་མེད། ཤར་ཁུག་ལགས། ཀོ་བ་རློན་པ་རྒྱ་མཚོའི་ནང་གྱོང་མཁན་ཚོར་འགྲེལ་བཤད་མང་པོ་གནང་ཡང་གོ་ཤེས་ཉན་ཤེས་ཡོད་པ་མ་རེད། ད་གཡུག་ཞོག
དེ་ནས་དོན་དངོས་རེ་བྱེད་འེ་ཐུབ་བལྟས། ཤོག་ཐོག་རིང་ལུགས་པའམ། ཁ་སྟོང་རིང་ལུགས་པ་ཚོས་ཉི་མ་འཁྱོལ་ཐབས་ཀྱི་འཆལ་གཏམ་ལ་གཞི་འཛིན་ས་ཞིག་གང་ན་ཡོད། ངོ་མ་འདི་ཚོར་སུན་སོང་ངཱ།
ངས་བལྟས་ན་སྤྲུལ་སྐུ་དབང་ཆེན་ལགས་ཀྱིས་གསུངས་པ་དེ་ཡང་ཅུང་མིན་པ་འདྲ། ཐོག་མར་ངོས་ཀྱི་ཡུལ་དང་མི་མང་གི་དེབ་སོགས་ཀྱི་ནང་ལ་རྒྱལ་བ་རིན་པོ་ཆེ་ལ་ཡང་ང་ཚོ་བོད་མི་དཀྱུས་མ་དང་མཚུངས་པར་བོད་ཀྱི་ཕྱོགས་སུ་འགྲེངས་བའི་ལངས་ཕྱོགས་བརྟན་པོ་ཞིག་འདུག ལམ་དབུ་མ་ཟེར་བ་འདིའི་གྲོས་གཞི་ལ་ལྟ་སྐབས་རྒྱལ་བ་རིན་པོ་མཆོག་ཉིད་ཀྱི་བྱང་ཆུབ་ཀྱི་ཐུགས་ཉམས་བཞེས་ཀྱི་ཚད་མཐོན་པོ་ཞིག་ཏུ་སླེབས་ནས་རྒྱ་བོད་གཉིས་ལ་དགྲ་གཉེན་སྡང་ཞེན་རྩ་བ་ནས་མེད་པ་ཞིག་ཏུ་སླེབས་ཟིན་འདུག བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་ཞེས་མིང་འདོགས་སྟངས་ཁོ་ནས་སྐབས་དེར་རྒྱལ་བ་རིན་པོ་ཆེ་བོད་རྒྱ་གཉིས་ཀྱི་བར་བཞུགས་གནང་བ་ལས་བོད་ཕྱོགས་སུ་ཡོ་བ་གཏན་ནས་མི་སྣང་། ཆོས་ཀྱི་ཉམས་ལེན་ལ་བལྟས་ན་དེ་འདྲ་ཞིག་ཡིན་ཡང་དགོས་ཏེ་ཆོས་པ་ཆགས་སྡང་གི་གནས་སུ་གྱར་ན་ཆོས་མགོ་མ་ཐོན་པའི་རྟགས་ཡིན་པས་ཆོས་པ་ཞིག་གི་ངོས་ནས་བཤད་ན་དགའ་འོས་པ་དང་ཆབ་སྲིད་པ་ཞིག་གི་ངོས་ནས་གླེང་ན་གནམ་རྡིབས་སོང་བ་རེད། ང་ཚོས་ད་དུང་ཡང་ཆོས་སྲིད་ཀྱི་དབྱེ་བ་མ་ཤེས། ཆོས་པ་དང་འཇིག་རྟེན་པའི་དབྱེ་བ་མ་ཕྱེད། བྱང་ཆུབ་སེམས་དཔའ་དང་མི་ནག་ཐ་མལ་པའི་དབྱེ་བ་མ་ཕྱེད་ནས་སེངྒེ་མཆོང་ས་ལ་ཝ་མཆོང་ཁུལ་བྱས་ནས་མ་འཇོན་པ་རེད་འདུག ངས་རང་གི་བསམ་ཚུལ་གླེང་གི་ཡོད།་རྒྱལ་བ་རིན་པོ་ཆེ་རང་གིས་ཀྱང་སངས་རྒྱས་ཀྱི་བསྟན་པ་འཛིན་རྒྱུ་དེ་ཨང་དང་པོ་དང་བོད་མིའི་བདེ་དོན་སྒྲུབ་པ་དེ་ཨང་གསུམ་པར་བཞག་ཡོད་པ་རེད།
དབང་ཆེན་གྱིས་ཟེར་ན་༧གོང་ས་མཆོག་མཚན་སྙན་གྲགས་ཆེད་བོད་བློས་བཏང་ནས་ལམ་དབུ་མ་འདི་བསྐྲུན་པ་རེད་ཟེར། བློ་ལྡན་སྤོབས་པ་ལྟར་ན་༧གོང་ས་མཆོག་ནང་ཆོས་ཀྱི་ཉམས་ལེན་ཚད་མཐོན་པོར་ཕེབས་པའི་འབྲས་བུར་རང་གཞན་མཉམ་པའི་ལྟ་གྲུབ་གཞི་ལ་བཅས་ཏེ་ལམ་དབུ་མ་འདི་སྟོན་པ་རེད་ཟེར།
ངས་ཀྱང་རྒྱུ་མཚན་གཞན་དག་དང་བཅས་གཉིས་པ་འདི་ཁས་ལེན་ནོ།།
སྤོབས་མཐའ་ལགས་ངས་ཡང་དེ་ལབ་ཀྱིན་ཡོད། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ནང་པཎ་ཆེན་རིན་པོ་ཆེ་ལ་སློབ་སྦྱོང་མེད་པ་དང་དམར་ཤག་ལྟ་བ་ཤུགས་ཆེན་པོ་ཡོད་པས་མ་འཇོན་པ་མ་གཏོགས་རྒྱལ་བ་རིན་པོ་ཆེ་ཁོང་རང་གིས་མཐའ་གཅིག་ཏུ་བོད་རང་བཙན་ཐོག་ཤུགས་བརྒྱབ་པ་གསལ་བོར་གསུང་པ་མ་ཟད། བཙན་བྱོལ་ལ་ཕེབས་རྗེས་ཡང་ནེའུ་བྷེལ་ཞི་བདེའི་འོས་གཞི་མ་དྲན་བར་དུ་བཀའ་སློབ་ཚང་མ་མཐའ་གཅིག་ཏུ་རང་བཙན་གཙང་མའི་གཞི་རྩ་བརྟན་པོ་ཡོད་པའི་ལམ་ཕྱོགས་ཐོག་ཤར་བསྐྱོད་བྱས་པ་རེད། ཡིན་ནའང་༡༩༧༩ལོར་ཏིང་ཞའོ་ཕིང་གིས་༧གོང་ས་མཆོག་གིས་བོད་རང་བཙན་རྩོད་གླེང་མ་གནང་ན་། དེ་མིན་གྱི་གནད་དོན་ཐམས་ཅད་གྲོས་མོལ་གྱི་ལམ་ནས་ཐག་གཅོད་གནང་ཆོག་པའི་གྲོས་འགོ་བཏོན་པ་ལ་ཁ་གཡར་ནས། ༧གོང་ས་མཆོག་གིས་བོད་རང་བཙན་མི་རྩོད་པར་གཉིས་ཕན་གྱི་བདེ་སྐྱིད་ཅིག་དགོས་ཞེས་གྲོས་གཞི་ཞིག་བཏོན་པ་དེ་ནི་གཙོ་བོ་ནེའུ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་ཤག་ལ་ཞུགས་འདོད་ཡོད་པའི་རེད་ཅེས་སྔོན་ཆད་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་བཤད་པ་ཁུངས་དག་ཅིག་ཐོས་མྱོང་བ་མ་ཟད་ཞིབ་མོའི་བློ་ཡིས་དཔྱད་ནའང་ཧ་གོ་གྱི་འདུག །སྤྱིར་བཏང་གོང་ས་མཆོག་གིས་བོད་རང་སྐྱོང་ལྗོངས་བརྩད་ན་བོད་མི་མི་དགའ། རང་བཙན་བརྩད་ན་རྒྱ་མི་མི་དགའ། དེ་བས་བདེ་སྐྱིད་དགོས་ཞེས་དང་པོ་གཞི་འཛིན་ས་མེད་པའི་གཉིས་སྨན་གྱི་མར་རིལ་གྱིས་ཐུག་པ་ཞིག་བསྐོལ་ནའང་རྗེས་མ་ཨ་རིའི་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་རྭ་ལ་སྲིད་ཇུས་གཞི་མེད་ཅིག་ལེན་རག་མ་བྱས་རྐྱེན། རྒྱ་མི་མི་དགའ་སའི་རང་བཙན་དོར་ནས་བོད་མི་མི་དགའ་སའི་རང་སྐྱོང་ལྗོངས་བདམས་དགོས་ཆགས་པ་རེད། དེ་ནི་བོད་མི་གྲངས་ཉུང་མི་རིགས་ཤིག་དང་རྒྱ་མི་གྲངས་འབོར་མཐོ་བའི་རྒྱལ་ཁབ་ཅིག་ཡིན་ཙང་ནེའུ་བྷེལ་ཞི་བདེའི་འོས་གྲངས་ལ་ཕན་ཐོག་ཡོད་མེད་ཀྱིས་ཕྱོགས་སུ་དམིགས་ནས་མི་རིགས་གཉིས་ཀྱི་ཆེ་བ་དེའི་དགའ་ཕྱོགས་ཤིག་བདམས་པ་མ་གཏོགས་བོད་མིའི་མ་འོངས་བའི་འདུན་ལམ་དང་བོད་མིའི་སྐབས་དེ་དུས་ཀྱི་འཚོ་གནས་ཀྱི་དཀའ་ངལ་དང་དེ་བཞིན་བོད་འདི་མཐར་རྒྱ་མི་རིགས་དང་ཁ་བྲལ་ནས་བོད་རང་དབང་ངང་རང་རྐྱ་ཐུབ་པའི་མི་རིགས་གཙང་མ་ཞིག་ཆགས་ཐུབ་མིན་གྱིས་རྨིང་གཞི་དང་དམིགས་ཡུལ་ཞིག་རྩ་བ་ནས་མེད་པ་རེད། གལ་ཏེ་༧གོང་ས་མཆོག་རིག་པ་ཚད་ཕེབས་ཀྱི་གྲོལ་ལམ་ལ་བརྟེན་ནས་ཁྲེགས་ཆོད་ལྟ་བའི་རང་ངོ་འཕྲོད་ཏེ་འཁོར་འདས་གཉིས་འཛིན་གྱི་སྣང་བ་ཀུན་སྒྱུ་མར་ཤེས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྲུབ་ཟིན་ན་ནི་དགུ་བཅུ་གོ་དགུ་ལོར་ཨ་རིའི་གསར་འགོད་མ་ཨ་ནཱ་ཁེ་རེའུ་ལ་དབུ་མའི་ལམ་གྱིས་གོ་ཆོད་མ་སོང་ད་བོད་མི་དམངས་ཀྱི་ལག་པར་སྤྲད་ཀྱི་ཡིན་གསུངས་ཏེ་ཁས་བླངས་པའི་མཐར་ཨུ་ཐུག་ནས་རྩ་དགོངས་ཞུས་ཤིང་རྩ་གཞུང་ཡང་སྒོ་བརྒྱབ་ནའང་དེང་སང་མང་མོས་སྲིད་སྐྱོང་ལ་རང་དབང་སྤུ་རྩེ་ཙམ་མི་སྤྲད་པར་དབུ་མའི་ལམ་ནི་ད་ལྟའི་ཆར་བོད་དོན་ལ་མེད་དུ་མི་རུང་བའི་གྲུབ་འབྲས་ཅན་གྱི་སྲིད་ཇུས་བཟང་པོ་ཞིག་ཡིན་ཞེས་མགོ་ལ་ཇ་འཇོག་འཇོག་བྱེད་དགོས་དོན་མེད་པ་མ་ཟད། ཨཱེ་ཊ་ལཱི་དང་ལ་དྭགས་བཅས་སུ་ང་ཡིས་བཀའ་སྤྱི་བོར་མི་ལེན་པ་ཚོ་ཞེས་ཐུགས་དགོངས་ཉིས་སྟོང་བཅུ་གཉིས་ལོའི་ཆུ་འབྲུག་ལྟར་འཁྲུགས་ཤིང་བཀའ་བཙན་གློག་དམར་བཞིན་འཁྱུག་དགོས་དོན་ཡང་ག་ལ་མཆིས། དབུ་ལམ་འདིས་བོད་དོན་ཐད་མ་འཇོན་པ་གཅིག་པོ་ཙམ་མིན་པར་དབུ་ལམ་ལ་བོད་དོན་ཐད་རྨིང་གཞི་དང་དམིགས་ཡུལ་གང་ཡང་མེད་པའི་མི་སྒེར་གྱི་ཁེ་ཕན་ཙམ་ཡིན་ཞེས་ངས་དགོས་པ་དེ་ཡིན།།
ཨ་རོགས་་དྲིན་ཆེན་ཚོ་་་་་་༧གོང་ས་མཆོག་ཆོས་ཉམས་ལེན་ཚད་མཐོར་ཇི་ཙམ་ཕེབས་ནའང་་་བོད་མི་དམངས་ཚོགས་ལ་འདོད་པ་ཡོད་མེད་ལ་མ་བལྟས་བར་རང་གི་རྒྱབ་ཁབ་ཕྱེད་ཀ་རྒྱ་ལ་བྱིན་འེ་ཡོང་་་་དབུ་མའི་ལམ་འདི་ཡིན་གཅིག་མི་གཅིག་ཆོས་དང་སྦྱར་ནས་འགྲེལ་དགོས་པ་ལས་་་་སྲིད་ཕྱོགས་སུ་འགྲེལ་སྟངས་མེད་པའི་སངས་རྒྱས་ཀྱི་ལམ་ལྟ་བུར་རེད་པས། ཁ་གཡས་སྐོར་གཡོན་སྐོར་བྱས་ནས་ཁོང་གིས་འཇོན་མེད་པ་མདོག་མདོག་ལབ་མ་ཡོང་རོགས་་་་གདོང་བར་སྤུ་སྐྱེས་མེད་ན།
སྤྱིར་ཁམས་རིགས་ཆོས་བརྒྱུད་རྙིང་མ་དང་བཀའ་བརྒྱུད་ཡིན་མཁན་ཚོའི་བསམ་ཚུལ་གྱོང་པོ་རྭ་ལྟ་བུ་རེད། གོ་བསྐོན་བྱ་རྒྱུ་ཧ་ཅང་གི་དཀའ།
ཆོས་བརྒྱུད་དང་ཆོལ་ཁའི་སྐད་ཆ་བཤད་པའི་དུས་མིན། ཆོས་བརྒྱུད་རིས་མེད་ཆོལ་ཁ་རིས་མེད་སུ་དང་སུ་ཡིན་རུང་བོད་སྤྱི་པའི་དོན་སྐོར་ནས་བཤད་པའི་སྐབས་ཡིན། ཤེས་འཇོན་ནུས་པ་འཕེར་བ་སུས་ཀྱང་༢༠༡༥ ལོར་འོས་མིར་ལངས་ནས་སྲིད་སྐྱོང་གི་འགན་འཁུར་ཕྲག་ཏུ་བཞེས་ནས་བོད་འདི་སྐྱོབ་པར་ཕེབས་པར་དགའ་བསུ་དང་རང་དབང་མང་གཙོ་རེད། རྒྱལ་བ་པཎ་ཆེན་གཉིས་ལ་ཟུར་ཟ་གནང་ནས་བྱབ་མེད། པཎ་ཆེན་ཡང་སྲིད་གནས་བབ་ལ་གཟིགས་དང་། རྒྱལ་བས་གོ་སྐབས་མང་གཙོའི་རང་དབང་གནང་ཡོད་ན་ཨ་ཕོ་ལ་འཇོན་ཐང་ཡོད་དོ་རར་ཐོན་ནས་ཕེབས་རོགས། རྐྱེན་ནི་སྐབས་སྟོབས་ཀྱིས་ཡིན་ལ་རྐྱེན་རྩ་བརྒྱུད་རྒྱུ་ནི། བསྟན་པ་སྟོབས་ཀྱིས་བསྐྱངས་པའི་མེས་དཔོན་ནུས་སྟོབས་རིམ་ཉམས་ནས་བོད་སིལ་བུར་འགྲིམས་པའི་འཕྲང་དེར་ཁ་གསབ་དང་གོང་བུ་བསྐྱར་སྒྲིལ་མ་ཐུབ་པར་ཡུན་རིང་ལུས་པའི་མཇུག་འབྲས་དང་། དེ་ལས་བརྒྱུད་རིམ་དུ་སྤྱི་ཚོགས་རྙིང་པ་དང་། མུན་པའི་དུས་རིམ། སྣང་མུན་འདྲེས་པའི་དུས་རིམ། ཡ་ང་བའི་དུས་རིམ་སོགས་བརྒྱུད་དེ་མཐར་བོད་འདི་དགྲ་བོས་འོག་ཏུ་ཡར་ལངས་དཀའ་བའི་གནས་སྐབས་ཡང་ཐའ་ཡང་ཞན་ནང་ཆོལ་གསུམ་ཆོས་བརྒྱུ་ཡོངས་རྫོགས་རྡོག་བརྫིས་ཐེབས་པ་ངེས་པར་ཤེས་དགོས། འདི་འདྲའི་གནས་བབ་དེ་བོད་གཅིག་པུ་མིན་པར་ཡུ་རོབ་རྒྱལ་ཁབ་ཚོས་ཀྱང་བརྒྱུད་པའི་ཉམས་མྱོང་ཡོད་པ་རེད། མདོར་ན། འདས་པ་འདས་པ་རེད་ལ་སུས་ཀྱང་བཅོས་ཐབས་མེད། དེ་ལས་མ་འོངས་གལ་ཆེ་བས་དངོས་གནས་བོད་དོན་བསམ་མཁན་ཡིན་ན། མེས་དབོན་རྣམ་པ་འདས་ཀྱང་མེས་པོའི་ཕྱག་རྗེས་བོད་ཀྱི་ཁྱད་ནོར་བཟང་པོས་འགྲོ་བ་མང་པོར་ཕན་འབྲས་སུ་ཡོད། བོད་ཀྱི་ཁ་ཕྱོགས་གཡོན་དུ་འཁྲིད་མཁན་ཚོ་འདས་ཟིན་རུང་དེའི་ངན་འབྲས་ད་ལྟ་ཡང་འ྄ཕྱུར་བཞིན་ཡོད། དཔལ་ལྡན་ཟླ་བས། གནོད་པ་བྱས་པ་གལ་ཏེ་དེར་བཀོན་ན། །འདི་ལ་བཀོན་པས་བྱས་ཟིན་ལྡོག་གམ་ཅི། །དེ་བཞིན་དཔལ་ཞི་བ་ལྷས། གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་པ་ནང་གི་འཁོན་སྐྲན་སེལ་བའི་མན་ངག་རླབས་པོ་ཆེ་ཡིན། དེ་ལས། གལ་ཏེ་བཅོས་ཡོད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཡོད། །ཅེས་ཐབས་ཤེས་ཡོད་ན་འཁོན་འཛིན་མི་དགའ་བ་བྱས་དོན་མེད་པར་འབད་རྩོལ་དང་ཐབས་ལམ་གསར་གཏོད་གང་དྲག་བྱ་རྒྱུ་དེ་ཡིན། ཞུམ་པ་ཕན་ཚུན་བསྙོན་འདིང་རེས་བྱས་ནས་དགོས་དོན་མེད་པར་སེམས། གང་ལྟར་ལྟ་ཚུལ་ཕྲན་བུ་མི་མཐུན་ས་ནས་ཆིག་སྒྲིལ་གྱི་གོང་བུ་གཏོར་རྐྱེན་དུ་འགྲ་ན་རེ་ཞིག་བཏང་སྙོམས་སུ་འཇོག་དགོས། དེ་མིན་ཚད་ལྡ་རང་དབང་མང་གཙོའི་གོ་སྐབས་བླང་ན་དངོས་གནས་དོན་གནད་ཕིགས་པ་ཡིན།
བྱམས་དང་སྙིང་གྱི་འཕགས་པའི་སེམས་མཆོག
བདག་ལས་གཞན་གྱི་སྤྱོད་པ་བཟང་པོར།
མཁས་བླུན་ཁྲི་སྟོང་གིས་ཡིད་སྨོན་ཤོར་ཡང་།
མི་ཡི་སྤྱི་ཚོགས་འདིར་སྒྱུར་ཐབས་མི་འདུག
སྤྱང་ཀི་ཤ་འདོད་ཀྱིས་ཤ་ལ་རྔམ་པ།
གུན་ཁྲན་ནོར་འདོད་ཀྱིས་ནོར་ལ་རྔམ་དུས།
གཞན་ཕན་བྱང་སེམས་ཀྱི་ཆོས་སྐད་སྙན་མོ།
རྣ་བའི་བུ་ག་ནང་འགྲོ་ཐབས་མི་འདུག
བལྟས་ན་མཛེས་མཛེས་ཀྱི་གཞན་ཕན་སྙིང་རྗེ།
མི་ལོ་སྟོང་ཕྲག་རིང་བོད་ལ་བཤད་ཀྱང་།
ལག་ལེན་ནང་འཁྲུག་གི་ལོ་རྒྱུས་སྐྱ་བོ།
གངས་ཅན་བོད་ཡུལ་དུ་རི་མོ་བྲིས་ཡོད།
བྱམས་དང་སྙིང་གྱི་འཕགས་པའི་སེམས་མཆོག
བདག་ལས་གཞན་གཅེས་གྱི་སྤྱོད་པ་བཟང་པོར།
མཁས་བླུན་ཁྲི་སྟོང་གིས་ཡིད་སྨོན་ཤོར་ཡང་།
མི་ཡི་སྤྱི་ཚོགས་འདིར་སྒྱུར་ཐབས་མི་འདུག
སྤྱང་ཀི་ཤ་འདོད་ཀྱིས་ཤ་ལ་རྔམ་པ།
གུན་ཁྲན་ནོར་འདོད་ཀྱིས་ནོར་ལ་རྔམ་དུས།
གཞན་ཕན་བྱང་སེམས་ཀྱི་ཆོས་སྐད་སྙན་མོ།
རྣ་བའི་བུ་ག་ནང་འགྲོ་ཐབས་མི་འདུག
བལྟས་ན་མཛེས་མཛེས་ཀྱི་གཞན་ཕན་སྙིང་རྗེ།
མི་ལོ་སྟོང་ཕྲག་རིང་བོད་ལ་བཤད་ཀྱང་།
ལག་ལེན་ནང་འཁྲུག་གི་ལོ་རྒྱུས་སྐྱ་བོ།
གངས་ཅན་བོད་ཡུལ་དུ་རི་མོ་བྲིས་ཡོད།་་་་ཅེས་བཅོས་རོགས་གནང་།
ཨ་རོགས་ཚོ། སྲིད་བཤད་དུས་ཆོས་བཤད་མ་ཡོང་ཨ། ད་དུང་ཆོས་ལུགས་དང་ཆོས་བརྒྱུད་ལུང་ཚན་ཆོལ་ཁ་སོགས་དེ་བས་བཤད་མ་ཡོང་རོགས། ཉན་འདོད་རྩ་བ་ནས་མེད། འདི་ཚོས་བོད་མི་རིགས་གོང་བུ་གཅིག་གྱུར་གཏོར་བརླག་དང་གཏོར་བཤིག་གཏོང་མཁན་གྱི་བྱེད་གཏེ་དེ་རེད། དུས་རབས་ཉེར་གཅིག་པར་སླེབས་ནས་ཡུན་རིང་སོང་ཡང་ད་དུང་ན་ཚ་འདི་དྲག་བསྐྱེད་མེད་པ་ག་རེ་རེད།
དངོས་ནས་ཉོག་བཤད་སྒང་ལ་གཟར་བཤད། མ་རྟོགས་འཕྲོས་ལ་ལོག་རྟོགས། སྒྲོ་འདོགས་ཞོར་དུ་སྐུར་འདེབས། ཝ་ཞ་གོན་དང་ཁྱི་རྟ་ཁྲིད་རྗེས་ཀྱི་ར་མདའ། གནད་དོན་གླེང་མི་ཤེས་ན་ཁ་རོགས་སྡོད། སེམས་ལ་ཅི་དྲན་བཤད་མ་ཡོང་སྤྱི་ཚོགས་ལ་འགན་འཁུར་དགོས་བ་རེད་ད།
རྒྱ་ནག་གཅིག་གྱུར་གྱི་སྲིད་ཇུས་ཆེན་པོ།
བཙན་པོ་ཨ་རི་ཡིས་དོར་ཐབས་མེད་ན།
རང་དབང་རང་བཙན་ཞེས་གནམ་འོག་འདི་ལ།
རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་མི་འདུག
འགྲོགས་མེད་ཁེར་རྐྱང་གི་ཏྭ་ལའི་བླ་མ།
འཇོན་མེད་ནུས་མེད་ཀྱི་བཙན་བྱོལ་མི་དམངས།
མི་འདོད་རྒྱ་ཁྲིམས་འོག་འགྲོ་བ་མ་གཏོགས།
རང་ཐག་རང་གཅོད་ཀྱི་ཐོབ་ཐང་མི་འདུག
ཚང་མས་ཞུམ་པ་དང་ངང་ཐུང་ཁྱོན་མ་གནང་། ད་དུང་མགོ་རྙོག་དང་བདར་ཤ་གཅོད་དགོས་པ་མང་པོ་འདུག
ཚང་མས་བསམ་ཚུལ་མཇིང་པ་རྨྱང་ནས་སྟོན་ཤོག་ཨང་། བགྲོ་གླེང་གོ་བསྡུར་ཚ་ཚ་འུར་འུར། རྣམ་དཔྱོད་ཀྱི་གཤོག་རྩལ་རྐྱོང་ཤོག་ཨང་། བྱུང་ན་ཁ་བརྡ་དྲ་བས་གོ་སྒྲིག་འོག་དངོས་སུ་བགྲོ་གླེང་གྲུབ་འབྲས་གང་ཐོན་འདུ་འཛོམས་བྱ་དགོས་སྙམ། མི་རིགས་གཅིག་དང་རྒྱལ་ཁབ་གཅིག་གི་དོན་ཡིན། མི་གཅིག་དང་ནང་མིའི་དོན་ལ་ང་ཚོས་མགོ་ན་ན་བརྟག་དཔྱད་དང་གོ་བསྐོན་གསེད་བཀྲོལ་བྱས་ན་བོད་རྒྱལ་ཁྱབ་ཀྱི་དོན་ལ་དེ་བས་འཐུས་ཚང་ནན་ཏན་མཉམ་སྒྲིལ་དོ་གལ་ཆེ། གུས་པས་བསམ་ཚུལ་བཏོན་སྐབས་བསམ་བློ་བཏང་གང་ཐུབ་ཀྱིས་གོ་ཚོད་པ་བྱས་ནས་བཀོད་ཁུལ་ལགས། ལེགས་སྒྲུག་ཉེས་དོར་ནི་རྣམ་དཔྱོད་ལྡན་རང་གིས་ལག་ཏུ་ཡོད། ཚང་མས་ཧུར་ཐག་འབད་ཐག་སེམས་ཤུགས་མ་ཆགས་པར་ཚ་ཚ་འུར་འུར་ཡིན་གདའ། ད་ཕྱིར་མི་ལྡོག་པའི་དམ་བཅའ་བརྟན་པོ་བཟུང་ཤིག་ཨང་།
རྣམ་དཔྱོད་ལྡན་པའི་དྲྭ་གྲོགས་ཡོངས་ཀྱིས་ལྷགས་བསམ་ཟོལ་མེད་ཀྱི་སྒྲོ་གླེང་ཚད་ལྡན་ཞིག་ཡོང་བའི་རེ་བ་ཡོད། སྐུ་ཞབས་སྤོབས་པ་མཐའ་ཡས་ཀྱིས་གསེར་ལས་རིན་ཐང་ཆེ་བའི་བསམ་ཚུལ་དག་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། འདི་ན་བོད་མི་རིགས་གི་མདུན་ལམ་བཤད་གི་ཡོད་པ་ལས་༧་གོང་ས་མཆོག་ལ་དད་དམ་ལྡན་མི་ལྡན་གི་སྐད་ཆ་བཤད་གི་མེད། དེ་ཡིན་དུས་དབུ་མའི་ལམ་འདི་མགོ་འཛུག་པ་ནས་བཟུང་ད་ལྟའི་བར་དུ་ཕན་གནོད་ཇི་ཙམ་བྱུང་ཡོད་མེད་སྐོར་སྒྲོ་གླེང་གནང་རོག ཉེ་བའི་ལོ་ཤས་ནས་བཟུང་བཙན་བྱོལ་སྒྲིགས་འཛུག་གིས་དབུ་མའི་ལམ་དྲིལ་བསྒྲགས་ཤུག་ཆེ་རུ་གཏང་ནས་ བོད་ནས་བཙན་བྱོལ་དུ་འོང་མཁན་ཧ་ཅང་ཉུང་ཉུང་ཆག་པ་རེད། དཔེ་ན་བསོག་སྒར་སློབ་གྲྭ་ལྟ་བུ་ལ་མཚོན་ན་ དབུ་ལམ་དྲིལ་སྒྲགས་ཤུགས་ཆེར་མ་གཏོང་བའི་སྔོན་དུ་ལོ་རེ་ལ་སློབ་ཕྲུག་བདུན་བརྒྱ་ནས་གཅིག་སྟོང་བར་ཡོང་གི་ཡོད་པ་རེད། དེང་སང་ལོ་རེར་ལྔ་བཅུ་ནས་ བརྒྱ་དང་ལྔ་བཅུའི་བར་རེད། དཔེ་མཚོན་དེ་ཙམ་ཀྱིས་སྒོ་ནས་དབུ་མའི་ལམ་གྱི་གྲུབ་འབྲས་ལ་འགྲེལ་བཤད་མང་པོ་མི་དགོས།
ལྷག་བསམ་ཡངས་པར། དབུ་མའི་ལམ་ལ་མོས་པ་མེད་རུང་སྡང་དགོས་གལ་མི་ཆེ། དོན་ནི། གལ་ཏེ་དབུ་མའི་ལམ་གྱི་འགྲོ་སྟངས་ཀྱི་གོང་དུ་དེ་དང་མ་འདྲ་བའི་ཐབས་ལམ་ཅི་ཞིག་ཡོད་དམ། རང་དབང་རང་བཙན་རང་སྐྱོང་གསུམ་གྱི་རྣམ་དབྱེ་མཚམས་འཛིན་གང་ནས་ཕྱེ་དགོས་སམ། དེ་ལས་བརྒལ་བའམ་དབུས་ལམ་ནང་མ་བསྡུས་པའི་འགྲོ་ལུགས་འགྲོ་སྟངས་འདི་དང་འདི་ཞེས་དངོས་ཡོད་དང་མཐུན་ལ། ཧ་ཅང་མཐོ་བ་རང་ལག་གིས་མ་བསྙོབ་ས་དེ་འདྲ་མིན་པར་དེ་དག་ལག་ལེན་འཁེལ་བའི་ཤེས་འཇོན་མི་སྣ་ཡོད་པ། མཐིལ་ཕྱིན་པའི་ཞིབ་ཚགས་རྗེན་རྗེན་མེད་རུང་གང་འཚམས་རགས་རིམ་ཞིག་ཡོད་པའི་གོ་རིམས་ཞིག་ངེས་པར་བཤམས་སྟོན་གནང་དགོས་སོ།།
རང་ཉམས་དཔོག་པའི་དབུ་མའི་ལམ་གྱི་གོ་ཚོད་ཅིག་གཞི་ལམ་འབྲས་གསུམ་གྱི་ངོ་བོ་ཙམ་གོང་དི་བཀོད་པ་དེ་ཡིན། དེ་མིན་དབུ་མའི་ལམ་གྱི་སྒྲིག་འཛུགས་དང་ཚོགས་པ་ཁག་ནས་ཞིབ་རྒྱས་གོ་འབྱོར་ཐུབ་ངེས་བཅས།།
དབུ་མའི་ལམ་ལ་ཡོན་ཏན་མེད་པ་མིན།།
རང་བཙན་རྩོད་པར་སྐྱོན་ཆ་མེད་པ་མིན།།
གཙོ་ཕལ་འཕྲལ་ཕུགས་དཔྱད་དེ་རང་མོས་ཡོད།།
དགྲ་བོའི་ཁ་གཏད་ལངས་པ་གཅིག་གྱུར་ཡིན།།
དབུ་མའི་ལམ་གྱི་ཡོན་ཏན་རྒྱ་འོག་འཛུལ།།
རང་བཙན་དྲང་བདེན་སྐྱོན་མེད་གསེར་དང་མཚུངས།།
དབུ་ལམ་གཙོ་ཕལ་འཕྲལ་ཕུགས་མེད་པ་ཡི།།
དགྲ་ལ་ངོ་དགའ་གཉེན་ལ་ཞེ་འཁོན་འཛིན།།
དབུ་མའི་ལམ་གྱིས་ཆོས་ཀྱི་ཁྱད་ཆོས་སྟོན།།
དབུ་མའི་ལམ་གྱིས་བོད་ཀྱི་ཚེ་སྲོག་འཛིན།།
དབུ་མའི་ལམ་གྱིས་འཛམ་གླིང་ཞི་བདེ་བསྐྲུན།།
དབུ་མའི་ལམ་གྱིས་རིས་མེད་འདྲ་མཉམ་བསྟན།།
འདི་ན་སྤྲུལ་གོག་གཉིས་དགོངས་པ་དང་དབྱངས་གཅིག་རེད་མིན་འདུག་ཏ
སྤོབས་པ་མཐའ་ཡས་དང། རང་གིས་རང་ལ་སྤྲུལ་སྐུ་ཙམ་དུ་འབོད་པས་དབང་ཆེན་སོགས་བླུན་པོ་མང་པོ་ད་དུང་འདུག་ཀ
དབུ་མའི་ས་ལམ་འབྲས་བུ་སྟོང་པ་ཉིད།
རང་བཙན་རྩོད་དེ་ལྷན་སྐྱེས་ཐོབ་ཐང་ཞིག།
དབུ་ལམ་གཙོ་ཕུགས་རྒྱ་ཡི་རྐུབ་གཡོག་ཉིད།
རང་བཙན་དྲང་བདེན་ཕུགས་ཀྱི་མདུན་མ་ཡིན།
འདི་ལམ་དབུ་མ་ལ་སྲིད་ཕྱོགས་ནས་བལྟས་པ་ཡིན། ད་ལམ་དབུ་མ་ལ་ཆོས་ཕྱོགས་ནས་ལྟ་སྟངས་ཤིག་བྲིས་ཡོད། སང་ཉིན་ཁྱེད་ཚོའི་སྤྱན་ལམ་དུ་བསྟར་ཡོང་ཆོག དེ་ལ་ལྟད་མོ་ཆེན་པོ་ཡོད།
ད་དུང་དབུ་མའི་ལམ་ཀྱི་སྐོར་གྱི་ཚིགས་བཅད་ཐོར་བུའི་སྡེ་ཚན་ཞིག་ཡོད་པ་དེ་ཡང་མི་འགྱང་བར་ཁྱེད་རྣམ་པའི་སྤྱན་ལམ་དུ་བསྟར་རྩིས་ཡོད།
སྤོབས་མཐའ་ལགས། རྒྱ་བོད་བར་ལ་ལམ་དབུ་མ་ཞེས་པ་དེ་ཆོས་རེད་ཡང་ན་སྲིད་རེད། ཆོས་ཡིན་ན་ནི་ཟླ་བ་གྲགས་པའི་འཇུག་པ་ལས་ལྷག་གཅིག་མེད་ཚོད་རེད། སྲིད་ཡིན་ན་ནི་ཕན་ཚུན་གཉིས་ཀའི་རྣམ་འགྱུར་དང་བྱེད་ལས་ལ་ལྟོས་ནས་འགྱུར་བ་འགྲོ་དགོས་པ་ཞིག་རེད།
སྤྱིར་ན་ལམ་དབུ་མ་ཟེར་བའི་མིང་འདི་འདོགས་སྟངས་ཀྱང་འགྲིགས་གི་མི་འདུག ལམ་དབུས་མ་ཟེར་དགོས་ཀྱི་འདུག དེའི་སྐོར་ངའི་ལམ་དབུ་མ་ལ་ཆོས་ཕྱོགས་ནས་ལྟ་སྟངས་དེའི་ནང་ལ་ཅུང་ཟད་བྲིས་ཡོད། མགྱོག་པར་འདིར་སྤེལ་ཡོང་། ད་ནས་ང་ཚོས་ལམ་དབུས་མ་ཟེ་དགོས་ཀྱི་འདུག ལམ་དབུ་མའི་འཇུག་ཡུལ་ངོ་མ་དེ་རྒྱ་བོད་གཉིས་ཀྱི་ཕྱོགས་སུ་མ་ལྷུང་བའི་བར་གནས་ལྟ་བུའི་བཤད་སྟངས་ཤིག་ཡིན་ས་རེད། བོད་མི་ཞིག་གིས་རྒྱ་བོད་གཉིས་ཀྱི་བར་གནས་བྱེད་ཁག་སེ་ཡིན་པ་འདྲ། རྒྱ་གར་་དང་ཨ་མེ་རི་ཁ་བ་ཞིག་ཡིན་ན་རྒྱ་བོད་བར་གྱི་བར་གནས་ལྟ་བུ་བྱེད་ཀྱི་ཡིན་ལབ་ན་ཅུང་འགྲིགས་པ་འདུག དེ་མིན་ངས་ཀྱང་གོ་བ་ལེན་ཐུབ་མ་སོང་།
སྤོབས་མཐའ་ལགས། དུས་ཐོག་ལ་ལྗགས་ལན་གནང་བར་ཐུགས་རྗེ་ཆེ། ངས་ཀྱང་དེ་ལྟར་དྲན་བསྡད་ཡོད། བྱས་ན་ལམ་དབུ་མ་ཆོས་ཕྱོགས་ནས་ལྟ་སྟངས་ཞེས་པ་དེར་བལྟ་རྒྱུ་སྒུག་ནས་ཡོད།
དགྲ་བོའི་དགྲ་བོ་གཉེན་གྲོགས་ཡིན།།ང་ཚོ་སྤུན་ཟླ་བོད་རིགས་ཡིན།།རྒྱ་འོག་འཛུལ་འདོད་སུ་སལང་མེད།།རང་རྐྱ་འཕེར་བའི་ཐབས་ལམ་གང་།།དངོས་དོན་རྒྱ་འོག་ཚུད་ནས་གདའ།།ཁ་བྲལ་ལོག་སྤྱོད་བརྙས་ནས་སྨོད།།དགྲ་བོས་རྡོག་པས་བརྫི་བཞིན་དུ།།འཛུལ་འདོད་མེད་ཅེས་བརྗོད་མི་ཕན།།དབུ་མའི་ལམ་ལས་ཐབས་གཞན་གང་།།ཡོད་ན་འདི་ཞེས་བསྟན་དུས་ཡིན།།དེ་མིན་སྡང་ཙམ་དགོས་མི་ཆེ།།ང་ཡང་དགྲ་བོར་སྒུར་འདོད་མེད།།དངོས་ཡོད་གང་ལས་གཡོལ་མེད་ལ།།ཐབས་གཞན་བཙལ་བའི་ནུས་ལྡེང་མེད།།དབུ་མར་གཞོལ་ལས་གང་ཞིག་ལྷག
ང་ལ་བློ་མཐུན་གཅིག་མང་དུ་ཕྱིན་པ་དེ་དགའ་བྱུང་།
གཡོ་སྒྱུ་ཅན་གྱི་དབུ་ལམ། ། འབྲས་བུ་རང་མགོ་མཐོ་བ། །
ཁུངས་མ་ཆོད་པའི་རང་བཙན། །འབྲས་བུ་བོད་མི་ཤི་སྒུགས། །
དཔྱོད་ལྡན་སྤོབས་མཐའ་ལགས་ཀྱི་དཔྱད་རྩོམ་རིན་ཐང་དང་ལྡན་པ་ཞིག་ཡིན་པར་ཡིད་ཆེས་དང་བཅས་མྱུར་མཇལ་ལ་བསྒུག་ཡོད།
དྲང་བདེན་ལ་དུས་ནམ་ཡང་རྒྱབ་སྐྱོར་ཡོད
སྤྲུལ་མིང་ཅན་ཁྱོད་ཀྱིས་སེམས་རྣལ་ལ་བབས་ནས་སྐད་ཆ་བཤད་ན་བཟང་ མ་གཏོགས་སྤྱི་ཚོགས་ལ་འགན་ཁྱེར་དགོས་རེད་ད གང་བྱུང་བཤད་ན་སྤྱི་ཚོགས་ལ་ཕན་པ་ལས་གནོད་ཆེ ངེས་ནས་ཁྱོད་ལ་སྤྱི་སེམས་ཡོད
དབུ་མའི་ལམ་གྱི་གཞི་ལམ་འབྲས་གསུམ་རྣམ་གཞག་སྙིང་བསྡུས་ནི།
༡༽ གཞི་ནི། གཞི་རྩའི་བོད་དེ་རང་བཙན་ཡིན་པ་བདེན་པའི་གཞིར་བཅོལ་ནས་སྐབས་བབ་དངོས་ཡོད་ལ་གཞིགས་པའི་བདེན་པ་ལག་ལེན་དུ་ཡོད་པ།
༢༽ ལམ་ནི། གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་གཉིས་སྨན་འཚེ་བ་སྤངས་པའི་ལམ་སྲོལ།
༣༽ འབྲས་བུ་ནི། ཆོལ་གསུམ་ཆིག་སྒྲིལ་གྱི་ཚད་ལྡན་རང་སྐྱོང་།
དབུ་མའི་ལམ་གྱི་འགྲོ་སྟངས་རྩ་བ་འདིས་གོ་ཐུབ་སྙམ་ལ། རྒྱས་བཤད་དྲ་རྒྱ་དང་ཚོགས་པ་སྒྲིག་འཛུགས་ནས་ཤེས་ཐུབ།
འདི་ནི་གྲོས་ཐག་བཅད་པ་ཞིག་ཡིན་ཏེ། དེ་ལས། བབ་ལྷིང་བརྟན་གསུམ་གྱིས་ཐག་གཅོད་གནང་བ་ལས་གློ་བུར་བ་ཞིག་མིན་པར་གསུངས་ཡོད། རྒྱལ་བ་རིན་པོ་ཆེའི་དྲ་རྒྱར་གཟིགས་དང་།
མི་མང་ལ་ཐོབ་ཐང་ཨ་ཅང་མང་གཙོའི་རང་དབང་ཡོངས་རྫོགས་གནང་ཟིན་པ་གསལ་པོ་ཡིན། སྲིད་སྐྱོང་འགན་དབང་འོས་འདེམས་འགོ་ཁྲིད་སྲིད་སྐྱོང་སེང་གེ་མཆོག་ནས་འགན་བཞེས་གནང་མུས། ༼འདིར་མཁྱེན་དགོས་པར་༧གོང་ས་མཆོག་ནས་དགུང་ལོ་༡༦ ནས་༧༦ བར་བོད་གངས་ཅན་པར་བཀའ་དྲིན་འཁོར་ཟླ་མེད་པར་བསྐྱངས་པའི་རྗེས་དྲན་ཞུ་དགོས་ལ་ཁོང་སྲིད་ཀྱི་དངུལ་ཁྲི་ལས་ཆོས་ཀྱི་རྒྱལ་པོའི་གསེར་ཁྲིར་འཁོད་དེ་ཇི་སྲིད་ནམ་མཁའི་བར་མགོན་སྐྱབས་དཔུང་གཉེན་དུ་བཞུགས་གསོལ་མཛད།༽
འོན་ཀྱང་མི་མང་ལ་ཐོབ་ཐང་ཡོད་ན་འགན་འཁྲི་ཡང་ཡོད། དབུ་མའི་ལམ་ལ་ནུས་པ་མེད་ན་ལམ་གཞན་གང་ལ་ནུས་པ་ཡོད་གསལ་སྟོན་གནང་དང་། རྒྱ་དམར་གྱི་ཡ་ལན་མེད་པས་ཟེར་ན། རྒྱ་དམར་ནི་སྟོབས་ྖེན་རྒྱལ་ཁབ་དག་དང་རྫུན་ཁྲམ་མ་རབས་ཀྱི་སྤྱོད་ཚུལ་བསྟན་པ་མ་གཟིགས་སམ། ཁོས་དབུ་མའི་ལམ་ལ ཁ་ཡ་མ་བྱེད་ན་རང་བཙན་ལ་དེ་བས་མི་བྱེད་པ་ལེབ་མཐོང་རེད།
ཁོ་ལབ་རྒྱུས་ཕོངས་ནས་ཅི་བཤད་འདི་བཤད་རེད། ༧གོང་ས་མཆོག་རྒྱ་གར་ནས་ཐོན་པའི་གསིལ་ལྷམ་དཀྱུས་མ་བཞེས་པ་ལས་རྒྱ་ག་ནས་ཐོན་ཟོག་རུལ་ལྷམ་འཇའ་ཆེན་མ་བསྣབས་པས་རྩིག་ཟ་བྱས་པ་རེད། སྲིད་སྐྱོང་སེང་གེའི་སྤུན་མ་ཟད་སུས་ཀྱང་ཁང་ཉོ་ཆོག་གི་རེད། འོན་ཀྱང་རྒྱ་ནག་ཏུ་ཉེན་རྟོག་པ་ཞིག་གིས་ལག་འ྄ཁྱེར་རྫུན་མས་ཁང་པ་བརྒྱ་ཕྲག་ཉོས་པའི་རྙོག་དྲ་ཁེབས་མི་ཐུབ།
དབུ་མའི་ལམ་གཞན་པའི་ལམ་འདི་ཡིན་ཞེས་ཅི་ཡང་མེད་པར་བབ་ལྷིང་བརྟན་གསུམ་གྱིས་ཐག་བཅད་པའི་ལམ་དེ་མུ་མཐུད་ནས་འགྲོ་གི་རེད། རྒྱལ་བ་རིན་པོ་ཆེ་དངོས་ཡོད་གནས་ཚུལ་གཞིགས་པའི་ལམ་སྟོན་གནང་མཁན་དབུ་ཁྲིད་བླ་ན་མེད་པ་ཡིན་པ་བོད་པ་ལྟ་ཅི་འཛམ་གླིང་ཆེ་མཐོང་གཟི་འོད་འབར་ནས་ཡོད་པས། རྒྱལ་བས་རང་བཙན་མ་རེད། རང་བཙན་མི་དགོས་ཞེས་གསུངས་པ་གོ་མ་མྱོང་། རང་བཙན་སྒྲུབ་པའ་རྒྱུ་རྐྱེན་རྟེན་འབྲེལ་ཚང་དཀའ་བའི་གནས་སྟངས་གཟིགས་ནས་རང་དབང་བདེ་སྐྱིད་ཅན་གྱི་རང་སྐྱོང་སྒྲུབ་པའ་དབུས་ལམ་གཟིགས་ཞིང་གསུངས་པ་ཡིན། ཅི་སྟེ་རང་བཙན་སྒྲུབ་ནུས་ཆ་རྐྱེན་ཆ་ཚང་ཡོད་ན་མང་མོས་རང་དབང་ཡོད་པས་ཨ་ཅང་ཅང་། མ་ཟད་དབུ་མའི་ལམ་འདི་ཐབས་ལམ་བཟང་ཤོས་གཟིགས་པ་ལས་རང་སྐྱོང་རང་ངེས་པར་བྱེད་དགོས་པའི་བཙན་བཀའ་ནམ་ཡང་གནང་མི་སྲིད།
ང་ཚོ་ཕྱིར་བསྡད་བོད་མི་ཚོས་རང་གི་རིག་གཞུང་འཛིན་རྒྱུ། རང་གི་དབུ་ཁྲིད་དང་ལངས་ཕྱོགས་ཡོད་པ། དབུལ་ཞིང་ཕོངས་པའི་འཚོ་བ་ཐབས་སྐྱོ་བའི་སྤྲང་པོ་མཐོང་ཡས་མེད་པ་ལྟ་བུ་རེད། ང་ཚོའི་སེམས་ཁྲལ་ཆེ་ཤོས་ནི། བོད་ནང་གཞིས་བཞུགས་སྤུན་ཟླ་ཉིན་མཚན་མི་འཁྱོལ་བའི་མནར་གཅོད་དག་སྡུག་སྦྱོང་འ་ཆད་འུ་ཐུག་གིས་རང་སྲོག་དོར་བའི་དམྱལ་བ་མི་ཡུལ་དུ་འཕོས་པ་ེད་ཡིན། ང་ཚོ་ནི་ག་པར་འགྲོ་ན་ཡང་རང་གིས་མ་བྱས་ན་མ་གཏོགས་བོད་པའི་སྐད་ཡིག་དང་ཆོས་རིག་ལ་སྲུང་རྩིས་རང་མོས་གང་དྲན་དང་ཨ་རི་སོགས་སུ་ཁྲིམས་མ྄ཐུན་ཡིག་ཆ་ཐོབ་ནས་རང་འཇོན་གང࿒ཡང་གོ་སྐབས་ཡོད། ཉེ་སྔོན་ཚགས་པར་ཞིག་ཏུ་བོད་མི་ཚོར་དཀའ་ངལ་སེམས་ཁྲལ་འཐོལ་པ་ཡོད་པ་ནི་རང་གི་བོད་ཀྱི་གནས་སྟངས་ལས་ཡིན་ཞེས་བྲིས་ཡོད།
དམངས་གཙོ་domocracyལ་freedom of thoughབསམ་བློ་རང་དབང་ freedom of religion ཆོས་ལུགས་རང་དབང་ freedom of expression སྨྲ་བརྗོད་རང་དབང་་་all rights come with responsibilities ཐོབ་ཐང་ཆ་ཚང་འགན་ཁུར་དང་མཉམ་དུ་ལེན་དགོས་བ་ལས་ སྨྲ་བརྗོད་རང་དབང་མ་གཏོགས་འགན་གཅིག་ཀྱང་མ་ཁུར་ནས་སྐད་ཆ་འདྲ་མིན་བཤད་ན་སྤྱི་ཚོགས་ལ་གནོད་སྐྱོན་ཤིན་ཏུ་ཆེ་བས སྤྲུལ་མིང་ཅན་ལ་སོགས་པས་གང་གཟབ་གཟབ་གནང་རོགས ཐུགས་རྗེ་གཟིགས
ཀྱེ། རིགས་ལྡན་རྒྱལ་པོ། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་འགྲེལ་བར་དཀའ་ངལ་ཆེར་མེད་པ་ཟད་མ་གོ་མ་ཐོས་མེད་ཀྱང་སྣང་གནས་རང་བཞིན་མི་མཐུན་པའི་
གཞི་ལམ་འབྲས་གསུམ་ལས་འབྲས་བུ་ཚང་རྒྱུ་མེད་པ་དེ་ག་རེ་བྱས་པ་རེད། དོན་གནད་འདིར་འཐུག་འདུག།
འདིར་གུས་པས། དབུ་མའི་ལམ་ལ་གཞི་ལམ་འབྲས་གསུམ་མིན་འདུག་ཅེས་པར་ལན་ཕུལ་བ་ཡིན། སྐུ་ངལ་མེད་སུས་ལན་བསྐྱོན་རུང་འཐུས་ངེས།
དགོངས་འགལ་མེད་ཞུ་དྲི་བ་ཡག་པོ་གོ་འཚོད་མ་སོང་ལགས།
དབུ་མའི་ལམ་ནི་འཐད་རྩོད་ཀྱི་ཐབས་ལམ་བཟང་ཤོས་དེ་ཡིན་ལ་ད་ལྟ་ལམ་གྱི་སྐབས་ཡིན་པ་ལས་འབྲས་བུའི་གནས་སྐབས་མིན། སྣང་གནས་རང་བཞིན་མི་མཐུན་ཞེས་གོ་ཐུབ་མ་སོང་ལགས།
ཨ་ཨ། རིག་ལྡན་རྒྱལ་པོ་ལགས།
གཞི་བྱེ་ཐང་ལ་འབྲས་ཞིང་བཏབས་འདུག་ལ་ལམ་ཆུ་ལུད་ཅི་ཡང་མེད་པར་འབྲས་བུ་འབྲས་རྡོག་གཅིག་སྨིན་རྒྱུ་ཞིག་ཨེ་ཡོད། དཔེ་དེ་བཞིན་གཞི་བོད་དེ་རང་བཙན་ཡིན་པ་བདེན་པའི་གཞིར་བཅོལ་ཡོད་ན་འཐབ་ཡུལ་ཀྲུང་ནན་ཧེའེ་ཡིས་ནམ་ཡང་ཁས་ལེན་མེད་པ་རེད་ལ་ལམ་གྱི་ཆ་རྐྱེན་ཡང་ཨང་དང་པོ་བོད་དེ་ལོ་རྒྱུས་དང་བཅས་པ་རྒྱ་ཁོངས་ཡིན་པ་མ་ཟད་ཐེ་ཝན་ཡང་རྒྱ་ཁོངས་ཡིན་པ་ཁས་ལེན་བྱེད་དགོས་པའི་ཆ་རྐྱེན་ཞིག་ཡོད་པ་མ་རེད་པས།
ལམ་དེ། གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་གཉིས་སྨན་འཚེ་བ་སྤངས་པའི་ལམ་སྲོལ་ཞེས་ཡིན་མདོག་ཁ་པོ་ཞིག་བོད་ཕྱོགས་ནས་བཤད་ཆོག་ཀྱང་། ཕ་རོལ་ནས་དེ་ལྟར་མ་ཡིན་ཏེས་ཉེས་མེད་སྲོག་ཐོག་དང་། བཙོན་འཇུག། རྡུང་རྡེག་ཚ་ནན་ལ་རྒྱུན་ཆད་མི་འདུག་ལ་བོད་ཡུལ་ནི་མུན་ནག་གི་བཙོན་ཁང་ལྟ་བུ་བཟོས་ཡོད་པ་རེད་ལ་བོད་རིགས་མི་དམངས་ནི་མགོན་མེད་སྐྱོབ་མེད་ཀྱི་བཙོན་པ་ལྟ་བུ་ཞིག་རེད། ད་དུང་ལམ་གྱི་འབྲེལ་མོལ་དེ་ཕར་སྒོ་ཚོད་བརྡུང་ཀྱང་ཨ་ལན་མི་བསྟེར་བ་དེས་ལམ་ཆ་མ་ཚང་བའི་འབྲས་རྟགས་ཡང་དག་རེད་ལ་འཇུག་ཡུལ་གྱི་ལམ་ཞིག་ཡིན་མིན་ཐེ་ཚོམས་ཀྱི་གནས་སུ་བགྱར་ཡོད་པ་རེད། བྱས་ཙང་གཉིས་སྨན་ཞེས་པའི་ཚིག་འདི་བེད་སྤྱོད་པ་དང་སེམས་ལ་ཡང་ཡང་འཁོར་དགོས་པར་ཆ་རྐྱེན་ངེས་ཅན་ཞིག་ལྡན་དགོས་པ་ནི་བོད་མི་རིགས་ཡོངས་སུ་རྫོགས་པ་བདག་ལས་གཞན་གཅེས་སམ་བདག་གཞན་མཉམ་བརྗེས་ཀྱི་རྟོགས་པ་མངོན་དུ་སོང་ནས་ས་ཐོབ་ཀྱི་སེམས་དཔའ་དང་སེམས་མ་ཡིན་དགོས་པ་འདྲ་ཞིག་རེད།
མ་གཞི་བྱས་ན་ལམ་དབུ་མ་ཞེས་པའི་ཐ་སྙད་ཀྱི་གོ་དོན་རང་གཡས་འཁྱོག་གཡོན་འཁྱོག་མེད་པར་དབུས་མར་གནས་དགོས་པའི་དོན་ཡིན་ཙང་རྒྱ་བོད་ཕན་ཚུན་གཉིས་དབར་དབུས་མ་ཞེས་པ་ཞིག་ཡོང་ཡ་ཁོ་རང་ཡོད་པ་མ་རེད། ཡང་གཅིག་མིན་ན་རྒྱ་གར་ལྟ་བུས་རྒྱ་བོད་དབར་བར་འདུམ་མམ་བར་གཟུའི་ཚུལ་གྱིས་དྲང་པོ་དྲང་གཞག་གིས་ལམ་དབུ་མ་ལ་གནས་ནས་བོད་དེ་རང་བཙན་བྱེད་དགོས་སམ་ཡང་ན་རང་སྐྱོང་བྱེད་དགོས་མིན་གྱིས་ཐག་གཅོད་ལྟ་བུ་བྱས་ན་ནི་གཅིག་རེད། དེ་མིན་རང་བཙན་བྱས་ན་ནི་བོད་ཕྱོགས་སུ་འཁྱོག་པ་རེད་ལ་རང་སྐྱོང་བྱས་ན་ནི་རྒྱ་ཕྱོགས་སུ་འཁྱོག་པ་ལས་ཕན་ཚུན་དབར་དབུ་མ་ཞེས་པའི་གཞི་རྩ་ཁོ་རང་གྲུབ་ཡོད་པ་མ་རེད།
འབྲས་བུ། ཆོལ་གསུམ་ཆིག་སྒྲིལ་གྱིས་ཚད་མཐོའི་རང་སྐྱོང་ཟེར་བ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དཀྱིལ་འཁོར་ནང་གི་འབྲས་བུ་སྟོང་པ་ཉིད་ཁོ་ན་རེད་ལ་གྲངས་ཉུང་མི་རིགས་ཁག་གི་གནད་དོན་ཟེར་བ་དེ་ལས་བོད་གཅིག་པུའི་ཆེད་དུ་མིན་ཙང་བོད་ལ་ཚད་མཐོའི་རང་སྐྱོང་སྤྲད་ན་ཤཱིང་ཅཱང་མཚོན་པའི་གྲངས་ཉུང་མི་རིགས་ཁག་གཞན་པས་ཁུ་སིམ་སིམ་ག་པར་བསྡད་ཀྱི་རེད། བྱས་ཙང་བོད་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་མིང་དོན་མཚུངས་པའི་རང་སྐྱོང་བསམ་འཆར་ཡིག་ཆ་དེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞི་ཆ་གཅིག་ཁ་བྲལ་དུ་འགྲོ་ཡི་ཡོད་ཚུལ་བཤད་པ་རེད་ལ་དེས་མ་ཟད་ཀྲུའུ་ཝེ་ཆོན་གྱིས་ཆབ་སྲིད་གྲོས་ཚོགས་ནང་བསམ་འཆར་གྱི་རྩོམ་ཡིག་སྙན་ཞུ་ཞིག་སྤྲད་ནས་གྲངས་ཉུང་མི་རིགས་ཁག་གི་མི་རིགས་ཀྱི་གནད་དོན་ཟེར་བ་དེ་མེད་པར་བཟོས་ནས་རྒྱ་རིགས་ཆེན་པོ་གཅིག་ཏུ་བཟོ་རྒྱུའི་བསམ་འཆར་བཏོན་པ་རེད། དེས་ན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་མི་ཁ་ཤས་ཀྱི་ལག་པར་ཡོད་པ་མ་གཏོག་གྲོས་ཚོགས་དང་ཁྲིམས་ཁང་སོགས་སུ་གཅིག་ལ་ཡང་རྩ་ཁྲིམས་ལ་ལག་པ་འཆངས་རྒྱུའི་དབང་ཚད་དེ་མེད་པ་རེད། ད་འོ་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བྱང་སེམས་ཅན་དེ་འདྲ་སླེབས་ན་ཆོལ་སུམ་ཆིག་སྒྲིལ་གྱི་རང་སྐྱོང་ཚད་ལྡན་ཞིག་རེ་བ་ཡོད་པ་རེད། དེ་མིན་སེམས་གཙོ་སྨྲ་བའི་ལུགས་སུ་འབྲས་བུ་སྟོང་སྦྱངས་སྒོམ་རྒྱུ་མ་གཏོག་ཅང་ལྷག་ཡོད་པ་མ་རེད། མདོར་ན་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་དམར་ཤོག་སྲིད་གཞུང་མགོ་རྟིང་མ་ལོག་བར་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བསྟེར་ཤེས་ཀྱི་མ་རེད་ལ་རག་ཀྱང་ཤེས་ཀྱི་མ་རེད། གལ་ཏེ་ཏང་ཀྲུང་དབྱང་དམར་ཤོག་སྲིད་གཞུང་མགོ་རྟིང་ལོག་ནས་ཀྲུང་གོ་དམངས་གཙོའི་ཕྱོགས་སུ་བསྐྱོད་ན་རང་སྐྱོང་དེ་མ་བརྩད་ཀྱང་རག་གི་རེད། དེ་ལྟ་བས་ན་ད་ལྟའི་གཉིས་ཕན་དང་གཉིས་སྨན་དབུ་མའི་ལམ་གྱི་སྣང་གནས་མི་མཐུན་པ་འདི་ལྟར་རེད། འོ་ན་ད་ལྟ་ལམ་གྱི་གནས་སྐབས་ཡིན་ན་ལམ་ཇི་ལྟར་འགག་སོང་བ་རེད། འབྲས་བུའི་གནས་སྐབས་ག་དུས་རེད། འབྲས་བུའི་གནས་སྐབས་ཞིག་ཡོད་པ་རེད་ཡོད་པ་མ་རེད། ཡོད་ན་ཡོད་སྟངས་ཞིག་བཤད་དགོས་པ་རེད། དེ་མིན་ཁ་སྟོང་གི་གཞི་ལམ་འབྲས་བུའི་ཡོན་ཏན་འགྲེལ་བཤད་བརྒྱབས་མ་བརྒྱབས་ཡོད་པ་མ་རེད་དོ།
ལམ་གྱི་འབྲེལ་མོལ་དེ་སྒོ་ཕར་ག་ཚོད་བརྡུང་ཀྱང་ཞེས་བཅོས་རོགས།