ལྷ་རྩེའི་ཁུ་བྱུག
ང་རང་ཆུང་དུས་ལམ་ནག་ལ་ཁར་འགྲོ་འདོད་ཤིན་ཏུ་ཆེ། རྒྱུ་མཚན་ཕ་དྲིན་ཆེན་ནམ་ཞར་ལམ་ནག་ལ་མོ་བརྒྱབ་ཏེ་སྐྱོ་བྲག་ལྷ་རུ་ལ་འགྲོ་ཞིང་། སྐྱོ་བྲག་དགོན་པ་ལ་འགྲོ་བ་རེད། ལམ་ནག་ལ་ནསརྫ་ཆུ་རིག་རེད་ཅེས་རྒས་པ་ཚོས་བཤད་པས། ངས་རྫ་ཆུ་ཟེར་བ་དེ་མཐོང་འདོད་ཤིན་ཏུ་ཆེ། སྐྱོ་བྲག་ཟེར་བའི་ས་ཆ་དང་སྡེ་བ་ཚང་མ་མི་རིགས་གཞན་ཞིག་ལ་ཆགས་བཞག་པ་ཡིན། ཆུང་དུས་སུ་ལ་འདི་མིག་གིས་འཚོས་པ་གྲངས་མེད་ཡིན། ཕ་འདས་པོ་སྐྱོ་བྲག་ནམ་སོང་རེ་ལ། ཚུར་ནམ་ཡོང་གིས་ལ་འདི་མིག་གིས་འཚོས་པས། ལན་རེར་ཤིང་ལ་གྲིབ་ལྕེ་ཕོག་དུས་མི་རྟ་ལ་འཁྲུལ་མྱོང་།
ཕ་འདས་པོ་སྐྱོ་བྲག་ནམ་སོང་ལ་ཇ་བག་ཆུང་ཆུང་འགའ་དང་། དམག་ལྷམ་སེར་སྐྱབས་མ། ད་དུང་ཉ་བྱེ་རིལ། སྐྱོ་བྲག་གསལ་བསྟན་དུང་གསུམ་གྱི་སྐུ་པར། སྲུང་མདུད་བྱིན་རྟེན་མང་པོ་ཁུར་ཡོང་བ་རེད།
རྟིང་སོར་ལམ་ནག་ལ་ཁར་བསླེབས་ཤིང་རྫ་ཆུ་མཐོང་བས། བྱིས་པ་ཚོའི་གྲལ་ནས་ང་ནི་མི་འཇོན་ཤོས་དེ་རེད་ཅེས་ཨ་ཕྱི་འདས་མས་ཁ་ཡག་བཤད་པས། བྱིས་པ་གཞན་ཚོས་ཀྱང་ང་ལ་ཡིད་སྨོན་ཤོར་བ་འདྲ་ལ། རང་གིས་ཀྱང་རང་གི་འཇོན་ཐང་ལ་ཡིད་ཆེས་ཏེ་བསྡད་མྱོང་།
ཕྱིས་ལམ་ནག་ལ་མོ་བརྒལ་ཏེ་སྐྱོ་བྲག་དགོན་དུ་འཚོགས་ལ་ཞུགས། ལམ་ནག་ལ་མོ་འདི་ཁུར་རྩ་ཁུར་ཏེ་རྐང་ཐང་དུ་ཐེངས་མང་འགྲོ་དགོས་པ་བྱུང་། ལན་རེར་ཕ་འདས་པོའི་ལྷན་དུ་རྟ་བཅས་འགྲོ་མྱོང་ད་ཆར་བལྟས་ན་སྐབས་དེ་དུས་སྐལ་བ་བཟང་ཤོས་སུ་བརྩི་ཆོག་པ་འདྲ། ཆེས་དྲན་ཡོང་བ་ནི་ང་རང་ལོ་བཅུ་གསུམ་ཐོག་ནས་གྲྭ་པ་བྱ་རྒྱུ་གཏན་ཁེལ་མོད། ཡིན་ནའང་གཟན་ཤམ་མེད། ཕ་འདས་པོས་ཆོས་སེང་གྲྭ་ཆས་གཡར་སོང་།
ཆོས་སེང་ལགས་ནི་རྗེས་སོར་ཟུར་མང་སྤྲུལ་སྐུ་བྱ་བཏང་རེད། དེ་དུས་ངས་གྲྭ་པ་གཞན་དང་འདྲ་བའི་གྲྭ་ཆས་ཆ་ཚང་ནམ་རྙེད་ཀྱི་རྨི་ལམ་ཐེངས་མང་བཏང་བ་དེ་རེད། ལམ་འགྲོ་ལ། ང་རང་སྐྱོ་བྲག་དགོན་པའི་ཚེ་སྒྲུབ་འཚོགས་ཏེ་ཕ་ཡུལ་ཡོང་དུས། ཕ་ཡུལ་དུ་རས་ཡུགས་མང་པོ་ཞིག་རག་སྨད་ཞང་གིས་སུ་རུག་སྡེ་བ་རེར་རིན་མེད་སྤྲད་པ་དང་ཁེལ་བས། ང་ལའང་ཕ་འདས་པོས་རས་ཤིག་ཚོས་ལ་བཙོས་ཏེ་ཤམ་ཐབས་བཟོས། རས་གཟན་ལེགས་པོ་ཞིག་ཀྱང་བཟོས་སོང་། ང་རང་དགའ་བས་མ་ཟད་ཕ་མ་འདས་པོ་ཟུང་རབ་ཟིག་དགའ་ཡོད་པའི་བཞིན་རས་ད་དུང་ཡིད་ལ་འཁོར་ཐེངས་རེར་བྱང་ཁོག་ཆུ་ཡིས་ཁེངས་འགྲོ་འདུག
དེ་མཚམས་དུས་རབས་ཀྱིས་མི་ཚང་མ་རླངས་འཁོར་འཕྲུལ་རྟ་དར་བས་ང་ཡང་ལམ་ནག་ལ་འདི་ནས་འགྲོ་དགོས་པ་མ་བྱུང་བས། ད་ནི་གནའ་བོའི་རྐང་ལམ་ཡང་གནའ་བོའི་རྨི་ལམ་བཞིན་དུ་སུས་ཀྱང་གླེང་མཁན་མི་འདུག ལ་འདི་ཡང་ཧ་ཅང་ཡོད་ཚད་འགྱུར་ཞིང་། ཡོད་ཚད་འགྲོ་ཚར་བའི་དེ་རིང་ངས་ཀྱང་ལམ་ནག་ལ་མོ་མིག་གིས་རྒྱང་ནས་ཡུད་ཙམ་བལྟས་ཀྱིན་འདས་པ་ཚང་མ་བསྐྱར་དུ་བསྔོགས་འདོད་མ་སོང་བས། དལ་གྱིས་རི་ལས་བབས་ཏེ་སོང་བ་ཡིན།
སྒྱུ་མ་ཞིག་པའི་ཐང་སྟོང་དུ། །
ཁོ་ཐག་ཆོད་པའི་ངེས་འབྱུང་ཡོད། །
ཕ་ཡུལ་བྱ་སྤུ་རླུང་ཁྱེར་དུ། །
མི་རྟག་སྟོན་པའི་རྩིས་ཁྲ་ཡོད། །