གཙང་ཞོལ་བདེ་གསལ།
དགའ་སྡུག་འགྱུ་བག་གི་སྐྱེན་ཁ་རླུང་ལས་མྱུར་བ།།
ངར་འཛིན་ལྷན་སྐྱེས་ཀྱི་སེམས་མགོ་གཟེངས་ཤིང་མཐོ་བ།།
མི་ཚེའི་སྐྱིད་སྡུག་གི་ཆུ་གཉེར་རྔམ་ཞིང་སྐྱོམ་པ།།
ཀུན་སྣང་འགྲོ་བ་འདི་བྱིས་པའི་རྩེད་རྡོ་བསྒྲིག་འདྲ།།
འཁོར་བའི་ཆོས་ཉིད་ཀྱི་སྡོམ་ཐག་གཅོད་པར་དཀའ་བ།།
ཚོར་གདུང་བཟི་ཁ་ཡི་རྣམ་འགྱུར་བཅོས་སུ་མེད་པ།།
མི་རིགས་ཤན་འབྱེད་ཀྱི་རལ་གྲི་རྣོ་ཞིང་ངར་བ།།
ཆུ་ཕྲན་རྒྱ་མཚོ་ལ་འདྲེས་པར་སེམས་གཅོང་མྱོང་བ།།
རྒྱ་བོད་ལྷོ་བྱང་གི་མི་ཚོགས་གཡོ་ཞིང་འགུལ་བ།།
བཟོ་ཚོང་གནའ་རྫས་ཀྱི་རུལ་དྲི་སྣ་ལ་སིམ་པ།།
བྲམ་ཟེ་རྒན་གོག་ཚོས་རིག་བྱེད་གཏམ་གྱིས་བསླུས་པ།།
གནའ་ཉམས་ཁང་བརྩེགས་ཀྱི་སེར་ཁ་མིག་ལ་ཤར་བ།།
མིའུ་ཐུང་གོམ་ཆུང་གི་ལམ་སྣ་དོགས་པས་སྤོ་བ།།
རྟེན་གསུམ་མཆོད་རྫས་ཀྱི་ཚོང་ཟོང་དར་ཁ་ཆེ་བ།།
རྒྱ་བལ་བོད་གསུམ་གྱི་དུད་དྲི་འགོས་ཤིང་འདུག་པ།།
ཞིབ་འཇུག་མཁན་པོ་ཚོའི་སྨྱུག་རྩེ་བཙུགས་རན་འདུག་པ།།
ཡིག་རལ་ཤོག་སྙིགས་ཀྱི་གཞུང་ཡིག་མིག་ལ་གཟན་པ།།
ལྷ་ས་ཁ་ཆེ་ཚོའི་བོད་སྐད་རྣ་ལ་སྙན་པ།།
དབུས་ཀྱི་ཆོས་དུང་གི་སྒྲ་དབྱངས་རྒྱང་ནས་མཆེད་པ།།
མཁས་གྲུབ་སྐྱེས་ཆེན་ཚོའི་སྤྱན་རས་འོད་དུ་འཚེར་བ།།
བོད་པ་རྒན་པོ་ཚོས་ངག་སྒོ་དམ་ཞིང་འདར་བ།།
རྭ་སྤོམ་ས་གསུམ་གྱི་ཚོང་སྒོ་བསྡམས་ཤིང་ཆག་པ།།
ཟོམ་པ་སྐྱིད་སྡུག་གི་མ་རྩ་སྟོངས་ནས་འདུག་པ།།
ལོ་རྒྱུས་ལྷུ་རྐང་གི་ཚུགས་ཀ་འཆོས་ནས་འདུག་པ།།
འཁྱམས་པོས་སྐྱོན་འདོགས་ཀྱི་སྤུ་རིས་བཏོགས་འདོད་མེད་པར།།
བདེན་པའི་ཨ་ལོང་གི་ཁུགས་པར་འཇུ་འདོད་ཆེ་བྱུང་།།
ལྟ་སྟངས་ཐ་དད་ཀྱིས་ལ་ཤན་ཇི་ལྟར་ཕྱེས་ཀྱང་།།
མྱོང་པ་མངོན་གྲུབ་ཀྱི་མཐུན་སྣང་འགོག་ཏུ་མེད་དོ།།
10/20/2014 ཀ་ལི་སྤུངས་སུ་བྲིས།
དགོངས་དག་ཞུ། གོང་གི་ཤོ་ལོ་ཀ་དང་པོའི་རྐང་པ་དང་པོ་དེ། ཀུན་སྣང་འགྲོ་བ་འདི་བྱིས་པའི་རྩེད་རྡོ་བསྒྲིག་འདྲ།། ཟེར་དགོས་ལགས།