འདི་གོང་ས་མཆོག་གི་ལམ་རིམ་གསུང་ཆོས་དང་འབྲེལ་ཡོད་ཀྱི་བགྲོ་གླེང་ཤོག་བུ་ཡིན། འདི་ལ་ལམ་རིམ་དོན་གཉེར་བ་ཚོས། གོང་ས་མཆོག་གི་གསུང་ཆོས་དང་འབྲེལ་ཡོད་ཀྱི་བརྗོད་བྱའི་སྟེང་རིགས་པ་འདོན་པ་དང་། དྲི་བ་འདོན་པ། དེ་བཞིན་རང་གི་ཉམས་མྱོང་བརྗེ་ལེན་བྱེད་ཡུལ་ཡིན། གསུང་ཆོས་དང་འབྲེལ་བ་མེད་པའི་མཆན་རིགས་བསུབ་པར་བྱའོ།
དྲ་གྲོགས་རྣམས་ལ་འདྲི་བ་ཞིག་ལ། ལམ་རིམ་ཆེན་མོ་དང་ལམ་རིམ་འབྲིང་གཉིས་ཀྱི་དབར་ལ་ཁྱད་པར་གཙོ་བོ་གང་ཡིན་ནམ།
1 ལམ་རིམ་རྒྱས་པ། ཚིག་དོན་གཉིས་ཀ་རྒྱས་པོར་གསུངས་པ།
2 ལམ་རིམ་འབྲིང་བ། ཚིག་དོན་གཉིས་ཀ་འབྲིང་བཤད་གནང་བ།
3 ལམ་རིམ་བསྡུས་པ། ཚིག་དོན་གཉིས་ཀ་བསྡུས་ནས་གསུངས་པ།
གསུམ་གའི་བརྗོད་བྱ་ལ་སྐྱེས་བུ་གསུམ་གྱི་བློ་སྦྱོང་གསུངས་པ་མཚུངས་པས་ལམ་རིམ་རྒྱས་འབྲིང་བསྡུས་གསུམ་ལྟ་བུའོ། །
ལམ་རིམ་ཆེ་འབྲིང་ཆུང་གསུམ་གྱི་མཛད་པ་པོ་གཅིག་ཡིན་ནམ་།
འདི་འདྲའི་གོ་སྐབས་བསྐྲུན་པ་ཡག་པོ་འདུག། གོ་སྐབས་འདི་བརྒྱུད་ནས་དོགས་སློང་ངམ་དྲི་བ་ཁ་ཤས་ཡོད། ལམ་རིམ་སོགས་ན་ཆོས་དང་འཇིག་རྟེན་ཁ་ཁ་སོ་སོ་རེད་གསུངས་པ་ནི། ཆོས་དང་འཇིག་རྟེན་ཆོས་བརྒྱད་གཉིས་མཉམ་དུ་འགྲོ་མི་ཐུབ་པ་དང་ཁ་ཁ་སོ་སོ་ཡིན་པར་གསུང་འདུག། འོན་ཀྱང་ང་ཚོའི་སྤྱི་ཚོགས་དང་སྐྱ་སེར་ཚང་མས་ཁ་གྲགས་ཡོང་སྐབས་ཆོས་དང་འཇིག་རྟེན་ཁ་ཁ་སོ་སོ་རེད། ཆོས་དང་འཇིག་རྟེན་མཉམ་ཡོང་མི་ཐུབ་ཟེར་གྱི་འདུག། གོ་ལོག་དེ་འདྲ་ཞིག་ང་ཚོའི་སྤྱི་ཚོགས་ནང་ག་འདྲ་སེ་ཁྱབ་པ་ཡིན་ནམ།
གཉིས་པ།
ཡང་ཇོ་བོ་ཆེན་པོས་ཆོས་བྱེད་ན་ཚེ་འདི་བློས་གཏོང་དགོས་གསུངས་པ་ལ་བོད་པས་རྒྱུ་དཔལ་འབྱོར་དང་ཁྱིམ་ཚང་བུ་གུ་སྐྱེད་དམན་སོགས་སྤོང་དགོས་པ་ཞིག་ལ་གོ་བ་ལེན་ན་དེ་ནོར་བ་རེད་སྙམ། འོ་ན་ཚེ་འདི་བློས་གཏོང་ཚུལ་གང་ཡིན་ནམ།
ཆོས་པ་རྣམ་དག་ཞིག་ཡིན་ན་ཡང་ན་བ་བྱུང་ན་སྨན་དང་སྨན་པ་བསྟེན་དགོས་ལ་ཟས་དང་གོན་པ་ཁང་པ་སོགས་ནི་དགོས་པ་ཡིན། དེ་ཚོ་སྤོང་དགོས་ཟེར་ན་མི་འགྲིག། རྗེ་མི་ལ་ལྟ་བུ་ནི་དམིགས་བསལ་ཅན་ཡིན་པས་དེ་དཔེར་བཞག་ན་མི་འགྲིག་སྙམ།
གསུམ་པ།
བོད་པས་གྲྭ་བ་བླ་མ་དགེ་བཤེས་དང་ཨ་ནེ་བཙུན་མ་སོགས་ལ་དངུལ་དགོ་ཡ་ཡོད་པ་མ་རེད་ཟེར་གྱི་འདུག་ན་དེང་སང་གི་དུས་ཚོད་ནང་༧གོང་ས་མཆོག་གི་གསུང་ཆོས་ཞུ་རུ་འགྲོ་ན་ཡང་དངུལ་མང་པོ་མེད་ན་གསུང་ཆོས་ཞུ་རུ་འགྲོ་མི་ཐུབ། ན་བ་སོགས་བྱུང་ན་དངུལ་མེད་ན་སྨན་བཅོས་ཀྱང་མི་ཐུབ། འོ་ན་སེར་མོ་བ་ལ་དངུལ་དགོས་ན་ལམ་རིམ་གྱི་དགོངས་པ་དང་འགལ་ལམ་མི་འགལ། འབྲེལ་ཡོད་ཞིག་གིས་ལན་ཞིག་གསུང་རོགས་ཞུ།
རྟེན་འབྱུང་དྲི་བ་དེ་ཚོ་ལ་ངས་ལན་འདེབས་རྒྱུ་ཡིན། ཐོག་མར་ཆོས་ཟེར་བ་དེ་ཐར་པ་འཐོབ་བྱེད་ཅིག་དང་འཇིག་རྟེན་ཟེར་བ་དེ་དགྲ་འདུལ་གཉེན་སྐྱོང་སོགས་ལ་གོ་བ་ལེན་ཕྱིན་ཆོས་དང་འཇིག་རྟེན་གཉིས་ནི་འགལ་བ་རེད། དེ་ལ་དོག་པ་གང་ཡང་མེད།
ཇོ་བོས་ཚེ་འདི་བློས་གཏོང་དགོས་གསུངས་པ་དེ་ནི་སྐྱེ་དམན་བུ་ཕྲུག་གསོ་སྐྱོང་ཚུད་པའི་ཚེ་འདིའི་བྱ་བ་སྤོང་དགོས་པ་དེ་ལ་དོག་པ་མེད། སྟོན་པ་སངས་རྒྱས་ཀྱིས་ཀྱང་སྐྱེ་དམན་བུ་ཕྲུག་སྤངས་འདུག་ག ཇོ་བོ་རྗེ་ཁོང་རང་གིས་ཀྱང་སྐྱེ་དམན་བུ་ཕྲུག་འདྲ་བཞེས་མི་འདུག་ག
ཆོས་པ་རྣམ་དག་ཅིག་ཡིན་ན་ན་དགའ་འཆི་སྐྱིད་ཟེར་བ་རེད། སྨན་པ་བརྟེན་དགོས་དོན་ཡང་མེད། ཆམ་པ་ཞིག་ཕོག་ན་ཡང་སྨན་རྩམ་པ་ཟ་ཟ་བྱེད་འདུག་མཁན་ཚོས་ཆོས་རྒྱ་ཆེན་པོ་ཅང་འཇོན་གི་མེད་པའི་རྟགས་རེད།
གོང་ས་མཆོག་གིས་གྲྭ་བ་ཨ་ནེ་ཚོར་དངུལ་མང་པོ་ཁྱེར་ནས་གསུང་ཆོས་ཞུ་བར་ཤོག་གསུངས་པ་ངས་གོ་མ་མྱོང་། གྲྭ་བ་ཨ་ནེ་དངུལ་སྤངས་ཐུབ་མཁན་ཡོད་ན་དངུལ་སྤངས་ནས་བཞུགས་སྡོད་དང་གོང་ས་མཆོག་གིས་ཁྱོད་ཁ་རོག་ཏུ་འདུག་འཇུག་པ་ངས་ཁས་ལེན་ཆོག
ཆོས་བྱེད་པ་ལ་སྐྱེས་སྨན་བུ་གུ་སྤོང་དགོས་ན་འོ་ན་ཕྱག་རྒྱ་མ་བརྟེན་མཁན་གྱི་རྡོར་རྗེ་སློབ་དཔོན་ལས་སོགས་གསང་སྔགས རྟེན་ཅན་དེ་ཚོ་ཚར་པ་རེད་དམ?
བན་དེ་བའི་ལན་ཡང་ངས་འདེབས་ཐུབ་ས་རེད། རྡོ་རྗེ་སློབ་དཔོན་གྱིས་ཕྱག་རྒྱ་བཞེས་ཟེར་བ་དེ་ཚོས་རྒྱོ་རང་ད་རྒྱག་གི་ཡོད་རྒྱུ་མ་རེད་གོ།།
གསང་སྔགས་རྟེན་ཅན་དེ་ཚོས་རྒྱོ་མ་རྒྱབ་ན་གདུང་སྲས་དེ་ཚོ་ག་འདྲ་བྱས་ནས་བྱུང་བ་ཡིན་ནམ?
ལྷག་པར་ཏུ་གསང་སྔགས་རྟེན་ཅན་འགའ་ཞིག་ལ་རིགས་མ་གཅིག་གིས་མ་འཐུས་པར་གཉིས་གསུམ་བཞི་ལྔ་དེ་འདྲ་འདུག
མ་གཞི་སངས་རྒྱས་ཀྱི་མཛད་པ་མིས་མི་ཤེས? སེང་གེའི་ཉལ་ཐབས་ཁྱིས་མི་ཤེས། ཟེར་ནས་བོད་བླ་མས་ཟིན་མཚམས་ཀྱི་མཐའ་ཆོད་བྱས་ཚར་དུས་རྟགས་བསལ་ཆད་རྒྱུ་ཉག་གཅིག་རེད། ད་དུང་དེས་ག་ལ་ཚད། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། དག་སྣང་སྒྲུབ་པ་ཕན་བདེ་ཀུན་གྱི་གཞི། ལུང་མར་ཁུ་དེ་ཚོ་དྲངས་ནས་དཀའ་སེ་རེད། དེ་ལ་མ་ཁྱབ་ཟེར་ན་ལྟ་ལོག་དམྱལ་བར་འགྲོ་གི་རེད་ཅེས་ཟེར་རྒྱུ་ཉག་གཅིག་རེད།
ཨེ། བན་དེ་བ། ངས་ཉེ་ཆར་དུས་རབས་བཅུ་དགུ་པའི་ནང་གི་བོད་ཀྱི་བླ་མ་ཞིག་གི་རྣམ་ཐར་ཞིག་བཀླགས། བླ་མ་དེ་ཕྱག་རྒྱ་མ་བརྟེན་མཁན་ཞིག་རེད་འདུག བླ་མ་དེ་ལྷ་སར་ཕེབས་དུས་བླ་མས་བུད་མེད་ཅིག་ཕ་ཡུལ་གྱི་བླ་རྒན་ཞིག་ལ་བཅོལ་འདུག བླ་མ་ལྷ་ས་རུ་ལོ་ཁ་ཤས་འགོར་འདུག བླ་མ་ལྷ་སར་ཕེབས་རྗེས་ཀྱི་ལོ་གཅིག་ལྷག་ཙམ་གྱི་རྗེས་ལ་བུད་མེད་ལ་བྱིས་པ་འཁོར་འདུག བུད་མེད་དེ་བཅོལ་ཡོད་སའི་བླ་རྒན་དེས་སེམས་ཁྲལ་ཆེན་པོ་བྱས་འདུག ད་ཡིན་ན་དཔེ་བསགས་སོང་། ངས་བུད་མེད་འདི་ལ་ཅི་ཡང་མ་བྱས་ཀྱ་ད་བུད་མེད་འདི་འདྲེ་སུ་ཞིག་དང་འཕྲད་པ་ཡིན་ནམ་འདུག་མ་ཐུབ་ནས་བུ་གུ་འཁོར་འདུག ད་ཡིན་ན་མི་ཚང་མས་ང་ལ་དོག་པ་ལོས་ཟ། བླ་མ་རིན་པོ་ཆེ་ཕྱིར་ཕ་ཡུལ་ལ་ཕེབས་དུས་ངས་གདོང་ག་འདྲ་སྟོན་བསམ་ནས་སེམས་ཁྲལ་ཞེ་དྲགས་བྱས་ཤག བུད་མེད་དེས་བླ་རྒན་ལ་སེམས་ཁྲལ་མ་བྱེད། འདི་བླ་མ་རིན་པོ་ཆེས་བྱིསན་གྱིས་བརླབས་པའི་སྲས་རེད། ང་ཆུ་ལེན་དུ་འགྲོ་དུས་ནམ་མཁའ་ནས་མེ་ཏོག་དཀར་པོ་ཞིག་མར་བབ་ཡོང་གིན་འདུག ངས་ལག་པས་འཛིན་བསམ་མོད་ལག་པ་གཉིས་ཀས་ཆུ་ཟོམ་སར་འཇོག་དུས་དང་ཁེལ་སོང་བས་འཛིན་ཐབས་མ་བྱུང་སྟབས་ཁ་ནང་དུ་བཟུང་དུས་མིད་པའི་ནང་དུ་མར་ཤོར་སོང་། དེ་ནས་བྱིས་པ་འདི་ཆགས་སོང། ངས་བླ་མ་ལ་འགྲེལ་བཤད་རྒྱག་ཆོག་ཅེས་བཤད་འདུག་མོད་བླ་རྒན་གྱིས་བདེན་པར་བཟུང་མི་འདུག དེ་ནས་ལོ་གཅིག་གི་རྗེས་སུ་བླ་མ་རིན་པོ་ཆེ་ཕྱིར་ཕ་ཡུལ་དུ་ཕེབས་དུས་ཐག་རིང་པོ་ཞིག་ནས་བླ་རྒན་ལ་འབོད་ཞིར་དུ་ངའི་བུ་བདེ་བོ་རེད་དམ་ཟེར་ནས་འབོད་བཞིན་དུ་ཡོང་འདུག དེ་ནས་བླ་རྒན་ཡང་སེམས་བདེ་ལ་བབ་འདུག བྱིས་པ་དེ་བླ་མའི་སྐུ་གསུང་ཐུགས་གསུམ་པོ་དང་ཧ་ཅང་འདྲ་བའི་གདུང་སྲས་ངོ་མཚར་ཅན་ཞིག་ཡིན་འདུག
དེ་རིང་དགའ་ལྡན་བྱང་རྩེའི་འདུ་ཁང་དུ་ལམ་རིམ་ཆེ་འབྲིང་གཉིས་ཀྱི་གསུང་ཆོས་དབུ་ཚུགས་ནས་ཉིན་གཉིས་པ་དེ་ཡིན་གནང་ཤིང་། མདོ་ཕྱོགས་ཀྱི་དབང་དུ་བྱས་པའི་རྒྱལ་བའི་གསུང་རབ་སྤྱིའི་དགོངས་དོན་ཉམས་ལེན་གྱི་རིམ་པར་བསྒྲིགས་པ་ལམ་རིམ་ཆེན་མོ་དང་དེ་ལས་ལུང་འདྲེན་རྣམས་ཉུང་དུ་བཏང་བ་ལམ་རིམ་འབྲིང་། རྗེ་ཙོང་ཁ་བས་སྤྱི་ལོ་༡༤༠༥་ལོར་ལམ་རིམ་ཆེན་མོ་བརྩམས་པ་དང་སྤྱོ་ལོ་༡༤༡༥་ལོར་ལམ་རིམ་འབྲིང་བོ་བརྩམས། ཇི་ལྟར་བརྩམས་ཚུལ་གྱི་ཐད་ལ་ཐུའུ་བཀན་གྲུབ་མཐའ་ལས། ཁྱད་ཆོས་ལྔས་ཁྱད་པར་དུ་འཕགས་སྟེ། བཤད་བྱ་ཁྱད་པར་དུ་འཕགས་པ་རྗེ་རང་ཉིད་ལ་རྗེ་བཅུན་འཇམ་དཔལ་དབྱངས་ཀྱིས་གནང་བའི་གདམས་པ་ལམ་གྱི་གཙོ་བོ་རྣམ་གསུམ་ལ་ཇོ་བོའི་མན་ངག་སྐྱེས་བུ་གསུམ་གྱིས་བརྒྱན་པ། འཆད་ཚུལ་ཁྱད་པར་དུ་འཕགས་པ་ལམ་གྱི་གོལ་ས་བཅད་ནས་ངོ་བོ་མ་ནོར་བ། གོ་རིམ་མ་འཁྲུགས་པ། གྲངས་ཆད་ལྷག་མེད་པ། བསྐུལ་བ་པོ་ཁྱད་པར་དུ་འཕགས་པ་མཁན་ཆེན་ཟུལ་ཕུ་བ་དང་། ལོ་ཆེན་སྐྱབས་མཆོག་དཔལ་བཟང་། འབྲི་ཁུང་ཆོས་རྗེ་ལ་སོགས་པ་དང་། གནས་ཁྱད་པར་དུ་འཕགས་པ་རྭ་སྒྲེང་རྒྱལ་བའི་དབེན་གནས། འཁོར་ཁྱད་པར་དུ་འཕགས་པ་སྲས་ཀྱི་ཐུ་བོ་གཉིས་ལ་སོགས་པའི་སྐྱེས་བུ་ཆེན་པོ་རྣམས་སོ། ཞེས་གསུངས་སོ།། ལམ་རིམ་ཆེན་མོའི་གཞུང་དངོས་དང་འབྲེལ་བའི་བོད་ཀྱི་མཁས་གྲུབ་རིམ་བྱོན་གྱིས་མཛད་པའི་བརྩམས་ཆོས་ཕྱག་དཔེ་༢༥༤་ཙམ་བཞུགས་པ་ལས་ད་ལམ་ཁྲིད་རྒྱུན་གང་ཡོད་ཕྱོགས་བསྒྲིགས་ཀྱིས་དེབ་གཟུགས་ལྔ་རེ་རིན་མེད་དུ་འབུལ་གནང་མཛད། ལུས་ཀྱི་ཡོན་ཏན་ཚད་ཅན་ཡིན་པ་དང་སེམས་ཀྱི་ཡོན་ཏན་མཐའ་མེད་ཡིན་པ་དང་། ཚེ་འདིའི་བྱ་བཞག་ཐམས་ཅད་ལུས་པོའི་བདེ་སྡུག་དང་དང་འབྲེལ་ནས་ཡོང་བ་དང་སེམས་ཀྱི་ཡོན་ཏན་ནི་བློ་སྦྱོང་བ་དང་སེམས་བཅོས་ནས་ཡོང་དགོས་པ་རེད། དཔེར་ན་ལུས་རྩལ་ལྟ་བུ་ག་ཚོད་རྒྱས་ཀྱང་ལུས་ཀྱི་ཚོགས་པའི་རྡུལ་ཕྲན་ལས་བྱུང་བ་ཡིན་སྟབས་མཐར་རྒུད་པའི་རང་བཞིན་ཡིན་པ་དང་སེམས་ཀྱི་ཡོན་ཏན་ནི་མཐའ་མེད་པར་འཕེལ་བ་དང་ཚད་བཟུང་མི་ནུས་པ་ཡིན། མི་ཚེ་བློས་སྤོང་ཚུལ་ནི་ཚེ་འདིའི་བྱ་བཞག་གཅིག་བུ་ལ་མགོ་འཁོར་བའམ་ཞེན་ཆགས་སྤོང་བ་སོགས་གོ་བ་འདྲ་མིན་ལེན་ཆོག་པ་འདྲ།
རྗེ་ཙོང་ཁ་བས་སྤྱི་ལོ་༡༤༠༥་ལོར་ལམ་རིམ་ཆེན་མོ་བརྩམས་པ་དང་། སྤྱོ་ལོ་༡༤༡༥་ལོར་ལམ་རིམ་འབྲིང་བོ་བརྩམས། ཞེས་གསུངས་འདུག ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྩ་བ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཚྭ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པའོ། །ཞེས་པའང་གསུངས་འདུག་ལགས།
༣༽ གཞིས་ཆགས་བུ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡ གི་ཆུ་ཚོད་ ༣ སྐར་མ་ ༥༤
ལམ་རིམ་ཆེ་འབྲིང་ཆུང་གསུམ་གྱི་མཛད་པ་པོ་གཅིག་ཡིན་ནམ་། ཞེས་པའི་ལན་དུའོ། །
སྤོབས་མཐས་སྒྲུང་སྙན་པོ་ཞིག་བྲིས་ཤག་ཐུགས་རྗེ་ཆེ།
སྐུ་ཡི་བྱིན་གྱིས་རླབས་པ་ཡིན་པ་ཐག་ཆོད ། ཡང་བོད་ཀྱི་གཏམ་དཔེར།
ཕྱུག་པོས་འཁྲབ་ཚད་ཞབས་བྲོ། སྤྲང་པོས་འཁྲབ་ཚད་ཐལ་འཚུབ། བཤད་པ་བཞིན།
བླ་མས་མཛད་པ་ཐམས་ཅད་བྱིན་རླབས་རང་རེད།
གངས་ཅན་ལྗོངས་འདིར་ལམ་རིམ་ཐོག་མ་དེ་སུས་བརྩམས་པ་རེད་དམ། ཡང་ཆོས་ལུགས་རང་རང་གིས་བཤད་ཚུལ་ཙམ་མིན་པར་
ཚན་རིག་གིས་དཔྱད་འབྲས་ཀྱི་སྒོ་ནས་བཤད་ན་ཡག་པོ་འདུག
དེ་མིན་ཁོས་ཟེར་ངུས་ཁོ་ཡི་སྔ་རབས་དང། ངས་ཟེར་དུས་ང་ཡི་དེ་སྔ་རབས་ཡིན་ཅེས་བཤད་ན་ཁག་པོ་རེད།
༸སྐྱབས་རྗེ་ཕ་བོང་ཁས་མཛད་པའི་ལམ་རིམ་དང་། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མཛད་པའི་ལམ་རིམ་ཉམས་ལེན་བྱས་ན་། ཁེ་ལས་གྱོང་མེད་ཀྱང་། དོལ་རྒྱལ་བསྟེན་སྲོལ་ལམ་སྟོན་བྱས་པ་ལྟར་དེའི་ལམ་ལ་མ་བཞུགས་པར་བྱས་དགོས་པ་གཉིས་སོ་སོར་འབྱེད་ཤེས་པ་མི་དགོས་སམ། ལགས།
དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་བ་ཉུང་།།
མང་ཐོས་ཉམས་ལེན་གནད་ལ་མི་མཁས་ཤིང་།།
ཕལ་ཆེར་གསུང་རབ་ལྟ་ལ་ཕྱོགས་རེའི་མིག།
ལུང་དོན་རིགས་པས་འབྱེད་པས་མཐུ་མེད་པས།།
བསྟན་པའི་གནད་རྣམས་རྫོགས་པའི་གདམས་པ་མཆོག།
མཁས་པ་དགྱེས་པའི་ལམ་དང་བྲལ་མཐོང་ནས།།
ཤིང་རྟ་ཆེན་པོའི་ལམ་འདི་བཤད་པ་ལ།།
བདག་གི་ཡིད་ནི་ཀུན་ནས་སྤྲོ་བར་གྱུར།།
ཞེས་ལམ་རིམ་བརྩམས་དགོས་པའི་རྒྱུ་མཚན་ཡིན
བོད་ནང་མེར་བསྲེགས།
མོན་གྷོར་ཆོས་གསུངས།་་་་་་་་་་་་་་་་་་་་་་(འདི་ལ་བསམ་ཚུལ་མེད།)
འོན་ཀྱང་་་་་་་་་་་་་
བོད་ནང་མེར་བསྲེགས།
མོན་གྷོར་དེ་རིང་དགོང་དྲོ་གཞས་སྣ་འཁྲབ་སྟོན་ཡོད་ཟེར་སྐད་ཀྱིས་ཆོད་སོང་་་་་་་་་་་་་་་་་་་་་་་་ཐལ་འཚུབ་ཀྱིས་ཡར་འགྲོ་མར་འགྲོ་བྱེད་མཁན་དག་གི་ངོ་གདོང་ལ་བལྟ་དུས་་་་་་་་་་་་་་་འཛུམ་དམུལ་དམུལ་་་་་དང་འཁྲུགས་ཆ་དོད་རུ་སོང་་་་་་་་་་་་་་་་་ཕར་བལྟ་ཚུར་བལྟའི་ངང་ཕོ་མོ་ཕན་ཚུན་བསུ་བ་ལས་་་་་་་་་་་་་་་་་བོད་མི་རིགས་ཀྱི་མེར་བསྲེགས་ལས་འགུལ་དྲན་ཞིང་ངུ་ངག་གིས་ཁེངས་མེད་པ་དེ་ངས་ཚོར་སོང་་་་་་་་་་་་་་་་་་་་་་་་་་་་་་་་འཛམ་གླིང་ལྟ་ཞོག་་་་་་་་་་་་་་་་་་་་་་་་་རང་གི་ཁོར་ཡུག་ནང་སྐྱིད་སྣང་རྐྱང་རྐྱང་ཤར་བ་དེས་་་་་་་་་་་་་་་་་་་མི་རིགས་གཞན་ཞིག་ལ་ཅི་ལྟར་འགྲེལ་བརྗོད་བྱེད་དགོས།
དྲྭ་གྲོགས་རྣམས་ཀྱིས་དོན་དང་ལྡན་པའི་བགྲོ་གླེང་གནང་བར་ལེགས། ལམ་རིམ་ཆེ་འབྲིང་ཆུང་གསུམ་ཀ་མཛད་པ་པོ་རྗེ་ཙོང་ཁ་པ་ཆེན་པོ་ཡིན་པ་མ་ཟད་ལམ་རིམ་ཆུང་ངུ་དེ་ཡང་ལམ་རིམ་བསྡུས་དོན་ཡིན། གང་དུ་དྲྭ་གྲོགས་ཤིག་གིས་ལམ་གཙོ་རྣམ་གསུམ་དེ་ལམ་རིམ་ཆུང་ངུ་དུ་བགྲང་པ་དེ་ནོར་བ་ཡིན་པ་འདོད།
བོད་ནང་ལམ་རིམ་ཐོག་མར་རྩོམ་པ་པོ། མཉམ་མེད་དྭགས་པོ་ལྷ་རྗེའི་ལམ་རིམ་ཐར་པ་རིན་པོ་ཆེའི་རྒྱན་ཞེས་བྱ་བ་ཡིན་པ་ཡོད། ལམ་རིམ་ཚང་མའི་རྩ་བ་དེ་ཇོ་བོ་རྗེའི་གསུངས་བྱང་ཆུབ་ལམ་སྒྲོན་ཡིན་ས་རེད།
དྲྭ་གྲོགས་ཕྱག་འཚལ་ནས་གསུང་པ་དེ་བདེན་པ་ཡོད་ཀྱང་། མི་རེ་ངོ་རེ་ནས་རང་ནུས་གང་ཡོད་ཀྱིས་ལས་འགུལ་སྤེལ་དགོས་པའི་དུས་ལ་བབ་ཡོད་པ་མ་ཟད་ཁ་ཕར་ཕྱོགས་པ་ཙམ་མིན་པ་རང་གི་རང་ལ་དཔྱད་པ་རེ་གནང་དགོས་ངེས་མཐོང་། ལྷག་པར་བོད་ནང་གི་ཛ་དྲག་གི་གནས་བབ་འདི་འདྲ་སྐབས་ནང་ཁུལ་གྱི་སྐྱོན་བརྗོད་ཀྱི་རིགས་རྣམས་དོར་ཏེ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གནང་གལ་ཆེ་བ་སེམས། བོད་རྒྱལ་ལོ། བོད་ཀྱི་དཔའ་བོ་དཔའ་མོའི་ཚེ་སྲོག་གི་མེ་ལྕེ་རྒྱལ་ལོ།།
ངས་འདི་ནས་དྲི་བ་ཞིབ་ཚགས་ཞིག་བཀོད་ཁུལ་ཡིན་མོད་དྲ་གྲོགས་ཚོས་ལན་ཞིག་གསུངས་མ་སོང་། སྤོབས་པ་མཐའ་ཡས་ཀྱིས་ལན་ཞིག་བྲིས་འདུག་ཀྱང་གསུམ་ཀ་ནོར་འདུག། དང་པོ་དེ་ལ་འཇིག་རྟེན་ཟེར་བ་དགྲ་འདུལ་གཉེན་སྐྱོང་ཞིག་ལ་བཞག་ན་ཁྱབ་ཆུང་དྲགས་པས་མི་འཐད། གཉིས་པ་ཚེ་འདི་བློས་གཏོང་ཚུལ་ཡང་མི་འཐད། གསུམ་པ་དེ་ཡང་ཤིན་ཏུ་ནས་འཐད་པར་མ་མཐོང་ངོ་། ཆོས་པ་རྣམ་དག་ཁ་ཤས་ཀྱིས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་ནང་བཞུགས་ནས་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་མངོན་དུ་བྱས་པ་སོགས་ཀྱི་ལོ་རྒྱུས་མང་པོ་འདུག་པས་དེ་ཚོ་ཡང་ཚེ་འདི་བློས་གཏོང་ཡོད་ཚོད་རེད་བསམ། ཡང་བསྐྱར་དྲ་གྲོགས་ཞིག་གིས་ལན་ཞིབ་ཚགས་ཞིག་གསུངས་རྒྱུ་རེ་བ་ཆེན་པོ་ཡོད།
ནུབ་ཕྱོགས་གངས་ཕྲུག་ལགས།
མཉམ་མེད་དགས་པོ་རྗེ་དུས་རབས་ག་དུས་འཁྲུངས་པ་རེད། ཕྱི་ལོ་ག་དུས་འཁྲུངས་པ་རེད།
རྟེན་འབྱུང་མིང་ཅན་དེ་སུ་ཡིན་ནམ། ང་ལ་འབྲེལ་བ་མེད། དོན་མེད་ལ་རྙོག་དྲ་བཟོ་མ་ཡོང་རོགས།
ངས་འདི་ནས་དྲི་བ་ཞིབ་ཚགས་ཞིག་བཀོད་ཁུལ་ཡིན་མོད་དྲ་གྲོགས་ཚོས་ལན་ཞིག་གསུངས་མ་སོང་། སྤོབས་པ་མཐའ་ཡས་ཀྱིས་ལན་ཞིག་བྲིས་འདུག་ཀྱང་གསུམ་ཀ་ནོར་འདུག། དང་པོ་དེ་ལ་འཇིག་རྟེན་ཟེར་བ་དགྲ་འདུལ་གཉེན་སྐྱོང་ཞིག་ལ་བཞག་ན་ཁྱབ་ཆུང་དྲགས་པས་མི་འཐད། གཉིས་པ་ནི་ཚེ་འདི་བློས་གཏོང་ཚུལ་ཡང་མི་འཐད། གསུམ་པ་དེ་ཡང་ཤིན་ཏུ་ནས་འཐད་པར་མ་མཐོང་ངོ་། ཆོས་པ་རྣམ་དག་ཁ་ཤས་ཀྱིས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་ནང་བཞུགས་ནས་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་མངོན་དུ་བྱས་པ་སོགས་ཀྱི་ལོ་རྒྱུས་མང་པོ་འདུག་པས་དེ་ཚོ་ཡང་ཚེ་འདི་བློས་གཏོང་ཡོད་ཚོད་རེད་བསམ། ཡང་བསྐྱར་དྲ་གྲོགས་ཞིག་གིས་ལན་ཞིབ་ཚགས་ཞིག་གསུངས་རྒྱུ་རེ་བ་ཆེན་པོ་ཡོད།
བན་དེ་ལགས། མཉམ་མེད་དྭགས་པོ་ལྷ་རྗེ་ཕྱི་ལོ་༡༠༧༩ ལོར་སྐུ་འཁྲུངས་པ་རེད།
བྱང་སེམས་ཕར་ཞོག་ངེས་འབྱུང་སྣ་གཅིག་ཀྱང་མ་སྐྱེས་པའི་བདག་ལྟ་བུའི་ལམ་རིམ་ཆེན་མོ་དཔེ་ཀློག་ཙམ་ལས་དོན་ལ་དཔྱད་པའི་དབུ་མ་རྟེན་འབྱུང་གི་རིགས་པས་དབེན་རྐྱེན། རང་གིས་རང་ལ་འདི་ལྟར་སྨྲ་དགོས་སོང་།་
རྟོགས་མེད་འདོད་པའི་རྟོག་པས་རབ་བཅིངས་ནས། །རྣམ་རྟོག་ལངས་ནས་བབ་ཅོལ་གང་མང་རྩོམ།།
གནས་ལུགས་སྐྱོང་ན་རིག་པའི་གཤིས་ཐོག་ཏུ། །གུ་ཡངས་བློ་བདེར་རང་བབས་བཞག་པ་གཅེས།།
མགོ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་པའི་ཟུང་འཇུག་གི་བར་བསྟན་པ་ཡོངས་རྫོགས་ལམ་གྱི་རིམ་པར་བསྒྲིགས་པ་ལམ་སྔགས་གཉིས་ཡིན་ལ། དེ་ལྟ་བུའི་གདམས་པ་ཟབ་མོ་ཉན་པའི་སྣོད་རུང་ལ། ལམ་རིམ་ལས། གང་དག་ཕྱོགས་འཛིན་མུན་པས་མ་བསྒྲིབས་ལ།།ལེགས་ཉེས་འབྱེད་པའི་བློ་ཡི་མཐུ་ལྡན་ཞིང་།།དལ་བའི་རྟེན་བཟང་དོན་ལྡན་བྱེད་འདོད་པའི།།སྐལ་ལྡན་དེ་རྣམས་རྩེ་གཅིག་བསྒྲིམས་ཏེ་ཉོན།།ཞེས་གསུངས་པ་ལྟར་དེ་ལྟ་བུའི་སྣོད་ལྡན་ནི་དཀོན་པོ་རེད། སེར་མོ་བ་ལ་དངུལ་དགོས་ན་ལམ་རིམ་གྱི་དགོངས་པ་དང་འགལ་ལམ་མི་འགལ། འབྲེལ་ཡོད་ཞིག་གིས་ལན་ཞིག་གསུང་རོགས་ཞུ། ཞེས་དྲིས་བ་ལ་ལན་ཞིག་འབུལ་ན། གོང་བརྗོད་ལྟར་ལམ་རིམ་ཉན་པའི་སྣོད་རུང་གི་ཁྱད་ཆོས་ཚང་ན་ལག་ན་དངུལ་ཡོད་པ་ཙམ་ལ་ལམ་རིམ་གྱི་དགོངས་དོན་དང་འགལ་བར་དོགས་མི་དགོས། ལམ་རིམ་བློ་སྦྱོང་ནི་དད་ལྡན་ཁྱིམ་པ་ཕོ་མོ་དང་འབྱོར་ལྡན་དང་འབྱོར་མེད་སེར་མོ་བ་སུ་ཡིན་རུང་རང་གིས་ནུས་ན་གཏན་འདུན་སྒྲུབ་པའི་སློབ་གསོ་གལ་ཆེ་ཞིག་ཡིན། རྗེ་ཙོང་ཁ་བ་ཞལ་བཞུགས་དུས་སུ་སྦྱིན་བདག་གི་དབང་དུ་བྱས་ན་དབུས་གཙང་གི་ཆེ་དགུ་ཐམས་ཅད་ཀྱིས་རྙེད་པ་དང་བཀུར་སྟིས་མཆོད་པར་མཛད་ཅིང་མཐུན་རྐྱེན་སྦྱོར་བའི་འབྱོར་ལྡན་མིག་སྐྱའི་གྲོང་ལ་འགྲན་པ་ལྟ་བུ་རྣམས་ཀྱིས་རྗེ་ལ་འབུལ་བ་ཕུལ་བ་དེ་འདྲ་དེ་སྔ་བོད་གངས་ཅན་བྱུང་མྱོང་མེད་པ་མཁས་གྲུབ་རིན་པོ་ཆེས་གསུངས། ཡིན་ཡང་རྗེའི་ལེགས་བཤད་ཐུན་མོང་མ་ཡིན་པ་རྣམས་ངོས་ཟིན་པ་མ་མཐར་དགོས་རྒྱུ་འདུག་རུང་དེང་སང་གི་བསྟན་འཛིན་ཆེན་པོའི་གོ་སར་བཞུགས་པ་ཕལ་ཆེ་བས་དབུ་ཞྭའི་ཁ་དོག་ཙམ་གྱིས་ཆོག་ཤེས་མཛད་པར་སྣང་ངོ་ཞེས་ཐུའུ་བཀན་གྱིས་གསུངས་སོ།། མདོར་ན་ཆོས་སྒྲུབ་པའི་མཐུན་རྐྱེན་དུ་འགྲོ་མི་འགྲོ་གཙོ་བོར་ནང་གི་ཀུན་སློང་ལ་རག་ལས་བ་རེད།
རླངས་སྔགས་ལགས།
རྟོགས་མེད་འདོད་པའི་མི་ཞིག་ཡེ་ནས་མེད།།དང་པོ་ཉིད་ནས་རྣམ་རྟོག་སྤང་དུ་མེད།།
ཐོག་མར་རྣམ་རྟོག་བཟང་པོ་མང་བསྐྱེད་ནས།།གནས་ལུགས་སྐྱོང་བ་ཐར་བའི་འགག་སྒོ་ཡིན།།
ལེགས་བཤད་ལགས། བདག་གི་འཚང་ཐོག་ཏུ་བསྣུན་པ་བཀའ་དྲིན་ཆེ།
ཡིག་ནོར་(རྟོགས་མེད)་མ་རེད་རྟོག་མེད་ཡིན། རྟོག་པར་མི་བྱ་སྙམ་པའི་མངོན་ཞེན་དང་། །རྟོག་པར་བྱའོ་སྙམ་པའི་མཚན་ཞེན་གཉིས། །རྣམ་རྟོག་རླབས་ཆེན་བསྐྱོད་པའི་རྒྱ་མཚོ་སྟེ། །གནད་མེད་ཐམས་ཅད་འདི་ལས་བརྒལ་མི་ནུས།།
༧རྒྱལ་བ་རིན་པོ་ཆེ། སྐྱབས་མགོན་ཆེན་པོས་བྱང་ཆུབ་ལམ་གྱི་རིམ་པ། སྐྱེས་བུ་ཆུང་འབྲིང་ཆེ་གསུམ་ལ་རང་རང་གི་བློ་ངོ་དང་འཚམས་པར་གསུང་བ་ལས་བཀའ་ཆོས་ཞུ་བ་པོ་རྣམས་ལ་རྗེས་སུ་ཡི་རང་། བོད་ཀྱི་ཆོས་སྐད་འདི་ཉམས་དམས་སུ་འགྲོ་བའི་སྐབས་འདིར་ཞར་དུ་མིང་ཚིག་རེ་རེ་བཞིན་དུ་ཡི་གེ་དག་གི་ཐོབ་ཁུངས་ལ་ཐུགས་སྣང་མཛད་ན། དགེ་བས་ཀྱང་དགེ་བར་འགྱུར་ཆེ་བ་གདོན་མི་ཟའོ། ཞེས་བསམས། དེ་ཡང་ཇོ་བོ་རྗེ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་བྱུང་ཆུབ་ལམ་སྒྲོན་དང་། བྱང་ཆུབ་རིམ་པ་གཉིས་མཛད་ནས། བྱང་ཆུབ་རིམ་པ་འདི་འབྲོམ་སྟོན་ལ་དམིགས་བསལ་གྱིས་གསུངས་ཀྱང་། ཕྱི་མ་དེ་ཉིད་སྔ་མ་ལྟར་ཡོངས་གྲགས་མ་བྱུང་བས་ཕལ་ཆེར་མི་སྣང་བར་གྱུར་པས། རྗེ་རིན་པོ་ཆེས་བྱང་ཆུབ་ལམ་རིམ་ཆེན་མོར་བྱང་ཆུབ་ལམ་སྒྲོན་གྱི་མཛད་པ་པོ་དེ་ཡང་བྱང་ཆུབ་ལམ་གྱི་རིམ་པ་འདིའི་མཛད་པ་པོ་ཡིན་གསུངས་པས། རྗེ་རིན་པོ་ཆེ་རང་ལ་་ངོས་འཛིན་མཛད་མཁན་ཡོད་པར་མངོན།
བསོད་ནམས་ཀྱི་སྟོབས་ཀྱིས་བདག་གི་དགེ་རྒན་ཆེན་མོ་དཀའ་ཆེན་མཐར་ཕྱིན་ཞབས་ཀྱི་གཟིམ་ཤག་ན། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ་བཞུགས་སོ། ཞེས་པ་དབུ་མེད་ལ་བྲིས་པ། དཔེ་རིང་ཤོག་བུ་བརྒྱད་ཅུ་ཙམ་ཡོད་པ། འཇུག་བྱང་ན། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་འབྲོམ་སྟོན་པ་ལ་གསུངས་པའོ། ༷ཞེས་པ་མཆིས་ཤིང་གླེགས་བམ་འདི་བདག་ལ་བྱུང་། འདིའི་འདྲ་ཤུས་སྤར་ཡོད་པ་ཛམ་གླིང་དཔེ་མཛོད་རྣམས་སུ་མཇལ་ཆོག་པར་ངེས་ཤིང་། ལམ་རིམ་བཀའ་ཆོས་གྲ་སྒྲིག་མཛད་པ་པོས་བྱང་ཆུབ་ལམ་རིམ་གྱི་དཔེ་ཆ་མི་འདྲ་རྣམས་ཚོལ་བ་ཐོས་པས། གླེགས་བམ་འདིའི་འདྲ་བཤུས་དཔེ་ཆ་ཡང་དེར་འབྱོར་པའི་འདུན་པ་མཆིས། སང་ཉིན་སྔ་མོ་འདི་ནས་རང་གནས་སུ་འཐོན་པར་འབྲེལ་འཛིངས་ཀྱིས་ཆད་ལྷག་དང་ཡི་གེ་མ་དག་པ་རྣམས་དག་བཅོས་མཛད་དེ་ཀློག་པར་མཛོད། ཅེས་སོ།།
བོད་ཀྱི་ཆོས་སྐད་ཅེས་ཡང་ཡང་གསུང་སོང།
འབྲུག་པས་བོད་སྐད་བོད་ཡིག་མི་ཟེར་བར། ཆོས་སྐད་ཆོས་ཡིག་ཅེས་བཤད་པ་དེ་དང་ཕལ་ཆེར་བསམ་ཚུལ་གཅིག་པ་ཡིན་པ་འདྲ།
བོད་ཀྱི་སྐད་ཡིག་ཟེར་ན་སྐྱོན་གང་ཡོད་དམ། ཡང་ན་བོད་སྐད་བོད་ཡིག་འདི་ཆོས་ཕྱོགས་གཅིག་པར་བཀོལ་སྤྱོད་བྱས་པ་ཙམ་ལས་སྲིད་ཕྱོགས་སུ་བཀོལ་སྤྱོད་བྱེད་མི་ཐུབ་པ་ཡིན་ནམ། འདི་དྲི་བ་ཞིག་ཡིན།
བན་དེ་བ་ལགས།
བོད་ཀྱི་ཆོས་སྐད་ནི། འབྲུག་པ་དང་། ལ་དྭགས་པ་མོན་པ་སོགས་ལ་ཡང་མཁོ་ཡང་། བོད་སྐད་ནི་བོད་པ་ཁོ་ནར་མཁོ་བས་དེ་དོན་རང་དོན་སྒྲུབ་ཤེས་པར་ཡང་། གྱིས་ཤིག་སྤྱོད་ལྡན་བོན་དེ་བ་ཀྱེ། །
བོད་སྐད་བོད་ཡར་རྒྱས་དང་གཅེས་འཛིན་དགོས་པ་འདི་བོད་རིགས་ཀུན་གྱིས་བློ་ལ་འཇགས་པར་མཛོད་ཅིག དྲ་གྲོགས་ཚོས་ཀྱང་། འདི་རང་བཙན་ལས་ཀྱང་། དཀའ་བས་ལས་དོན་ཅིག་རེད་དོ། བོད་རིགས་ཚོ།
བོད་སྐད་བོད་པ་ཁོ་ནར་མཁོ་བ་རྟགས་མ་གྲུབ། ཧི་མ་ལའི་བོད་རིགས་ཐམས་ཅད་ལ་མཁོ་བའོ།
བོད་སྐད་ནི་ཧི་མ་ལའི་བོད་རིགས་ཐམས་ཅད་ཀྱིས་བེད་སྤྱོད་ཀྱང་སྐད་དེ་ནི་བོད་སྐད་དང་ཡི་གེ་དེ་ནི་བོད་ཡིག་གོ
དཔེར་ན། རྒྱ་གར་གྱི་དབྱིན་སྐད་དང་ཨ་རིའི་དབྱིན་སྐད་ཐམས་ཅད་ལ་དབྱིན་ཇིའི་སྐད་ཟེར་བ་དང་མཚུངས་སོ།
རྒྱུ་མཚན་དེ་དག་གི་འབྱུང་ཾཁུངས་ཐོག་མར་བོད་ནས་ཡིན་པས་སོ།
ཁ་སང་གོང་ས་མཆོག་གིས་ནང་པས་དགེ་འདུན་པས་རྫུ་འཕྲུལ་དང་མངོན་ཤེས་ལ་ངེས་བར་དོ་སྣང་བྱེད་དགོས་པ་འདུག ཅེས་གསུངས་སོང་། དེ་ཡོང་བ་ལ་ཞི་གནས་སྒོམ་དགོས་པ་དང་བཤད་པ་རྐྱང་རྐྱང་གིས་གར་ཡང་ཕྱིན་མི་ཐུབ། བཤད་སྒྲུབ་ཟུང་དུ་འབྲེལ་ནས་ཉམས་ལེན་བྱེད་ན་ས་ཆོད་ཆེ་བ་དང་། ཞི་གནས་དང་ལྷག་མཐོང་སྐྱེ་བ་ལ་དབང་པོའི་སྒོ་སྡོམ་པ་དང་ཤེས་བཞིན་དུ་སྤྱོད་པ་དང་ཟས་ཀྱི་ཚོད་རིག་པ་དང་མི་ཉལ་བར་རྣལ་འབྱོར་ལ་བརྩོན་ཞིང་ཉལ་བའི་ཚེ་ཇི་ལྟར་བྱ་བ་ནན་ཏན་བྱ་དགོས་པ་དང་། དེའི་ནང་ནས་དབང་པོའི་སྒོ་སྡོམ་ཚུལ་ལ་དེང་སང་ཀློག་ཀླད་ལྟ་བུར་འཛམ་གླིང་གི་ཤེས་བྱ་དང་གསར་འགྱུར་ལྟ་བུ་བེད་སྤྱོད་གཏོང་བ་གལ་ཆེ་ཞིང་དེ་མིན་དགོན་པའི་ནང་རྣམ་གཡེང་གི་དབང་དུ་སོང་སྟེ་འདྲ་པར་དང་གློག་བརྙན་རྐྱང་རྐྱང་ལ་མགོ་འཁོར་ནས་བསྡད་པ་ཡིན་ན་དགོན་པ་ནས་བསྡད་པའི་དགོས་དོན་མ་འགྲུབ་པས་དེ་བས་དགོན་པ་ནས་ཐོན་ཏེ་སྐྱ་བོའི་གྲས་ལ་འགྲོ་བཞག་ན་ཡག་གི་རེད་ཅེས་གསུངས། བསྟེན་བྱ་དགེ་བའི་གཤེས་གཉེན་གྱི་མཚན་ཉིད་འཆད་པའི་སྐབས་སུ་དེང་སང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆོས་ཚོགས་ཀྱི་བླ་མ་དང་དགེ་བཤེས་དེ་ཚོ་བླ་མའི་མཚན་ཉིད་ཚང་མ་ཚང་བལྟ་དགོས་པ་གལ་ཆེན་པོ་རེད། དེ་མིན་དངུལ་དང་ཟིང་ཟང་གི་ངོ་ལ་བལྟས་ནས་ཆོས་ཚོང་བརྒྱབ་པ་ཡིན་ན་ཉེན་ཁ་ཚ་བོ་རེད་ཅེས་གསུངས།
ངན་འགྲོའི་སྡུག་བསྔལ་བསམ་པའི་སྐབས། དམྱལ་བ། དུད་འགྲོ། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་གསུམ་ལས། དམྱལ་བ་ལ་ཉི་ཚེ་བ་དང་ཉེ་འཁོར་བ་གྲང་དམྱལ་ཚ་དམྱལ་བཅས་བཞི་བཤད་པ་དང་འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་ཡང་སོས་ཡོད་ཅེས་གསུངས་བ་ལ་དེང་སང་འཛམ་གླིང་འདིའི་སའི་འོག་ན་ཡོད་པ་ཡིན་ཚེ་ཚན་རིག་གིས་མ་མཐོང་བ་ཞིག་ཡིན་སྲིད། རིམ་པས་དམྱལ་བ་ཟེར་བ་ཞིག་ཡོད་པ་དང་ཉི་ཚེ་བ་དག་ག་ལེར་ཤེས་རྟོགས་ཐུབ་ངེས་རེད། དུད་འགྲོའི་གནས་བཤད་པ་ནི་ཚན་རིག་དང་མཐུན་ལ་མིག་གི་མཐོང་ཡུལ་དུ་ཡོད་པ་དེ་རེད། དུད་འགྲོའི་གནས་ཀྱི་རྩ་བ་རྒྱ་མཚོ་ཆེན་པོ་ཡིན་པ་དང་གཞན་རྣམས་དེ་ལས་འཕྲོས་པ་དག་ཡིན་ནོ་ཞེས་མཛོད་འགྲེལ་ལས་གསུངས་པ་དག་ལ་དཔྱད་བསྡུར་བྱེད་ན་གཙོ་བོར་དེ་དག་གི་སྡུག་བསྔལ་བསམ་པ་དེ་གལ་ཆེན་པོ་ཡིན་པ་དང་། ཡི་དྭགས་ནི་ཁ་ནི་ཁབ་ཀྱི་མིག་ཙམ། ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་སྐོམ་གྱི་བདག་ཉིད་ཅན། ཆུ་ཡང་རྣག་ཁྲག་ཏུ་མཐོང་ནས་འཐུང་མི་འདོད་པ་དང་འདོད་པས་ཕོངས་བའི་སྡུག་བསྔལ་ཅན། མིའི་རིགས་སུ་གཏོགས་པ་ཡོད་མེད་དཔྱད་དགོས།
གོང་ས་མཆོག་གི་༢༠༡༣ ནང་ལ་དུས་དབང་ཡོད་མེད་མཁྱེན་མཁན་ཡོད་ནམ་
ལེགས་བཤད་དྲིན་ཆེན་སྐུ་ཚེ་རིང་། ཁྱེད་ཀྱི་ཟིན་བྲིས་ཀློག་གི་ཡོད་ཕན་པ་ཆེ།
བཀྲ་ཤེས་བདེ་ལེགས་
རྣམ་པ་ལྷན་རྒྱས་ལ་འདྲི་བ་ཞིག་ཡོད་པས། ལན་ཞིག་བསྟེར་རོགས།
བཤད་ཚུལ་ལ། ལམ་རིམ་ཆེན་མོ་དང་ལམ་རིམ་ཆུང་བ་གཉིས་ཀྱི་ཁྱད་ཆེ་ཤོས་དེ་ཞི་གནས་ཀྱི་སྐོར་ལ་ཡིན། ལམ་རིམ་ཆེན་མོའི་སྐབས་སུ་གསུང་པའི་ཞི་གནས་དེ་གཙོ་བོ་ཕྱིའི་དམིགས་པ་འཛིན་ནས་ཞི་གནས་སྒྲུབ་ཚུལ་དང་། ལམ་རིམ་ཆུང་ངུའི་སྐབས་སུ། ཞིག་གནས་དེ་ཕྱག་ཆེན་ནང་གསུང་པའི་ཞི་གནས་སྒྲུབ་ཚུལ་དང་ཐག་ཉེ་གསུང་། དེ་དགེ་ལྡན་པའི་ཕྱག་ཆེན་ཁྲིད་པའི་སྐབས་ལ་ཐེངས་འགའ་ཤས་ཐོས། དེ་ལ་གསལ་བཤད་ཅིག་ཡོད་པ་མཁྱེན།
ཟུར་གནས་ལགས། གོང་ས་མཆོག་གིས། ལམ་རིམ་གྱིས་ཞི་གནས་མན་ཆད་འཕགས་པ་ཐོགས་མེད་ཀྱི་ལུགས་གཙོ་བོར་བྱེད་པ་དང་ལྷག་མཐོང་ཡན་ཆད་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་གཙོ་བོར་བྱས་ནས་བཤད་ཡོད་པ་རེད། ཅེས་གསུངས། ཞི་གནས་ཞེས་པའི་སྒྲ་བཤད་ནི། སེམས་ཕྱི་རོལ་དུ་གཡེང་བ་ཞི་ནས་སེམས་ནང་དུ་གནས་པས་ན་ཞི་གནས་ཟེར། དེ་ཡང་ཞི་གནས་ཀྱི་རྒྱུ་ཚོགས་དྲུག་བརྟེན་པ་དང་སེམས་གནས་དགུས་སྒྲུབ་ཚུལ་ནི་ཐེག་པ་ཐུན་མོང་བའི་དབང་དུ་བྱས་ནས་གསུངས་པ་དང་དེ་དག་ནི་ཕྱག་ཆེན་དང་རྫོགས་ཆེན། སྔགས་བླ་མེད་ཀྱི་སྐབས་ཀྱི་དེ་དང་མི་འདྲ་བ་ཡིན། གང་ཡིན་ཞེ་ན་སྔགས་ལུགས་ལ་ཁམས་གོང་མ་ལ་ཞི་བ་དང་འོག་མ་ལ་རགས་པར་ལྟ་བའི་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་བསྒོམས་ནས་བསམ་གཏན་གྱི་དངོས་གཞི་སྒྲུབ་ཚུལ་བཤད་མེད། རྗེ་རིན་པོ་ཆེའི་མཐའ་དཔྱོད་མྱུ་གུ་ལས། རྒྱུད་སྡེ་བཞི་གའི་ལམ་དུ་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་བསྒོམས་ནས་འདོད་ཡོན་ལ་ཆགས་པ་དང་བྲལ་བར་བྱེད་ཚུལ་མ་བཤད་ལ། ཁྱད་པར་དུ་དབང་པོ་གཉིས་སྦྱོར་གྱི་ཆགས་པ་ལམ་དུ་བྱེད་པ་བླ་མེད་ཀྱི་སྐབས་འདིར་ཞི་རགས་ཀྱི་ལམ་སྒོམ་པ་ལམ་གྱི་གོལ་ས་ཡིན་པས་མི་འདོད་དོ།།ཞེས་གསུངས་པ་ལྟར་འདོད་པ་ཁམས་ཀྱི་ཉོན་མོངས་མགོ་གནོན་པ་དེ་དག་སྔགས་ལུགས་དངོས་གཞིའི་སྐབས་ལམ་གྱི་གོལ་ས་ཡིན་ཡང་སྤྱིར་ན་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་བསྒོམས་ནས་སེམས་ཤིན་སྦྱངས་སྐྱེས་པ་ན། དེའི་མཐུ་ལས་ལུས་ཀྱི་རླུང་རྣམས་ལས་རུང་དུ་སོང་ནས་ནང་དུ་ཕན་འདོགས་པའི་ལུས་ཤིན་སྦྱངས་སྐྱེ། དེ་ལ་བརྟེན་ནས་ལུས་བདེ་བ་དང་སེམས་ལ་དགའ་བ་ཆེན་པོ་སྐྱེ་བར་བཤད་པ་ཕྱི་རོལ་བ་དང་ནང་པ། ཐེག་པ་ཆེ་ཆུང་། མདོ་སྔགས་ཐུན་མོང་གི་སེམས་མི་རྟོག་པར་འཇོག་པའི་ཏིང་ངེ་འཛིན་ཐམས་ཅད་ལ་འབྱུང་བ་ཡིན་ཞེས་གསལ་སྒོན་ལས་གསུངས།
སྐུ་ཞབས་ལེགས་བཤད་ལགས་སྐུ་གཟུགས་བདེ་བོ་ཡིན་ནམ། ཉིན་ཤས་རིང་ཐུག་ཐུབ་མ་སོང་། ཁྱེད་རང་བགྲོ་གླེང་འདིར་ཞུགས་པ་ཐུགས་རྗེ་ཆེ་ཞུ་བ་ཡིན། { སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་བསྒོམས་ནས་སེམས་ཤིན་སྦྱངས་སྐྱེས་པ་ན། དེའི་མཐུ་ལས་ལུས་ཀྱི་རླུང་རྣམས་ལས་རུང་དུ་སོང་ནས་ནང་དུ་ཕན་འདོགས་པའི་ལུས་ཤིན་སྦྱངས་སྐྱེ། དེ་ལ་བརྟེན་ནས་ལུས་བདེ་བ་དང་སེམས་ལ་དགའ་བ་ཆེན་པོ་སྐྱེ་བར་བཤད་པ་ཕྱི་རོལ་བ་དང་ནང་པ། ཐེག་པ་ཆེ་ཆུང་། མདོ་སྔགས་ཐུན་མོང་གི་སེམས་མི་རྟོག་པར་འཇོག་པའི་ཏིང་ངེ་འཛིན་ཐམས་ཅད་ལ་འབྱུང་བ་ཡིན་ཞེས་གསལ་སྒོན་ལས་གསུངས།}ཞེས་པའི་རྩོམ་ཡིག་འདི་གནད་དུ་ཁེལ་བ་ཞིག་གོ། འདི་འདྲའི་མཆན་བྲིས་ན་ཤིན་ཏུ་ལེགས།
ལེགས་བཤད་ནི་ལེགས་བཤད་རང་རེད། དོན་དང་མཐུན་པའི་མཆན་བྲིས་པར་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང།
རེད་ནང་པའི་གྲུབ་ཐོབ་རྣམས་ནི་གནའ་སྔ་མ་སྔ་མའི་ལོ་རྒྱུས་བྱུང་རབས་བཤད་པ་ལས་ད་ལྟ་སྟོན་ཤོག་ཟེར་ན་སྟོན་རྒྱུ་མེད་པ་རྐྱང་རེད། དེ་བཞིན་ས་བཅུ་ལམ་ལྔ་རྒྱུད་ལ་ཡོད་པ་ཞིག་ད་ལྟ་དུས་རབས་ཉེར་གཅིག་པའི་ནང་དུ་མཚན་གཞི་ཙམ་
་ཞིག་ཀྱང་འཇོག་རྒྱུ་དཀའ་མོ་རེད །
ད་གྲུབ་རྟགས་གཏེར་སྟོན་ལས་སོགས་བཏོན་རྒྱུ་ཡོད་ན་འདོན་རན་འདུག
ལམ་རིམ་ཆེ་ཆུང་གཉིས་ནི་ས་གསུམ་ན་འགྲན་ཟླ་བྲལ་བའི་ལེགས་བཤད་ཅིག་ཡིན། འདི་ནི་རྒྱལ་བའི་གསུང་རབ་སྤྱིའི་དགོངས་འགྲེལ་རེད། ལྷག་པར་དུ་ཞི་ལྷག་གཉིས་ཀྱི་ཐད་དུ་བཤད་ན་འཕགས་བོད་གཉིས་ཀར་འདིའི་འགྲན་ཟླ་ཆོད་མཁན་ཞིག་ཧ་ཅང་དཀའ། ལམ་རིམ་གྱི་ཁྲིད་ཡིག་གཞན་རྣམས་ལས་འཇམ་དཔལ་ཞལ་ལུང་གི་ཞི་ལྷག་གཉིས་ཅུང་གསལ་ཁ་དོད་པ་ཞིག་ཡོད་ལ། གཞན་རྣམས་དཀའ་སར་ཕེབས་དུས་གླང་ཆེན་གཞུ་གུ་ལྟ་བུར་ཆགས་པ་འདི་ཡིན་ནམ། སྔ་འགྱུར་རྙིང་མའི་མཁས་པ་འགས་ལམ་རིམ་ཆེན་མོའི་ལྟ་བ་མ་ཡིན་དགག་ཡིན་པར་འདོད་ལ། ལམ་རིམ་ཆེན་མོར་ལྟ་བ་མེད་དགག་ཡིན་པའི་གསལ་ཁ་མེད་པ་དང་། ལྷག་པར་དུ་ལམ་རིམ་ཆེན་མོར་རིགས་ཤེས་ཀྱིས་དགག་བྱ་བཀག་ཙམ་དེ་ཉིད་མཐུན་པ་དོན་དམ་དུ་དབུ་མ་རྒྱན་ལས་གསུངས་པ་དང་། རིགས་པས་སྤྲོས་པ་བཅད་ཙམ་དེ་དོན་དམ་བདེན་པ་དངོས་མ་ཡིན་པར་དབུ་མ་བ་ཆེན་པོ་
གཞན་རྣམས་བཞེད་པར་གསུངས་འདུག་པས་ན། འདི་ལ་དོགས་གཞི་ཤིན་ཏུ་ཆེན་པོ་ཞིག་འདུག་སྙམ་ན་ཇི་ལྟར་ལགས། ཁྱེད་གཟིགས་རྒྱ་ཡངས་པ་རྣམས་ཀྱིས་གསུང་དུ་གསོལ།
ནང་ཆོས་དང་ཚན་རིག་གཉིས་གཞི་ལ་དཔྱོདཔ་འཇུག་ཚུལ་ཙམ་འདྲ་ཡང་། འདི་གཉིས་ཀྱི་དཔྱད་གཞི་དང་དམིགས་ཡུལ། དཔྱོད་ཐབས་བཅས་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད། དེ་ཡང་ནང་ཆོས་ཀྱི་དཔྱད་གཞི་གཙོ་བོ་ནང་སེམས་ཡིན་ཞིང་། དམིགས་ཡུལ་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་རེད། དཔྱོད་ཐབས་ནི་ཐོས་བསམ་སྒོམ་སྟེ་གཙོ་བོ་ཡིད་ཤེས་ཀྱིས་དཔྱོད་ཀྱིན་ཡོད། ཚན་རིག་གི་དཔྱད་གཞི་ནི་གཙོ་བོ་གཟུགས་ཅན་གྱི་དངོས་པོ་ཡིན་ཞིང་། དམིགས་ཡུལ་འཕྲུལ་རིགས་འདྲ་སྣ་ཚོགས་ཤིག་མིའི་ཆེད་དུ་བཟོ་སྐྲུན་བྱ་རྒྱུ་དེ་ཡིན།
དཔྱོད་ཐབས་གཙོ་་བོ་དབང་ཤེས་ལ་བརྟེན་གྱིན་ཡོད་པ་རེད། དེར་བརྟེན་འདི་གཉིས་ལ་ཟབ་གཏིང་ཟབ་ལོས་དང་རྒྱ་ཆེ་ཆུང་སོགས་མང་དུ་ཡོད་དོ། །
ལས་ལ་འཕེན་བྱེད་ཀྱི་ལས་དང་རྫོགས་བྱེད་ཀྱི་ལས་གཉིས་བཤད་པས་བདེ་འགྲོ་འཕེན་བྱེད་ཀྱི་ལས་ནི་དགེ་བའི་ལས་དང་ངན་འགྲོ་འཕེན་བྱེད་ཀྱི་ལས་ནི་མི་དགེ་བའི་ལས་ཡིན། རྫོགས་བྱེད་ལ་ངེས་པ་མེད་དེ། དཔེར་ན་མི་ལྟ་་བུ་མདོག་མི་སྡུག་པ་དང་ནད་མང་བ་སོགས་ནི་རྫོགས་བྱེད་མི་དགེ་བས་བྱེད་ལ། ཡི་དྭགས་ལའང་དཔལ་འབྱོར་ཕུན་སུམ་ཚོགས་པ་ཡོད་པ་རྫོགས་བྱེད་དགེ་བས་བྱེད་པ་ཡོད་པའི་ཕྱིར། གསུངས། ཐར་བ་ཞེས་པ་བཅིངས་བ་ལས་གྲོལ་བ་སྟེ། དེ་ཡང་ལས་དང་ཉོན་མོངས་གཉིས་ནི་འཁོར་བར་འཆིང་བྱེད་ཡིན་ལ། དེའི་དབང་གིས་སྐྱེ་གནས་སྣ་ཚོགས་པར་ཉིང་མཚམས་སྦྱོར་བ་ནི་བཅིངས་བའི་ངོ་བོ་ཡིན་པས་དེ་ལས་གྲོལ་བ་ནི་ཐར་བ་དང་། དེ་ཐོབ་པར་འདོད་པ་ནི་ཐར་འདོད་ཀྱི་བློ་ཡིན། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་ལ་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་སྒོམ་ཚུལ་བཤད་པའི་སྐབས། འཁོར་བ་པ་རྣམས་ཀྱི་ཚོར་བ་བདེ་བ་ནི་ཕོལ་མིག་གམ་འབྲས་ཤིན་ཏུ་ཚ་བ་ལ་ཆུ་བསིལ་བ་བཏབ་ན་བདེ་བར་སྣང་བ་ལྟ་བུ། འགྱུར་བ་ན་སྡུག་བསྔལ་སྐྱེད་པས་འགྱུར་བའི་སྡུག་བསྔལ་ལམ་ཚོར་བ་བདེ་བ་ཟེར་བ་ཡིན། འབྲས་ཚ་བས་གདུངས་བ་དེ་ཚྭ་ཆུ་ལ་སོགས་པའི་འགྱུར་བྱེད་ཀྱི་རེག་པ་དང་ཕྲད་པ་ན་ཆེས་སྡུག་བསྔལ་བ་བཞིན་དུ། སྡུག་བསྔལ་གྱི་སྡུག་བསྔལ་ལམ་ཚོར་བ་སྡུག་བསྔལ་ཟེར་བ་ཡིན། རེག་པ་དེ་གཉིས་ཀ་དང་མ་ཕྲད་པའི་དུས་ཀྱི་འབྲས་ཚ་བ་ལྟ་བུ་ནི། འདུ་བྱེད་ཀྱི་སྡུག་བསྔལ་ལམ་ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་ཞེས་བྱ་བ་ཡིན། དེ་ཡང་ཚོར་བ་གཅིག་བུ་ལ་མི་བྱ་གསུངས་པ་ནི་ཚོར་བ་དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་དང་གང་ལ་དམིགས་ནས་སྐྱེ་བའི་ཡུལ་ཟག་བཅས་རྣམས་ཀྱང་སྡུག་བསྔལ་དེ་དང་དེར་བཞག་པ་ལ་བརྟེན་ནས། ཡིག་ཆ་ཁག་དང་མཁས་པའི་གསུང་ཚུལ་མི་མཐུན་པ་མང་པོ་ཞིག་བྱུང་ཡོད་པ་རེད། སྡུག་བསྔལ་གསུམ་པོ་གང་རུང་ཡིན་ན་ཚོར་བ་ཡིན་པས་ཁྱབ་པ་ཡོད་མེད་དང་ཁམས་གོང་མ་ལ་འགྱུར་བའི་སྡུག་བསྔལ་ཡོད་མེད། ཚོར་བ་བདེ་བ་དང་འགྱུར་བའི་སྡུག་བསྔལ། ཚོར་བ་སྡུག་བསྔལ་དང་སྡུག་བསྔལ་གྱི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་ཚོར་བ་བཏང་སྙོམས་དོན་གཅིག་ཡིན་མིན་དྲ་གྲོགས་ཚོས་གསུང་རོགས་ཞུ། ཉོན་མོངས་ངོས་འཛིན་པའི་སྐབས་རང་རྒྱུད་མ་ཞི་བར་བྱེད་པ་ལ་ཉོན་མོངས་སུ་བཤད་པ་དང་ཉོན་མོངས་དང་ཉོན་སྒྲིབ་གཉིས་ལ་ཁྱད་ཡོད་དམ་མེད།
འདྲེ་ནག་ལགས། སྟོང་ཉིད་མེད་དགག་དང་མ་ཡིན་དགག་ཅེས་བཤད་པ་ནི་ཡུལ་དང་ཡུལ་ཅན་སོ་སོའི་དངོས་ནས་འཇོག་སྟངས་ཀྱིས་བཤད་པ་མ་གཏོགས་འབབ་ས་གཅིག་རེད་ལགས།
སྐུ་མཁྱེན། ཞེ་སྡང་དང་ཁོང་ཁྲོའི་ཁྱད་པར་འདི་རེད་ཅེས་པ་ཞིག་གསུང་དུ་གསོལ།
ཚོར་བ་བདེ་བ་དང་འགྱུར་བའི་སྡུག་བསྔལ། ཚོར་བ་སྡུག་བསྔལ་དང་སྡུག་བསྔལ་གྱི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་ཚོར་བ་བཏང་སྙོམས་དོན་གཅིག་ཡིན་མིན་དྲ་གྲོགས་ཚོས་གསུང་རོགས་ཞུ། ཉོན་མོངས་ངོས་འཛིན་པའི་སྐབས་རང་རྒྱུད་མ་ཞི་བར་བྱེད་པ་ལ་ཉོན་མོངས་སུ་བཤད་པ་དང་ཉོན་མོངས་དང་ཉོན་སྒྲིབ་གཉིས་ལ་ཁྱད་ཡོད་དམ་མེད།
ཚོར་བ་གསུམ་དང་སྡུག་བསྔལ་གསུམ་པོའི་་བར་ལ་དོན་གཅིག་འདི། འཁོར་བ་པ་ལ་གཞིར་བཞག་ན་ལྟ་རྒྱུ་འདུག་ཀྱང་སྤྱིར་ག་ལ་ཁྱབ། ཉོན་མོངས་ནི་སེམས་འབྱུང་མངོན་འགྱུར་བ་ཅིག་ལ་གོ་དགོས་པ་དང་། ཉོན་སྒྲིབ་ནི་ཕལ་ཆེར་ཉོན་མོངས་ཀྱི་བག་ཆགས་ལྟ་བུ་ལ་གོ་དགོས་ཏེ། གོག་པ་དང་གོག་དྲི་བཞིན་ནོ། །ཞེས་ཟེར་ན་སྐྱོན་ཅི་ཡོད་དམ། ལགས།
ཞེ་སྡང་དང་ཁོང་ཁྲོ་གཉིས་དོན་གཅིག་གོ་ཞེས་ལབ་ན། ཅི་ཟེར་འདོད་དམ། མེ་དཀར་ལགས།
རིགས་པ་སྨྲ་བ་འདྲེ་ནག་མགོ་དགུ་བ་དང་རང་གྲོལ་སོགས་ཕེབས་ནས་ལམ་རིམ་དང་འབྲེལ་བའི་བགྲོ་གླེང་གནད་བར་དགའ་བསུ་ཞུ། ཨ་རོ་འདྲེ་ནག ། འཇམ་མགོན་འཇུ་མི་ཕམ་རིན་པོ་ཆེས། སྟོང་ཉིད་མེད་དགག་འདོད་པ་དགེ་ལྡན་ལུགས། ཞེས་པ་ལྟར་རྩ་འཇུག་གི་རྣམ་བཤད་གཉིས་དང་ལྷག་མཐོད་ཆེ་ཆུང་གཉིས། དྲང་ངེས་ལེགས་སྙིང་པོ་སྟེ་རྗེའི་ལྟ་བའི་ལེགས་བཤད་ལྔ་ནི་དབུ་མའི་གཞུང་ཡོད་ན་མེད་ན་དེ་དག་རེད། དེ་དག་ནི་མདོ་སྔགས་ཐུན་མོང་གི་ལྟ་བ་བཤད་པའི་སྐབས་ཡིན་པས་ལྷག་མཐོང་ཆེན་མོས་སྟོང་ཉིད་མེད་དགག་ཏུ་བཤད་པ་ཚིག་ཟིན་ལ་མེད་པ་ཨེ་ཡིན་ནམ། མ་ཡིན་ཞེས་པ་དང་མེད་ཅེས་བ་ཚིག་ཟིན་ལ་ཡོད་ན་མ་ཡིན་དགག་དང་མེད་དགག་ཡིན་པས་ཁྱབ་བ་མེད་ལ། བྲམ་ཟེས་ཆང་མི་འཐུང་ཞེས་པ་མེད་དགག་དང་ཚེ་དཔག་མེད་ཅེས་པ་མ་ཡིན་དགག་ཏུ་བྱ་དགོས་པ་ལེགས་བཤད་སྙིང་པོར་གསུངས་པའི་ཕྱིར་རོ།།
འཇམ་དབྱངས་བླ་མ་མཆོག་ལྷ་འོད་ཟེར་གྱིས། རྩ་ཉོན་དང་ཉེ་ཉོན་གྱི་ཁྱད་པར་འདི་ལྟར་བཞག་སྟེ། སྒོ་དུ་མའི་སྒོ་ནས་རང་གི་སེམས་ཉོན་མོངས་ཅན་དུ་བྱེད་པ་རྩ་ཉོན། སྒོ་གཅིག་གི་སྒོ་ནས་རང་གི་སེམས་ཉོན་མོངས་ཅན་དུ་བྱེད་པ་ཉེ་ཉོན། ཁོང་ཁྲོ་རྩ་ཉོན་དང་ཁྲོ་བ་ཉེ་ཉོན་ཡིན་པས་ཁྲོ་བ་ཡིན་ན་ཁོང་ཁྲོ་མ་ཡིན་པས་ཨེ་ཁྱབ། ཀརྡོ་གཉེར་ཕྱག་པ་དང་མེ་ཏོག་དཀར་པོ་ལགས། །
ངས་ཞེ་སྡང་དང་ཁོང་ཁྲོ་གཉིས་དོན་གཅིག་གོ་ཞེས་ལབ་པ་ལ། ལེགས་བཤད་ཀྱིས། ཉེ་ཉོན་ཉི་ཤུའི་ནང་གི་ཁྲོ་བ་དང་འཚིག་པ་སོགས་ཁྱེར་ནས་སུ་ལ་ཕན་ནམ། ལགས། ལེགས་བཤད་ལགས།
ཀརྡོ་གཉེར་ཕྱག་པ་ལགས་ཀྱིས་ཞེ་སྡང་དང་ཁོང་ཁྲོ་གཉིས་དོན་གཅིག་གོ་གསུངས་པ་ལ་དེ་དེ་བཞིན་ནོ་ཞུས་པ་བདེ། མཛོད་ལས། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །ཞེས་པ་ལྟར་ཁོང་ཁྲོ་འཁོར་བའི་རྩ་བ་ཡིན་ཡང་གཙོ་བོ་སྲེད་པ་ཡིན་དགོས་ཏེ་དེའི་རྒྱུ་མཚན་གྱིས་རིགས་ཀྱི་ངོ་བོ་ཟས་གོས་ངན་ངོན་ཙམ་གྱི་ཆོག་ཤེས་པ་སོགས་མ་ཆགས་འཕགས་རིགས་སུ་འཇོག་པས་སོ། །
ལམ་རིམ་གྱིས་ལས་དང་ཉོན་མོངས་ཞེས་པའི་ཉོན་མོངས་ངོས་བཟུང་བའི་སྐབས་འདོད་ཆགས་དང་ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་སྟེ་ལྟ་མིན་ལྔ་དང་། འཇིག་ལྟ་དང་། མཐར་ལྟ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། ལོག་ལྟ་སྟེ་ལྟ་བ་ལྔ་སྟེ་རྩ་ཉོན་བཅུ་བོ་དེ་དག་ཀུན་བཏུས་དང་རྣལ་འབྱོར་སྤྱོད་པའི་ས་དང་ཕུང་པོ་ལྔའི་རབ་བྱེད་ལྟར་བཤད་ཅིང་། མཛོད་ལས། རྩ་ཉོན་དྲུག་བཤད་པ་ཐེ་ཚོམ་འཁོར་རྩ་ཡིན་ནམ་མིན།
འོ་འོ་་་མཁས་པ་རྣམས་པ་ཚོས་་་བགྲོད་གླེང་ཡག་པོ་ཞེ་དྲག་གནང་གི་འདུག་པས་དགའ་བསུ་ཞུ།
ལེགས་བཤད་ལགས། སྡུག་བསྔལ་ལ་ཚོར་པའི་ཁྱབ་པས་ན་སོ་སོར་དཔྱད་མི་དགོས་ལ། ཟག་བཅས་ཐམས་ཅད་སྡུག་བསྔལ་བར་གསུངས་པ་ནི། རྣམ་གྲངས་པའི་སྡུག་བསྔལ་དུ་གསུངས་པ་ཡིན་ནོ།།
ལེགས་བཤད་སོགས་ལ་ཞུ་རྒྱུར། དེ་ཡང་སྔ་འགྱུར་རྙིང་མ་བ་རྣམས་ཀྱིས་ཞིབ་ཆ་འདི་ལྟར་བྱེད་དེ། རྗེ་ཐམས་ཅད་མཁྱེན་པ་དང་ལྕང་སྐྱ་རོལ་རྡོར་སོགས་ཀྱི་ལྟ་བ་ནི་མ་ཡིན་དགག་གི་ལྟ་བ་ཡིན་ཞིང་། རྗེའི་འཇུག་ཊིཀ་སོགས་སུ་ལྟ་བ་མེད་དགག་གསུངས་པ་ནི་དྲང་དོན་ནམ་གཞན་ངོར་གསུངས་པར་འདོད་ལ། དེའི་ཁུངས་ལ་རྗེའི་ལམ་གཙོ་རྣམ་གསུམ་དང་། ལམ་རིམ་ཆེན་མོ། གསེར་ཕྲེང་སོགས་དང་། ལྕང་སྐྱའི་ལྟ་མགུར་སོགས་འདྲེན་པར་སྣང་ངོ་། །གསེར་ཕྲེང་ནི་དགེ་ལྡན་པས་ཀྱང་བོད་སྔ་རབས་པའི་ལྟ་བ་ཡིན་པར་གསུངས་ལ། གཞན་རྣམས་ལ་དོགས་པ་ཆུང་ཡང་། ལམ་རིན་ཆེན་མོའི་ལྷག་མཐོང་གི་དབུ་སྟོད་དུ་འདི་ལྟར་གསུངས་ཏེ། རིགས་ཤེས་ཀྱི་གཞལ་བྱ་ནི་དོན་བདེན་པ་དང་མཐུན་པས་དོན་དམ་ཞེས་བཏགས་པར་དབུ་མ་རྒྱན་དང་སྣང་བ་གཉིས་ཀ་ནས་གསུངས་པའི་ཕྱིར་རོ། །དབུ་མ་བ་ཆེན་པོ་གཞན་རྣམས་ཀྱང་རིགས་པས་སྤྲོས་པ་བཅད་པའི་དོན་དེ་ཙམ་ནི་དོན་དམ་བདེན་པར་མི་བཞེད་པས་ལེགས་པ་མ་ཡིན་ནོ། །ཞེས་གསུངས་ལ། དེ་ནི་ཕྱོགས་སྔས་རིགས
ཤེས་རྗེས་དཔག་གི་གཞལ་བའི་དོན་ཙམ་དོན་དམ་བདེན་པ་མཚན་ཉིད་པར་འདོད་ཉིད་འགོག་པ་ཡིན་པ་ནི་དེ་མ་ཐག་པའི་གོང་དུ་གསལ་ལོ། །དེས་ན་རིགས་ཤེས་ཀྱིས་དགག་བྱ་བདེན་གྲུབ་ཀྱི་སྤྲོས་པ་བཅད་ཙམ་གྱི་མེད་དགག་དེ་ཉིད་རིགས་ཤེས་ཀྱི་གཞལ་བྱ་ཡིན་པས། དེ་དོན་དམ་བདེན་པ་མཚན་ཉིད་པ་མིན་གསུངས་པ་ཡིན་ནམ་སྙམ་པ་དང་། དབུ་མ་བ་ཆེན་པོ་གཞན་རྣམསཀྱང་ཞེས་ཆེན་པོའི་སྒྲ་ནུས་དང་མང་ཚིག་གི་ནུས་པས་ལེགས་ལྡན་འབྱེད་དང་དཔལ་ལྡན་ཟླ་བ་སོགས་ལ་གོ་དགོས་སམ་སྙམ་སྟེ། དཔྱད་གཞིའོ། །
་
་
མཁྱེན་རྒྱ་ཡངས་པའི་ལེགས་བཤད་ལགས། རྗེ་ལེགས་བཤད་སྙིང་བོ་ལ་སྔར་ནས་མཇལ་ཁུལ་ཡིན་ཡང་ཚེ་དཔག་མེད་ཅེས་པ་མ་ཡིན་དགག་ཡིན་གསུངས་པ་ཞིག་དྲན་ལམ་ནས་ཡལ་འདུག་པས་། རབ་བྱུང་ན་ཁྱེད་ཀྱིས་
ལུང་ངོ་མ་དེ་འདྲེན་རོགས། ཕྲན་གྱིས་བསྡུས་གྲྭའི་ནང་ཁྱོད་ཅེས་བརྗོད་པའི་སྒྲ་ལ་དགག་ཚིག་ཡོད་ན་ཁྱོད་དགག་པ་ཡིན་པས་མ་ཁྱབ་སྟེ། སངས་རྒྱས་ཚེ་དཔག་མེད་ཅེས་པའི་སྒྲ་ལ་དགག་ཚིག་ཡོད་ཀྱང་ཁྱོད་དགག་པ་མ་ཡིན་པའི་ཕྱིར། ཟེར་བ་ལྟ་བུ་ཞིག་དྲན་འདྲ་ཞིག་འབྱུང་གིན་འདུག་
འདྲེ་ནག་ལགས། ལེགས་སྙིང་ལས། མ་ཡིན་ཞེས་པ་དང་མེད་ཅེས་པའི་ཚིག་གིས་བཀག་པ་ནི་དེ་གཉིས་ཀྱི་ཁྱད་པར་མིན་ཏེ། བདག་ལས་མ་ཡིན་ཞེས་བཀག་པ་མེད་དགག་ཏུ་ལེགས་ལྡན་དང་ཟླ་བ་གཉིས་ཀས་བཤད་པའི་ཕྱིར་དང་། ཚེ་དཔག་མེད་ཅེས་པ་མ་ཡིན་དགག་ཏུ་བྱ་དགོས་པའི་ཕྱིར་རོ།། འདི་ཐུགས་ལ་བཟུང་།
འདྲེ་ནག་མགོ་དགུ་ལགས། རིགས་ཤེས་ཀྱི་གཞལ་བྱར་སྣང་སྟོང་སྒྱུ་མ་ལྟ་བུ་དེ་ནི་དོན་དམ་བཏགས་པ་བ་སྟེ། དངོས་མིན་ལ་དངོས་ནི་སྤྲོས་པ་ཐམས་ལས་འདས་པ་ཡིན་ནོ།།ཞེས་པའི་དོན་དུ་སེམས།
ལམ་གྱི་གཙོ་བོ་རྣམ་གསུམ་སྐབས་འཁོར་བ་ལས་ཡིད་སྐྱོ་བའི་ངེས་འབྱུང་སྐྱེས་བ་དང་དེ་ནི་ཐེག་དམན་ལ་མཛེས་ཀྱི་བྱང་ཆུབ་སེམས་དཔས་དེ་སྒོམ་པ་མ་ཡིན་ནོ་ཞེས་ཁ་ཅིག་ལ་ལོག་རྟོག་དེ་ལྟར་སྐྱེས་ཀྱང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བའི་སྤྱོད་ཡུལ་ལ་སྐྲག་ན་སྤྱོད་ཡུལ་མ་ལགས་པར་ལྟུང་ངོ་། ཞེས་པ་ལྟར་ཉན་ཐོས་རྣམས་ནི་འཁོར་བའི་སྤྱོད་ཡུལ་ལ་སྐྲག་པ་དང་བྱང་སེམས་ཀྱིས་བསམ་བཞིན་དུ་འཁོར་བ་ཡོངས་སུ་འཛིན་པས་འཁོར་བ་ལ་ངེས་འབྱུང་སྐྱེ་བ་འགལ་ལོ་ཞེ་ན། འཁོར་བ་ལ་ཡིད་སྐྱོ་བར་མི་བྱ་བའི་དོན་མ་ཡིན་པར་འགྲོ་བའི་དོན་དུ་འགྲོ་བའི་སྡུག་བསྔལ་ལུས་དང་སེམས་ལ་བབ་ཀྱང་དེ་དག་གིས་ཡིད་སྐྱོ་ཞིང་སྐྲག་པར་མི་བྱ་བར་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སྤྲོ་བའི་བརྩོན་འགྲུས་བསྐྱེད་དགོས་པ་དང་། ངེས་འབྱུང་ནི་ལམ་གྱི་སྣ་འདྲེན་པ་གཅིག་བུ་དེ་ཡིན་པས་བྱང་སེམས་ཀྱིས་ཀྱང་དང་པོ་ཁོ་ནར་འཁོར་བ་པ་རྣམས་ཉོན་མོངས་ཀྱི་དབང་གིས་འཁོར་བར་ཇི་ལྟར་འཁྱམས་ཚུལ་དང་སྡུག་བསྔལ་དུ་མས་མནར་ཚུལ་ལ་བསམ་སྟེ་རང་གི་དོན་ཡང་བྱ་མི་ནུས་ན་གཞན་གྱི་དོན་ལྟ་ཅི་སྨོས་སྙམ་དུ་བསམ་ནས་འཁོར་བ་ལས་ཐར་བའི་ཐར་འདོད་ཀྱི་བློ་སྐྱེ་དགོས་ཀྱང་དེ་ནི་ཞར་བྱུང་ཡིན་པས་ཐར་བ་གཙོ་བོར་དོན་དུ་མི་གཉེར་བའི་ཕྱིར། འདི་འདྲའི་སྐབས་ལ་རི་བོ་དགེ་ལྡན་པ་དག་གིས་གཙོ་བོ་དང་ཕལ་བའི་རྣམ་དབྱེ་བཤད་པ་ཧ་ཅང་མཁོ་ཆེ་བ་ཡིན།
སྐྱེས་བུ་ཆུང་ངུའི་རྒྱུད་ལ་ཐར་འདོད་ཀྱི་བློ་ནམ་སྐྱེས་པ་ན་སྐྱེས་བུའི་འབྲིང་གི་ལམ་རང་རྒྱུད་ལ་སྐྱེས་བ་ཡིན་མིན་དང་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་ངོས་འཛིན་པའི་སྐབས། འཆི་བ་མི་རྟག་པ་སྒོམ་པའི་བློ་དང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལྟ་བུ་སྐྱེས་བུའི་ཆུང་ངུའི་ལམ་ཡིན་མིན་དང་། འཁོར་བ་ལས་ཐར་འདོད་ཀྱི་བློ་དེ་སྐྱེས་བུའི་འབྲིང་གི་ལམ་ཡིན་མིན་དང་སྐྱེས་བུ་ཆེན་པོའི་རྒྱུད་ལ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་གི་ལམ་ཡོད་ཀྱང་དེ་སྐྱེས་བུའི་ཆུང་ངུའི་ལམ་ཡིན་མིན་དཔྱད་པར་མཛོད།
ཐར་འདོད་ཀྱི་བློ་བཅོས་མ་མིན་པ་དཔེར་ན་བྱིས་པ་ཞིག་ཧ་ཅང་དཀྲེས་ཏེ་རྩམ་པ་ཟ་འདོད་པ་ན། ཨ་མས་ཉུང་མ་སྐམ་པོ་ཞིག་བྱིན་པ་དེ་མི་འདོད་ཟེར། ཉུང་མ་ཕོ་ཤ་ཞིག་བྱིན་པ་ལའང་ང་མི་འདོད་ཟེར། དེ་ནས་ཉུང་མ་བཙོས་འཁེངས་ཞིག་བྱིན་པ་དེ་ཡང་ང་མི་འདོད་ཟེར་ཞིང་བྱིས་པ་མི་མགུ་བར་དེ་ཉུང་མ་ཡིན་ཟེར་བ་ལྟར་དེ་ཐམས་ཅད་ལ་སྐྱུག་ལོག་ལོག་ལྟར་བྱེད་པ་ལྟར་འཁོར་བའི་བྱ་བ་ཐམས་ཅད་ལ་ཡིད་འབྱུང་སྐྱེ་བ་ཞིག་དགོས་པ་རེད། འཁོར་བ་བཟློག་པ་ནི་དལ་འབྱོར་ཐོབ་པའི་དུས་ཡིན་ཏེ། མི་ཁོམ་པའི་གནས་སུ་སྐྱེས་པ་ལ་བཟློག་པའི་སྐབས་མེད་པ་ཡིན་པས། མི་དང་དུད་འགྲོའི་ཁྱད་འབྱེད་པའི་དུས་ཚོད་ཡག་ཤོས་ནི་ད་རེས་ཡིན་ནོ།།
འཁོར་བ་ལས་བཟློག་པའི་ལམ་ནི་བསླབ་པ་གསུམ་ཡིན་པས། བསླབ་གསུམ་ལ་སེམས་འདུལ་བའི་རིམ་པ་ལ་ལྟོས་བའི་གྲངས་ངེས་ནི། སེམས་རྣམ་པར་གཡེངས་བ་གཡེང་བ་མེད་པར་བྱེད་པ་ཚུལ་ཁྲིམས་ཀྱི་བསླབ་པ། སེམས་མཉམ་པར་མ་བཞག་པ་མཉམ་པར་འཇོག་པ་ཏིང་ངེ་འཛིན་ནམ་སེམས་ཀྱི་བསླབ་པ། སེམས་མ་གྲོལ་བ་གྲོལ་བར་བྱེད་པ་ཤེས་རབ་ཀྱི་བསླབ་པ་སྟེ། དེ་གསུམ་གྱིས་རྣལ་འབྱོར་བའི་བྱ་བ་ཐམས་ཅད་རྫོགས་པར་བྱེད་པའི་ཕྱིར། འབྲས་བུ་ལ་ལྟོས་བའི་གྲངས་ངེས་ནི། ཚུལ་ཁྲིམས་མ་ཉམས་པའི་འབྲས་བུ་ནི་འདོད་པའི་བདེ་འགྲོ་གཉིས། ཉམས་པའི་འབྲས་བུ་ངན་འགྲོ །སེམས་ཀྱི་བསླབ་པའི་འབྲས་བུ་ཁམས་གོང་མའི་བདེ་འགྲོ་གཉིས། ཤེས་རབ་ཀྱི་བསླབ་པའི་འབྲས་བུ་ནི་ཐར་བ་སྟེ། མདོར་ན་དེ་དག་གི་བསྒྲུབ་བྱ་མངོན་མཐོ་དང་ངེས་ལེགས་གཉིས་ཡིན། གོ་རིམ་དེ་ལྟར་ངེས་ཏེ། ཚུལ་ཁྲིམས་ཀྱིས་རྩ་བ་ཤིན་ཏུ་བརྟན་པ་དང་། ཏིང་ངེ་འཛིན་གྱིས་ཞི་བའི་སེམས་དགའ་བ་དང་། ཤེས་རབ་ཀྱིས་འཕགས་པའི་ལྟ་བ་དང་ལྡན་ཞིང་སྡིག་པའི་ལྟ་བ་དང་བྲལ་བར་བྱེད་པའི་ཕྱིར། རྟོགས་པའི་བསྟན་པའི་དབང་དུ་བྱས་ནས་བསླབ་པ་གསུམ། ལུང་གི་བསྟན་པའི་དབང་དུ་བྱས་ནས་སྡེ་སྣོད་གསུམ་སྟེ་དེའི་བརྗོད་བྱ་བསླབ་གསུམ་གྱི་ནང་དུ་མ་འདུས་པའི་བསླབ་ཆོས་ཤིག་མེད་པས་སྐྱ་སེར་ལ་དབྱེ་བ་མེད་པར་བསླབ་པ་གསུམ་གྱི་ཡོན་ཏན་ལྡན་དགོས་པ་ཡིན་ནོ་ཀྱེ། དེ་མིན་སྤྱི་ཚོགས་ཤིག་གི་དབང་དུ་བྱས་ན་ཡང་ཚུལ་ཁྲིམས་ནི་ཀུན་སྤྱོད། སེམས་ཀྱི་བསླབ་པ་ནི་རང་ཚུགས། ཤེས་རབ་ཀྱི་བསླབ་པ་ནི་ཤེས་ཡོན་ཏེ། ཀུན་སྤྱོད། རང་ཚུགས། ཤེས་ཡོན་གསུམ་ནི་མིའི་བདེ་སྐྱིད་དང་ཐད་ཀར་འབྲེལ་བ་འདུག་ག །
དྭགས་པོ་ཐར་རྒྱན་གྱི་དབུར། སྤྱིར་ཆོས་ཐམས་ཅད་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་འདུས་སོ། དེ་ལ་འཁོར་བ་ཞེས་བྱ་བ་ནི་རང་བཞིན་སྟོང་བ་ཉིད་ཡིན། རྣམ་པ་འཁྲུལ་བ་ཡིན། མཚན་ཉིད་སྡུག་བསྔལ་དུ་ཤར་བ་ཡིན་ནོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་རང་བཞིན་སྟོང་བ་ཉིད་ཡིན། རྣམ་པ་འཁྲུལ་བ་ཐམས་ཅད་ཟད་་ཅིང་ཡལ་བ་ཡིན། མཚན་ཉིད་སྡུག་བསྔལ་ཐམད་ཅད་ལས་གྲོལ་བ་ཡིན་ནོ།།དེ་ལ་འཁོར་བར་འཁྲུལ་བ་འདི་ཡང་སུ་འཁྲུལ་ན། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁྲུལ་ལོ། །གཞི་ཅི་ལས་འཁྲུལ་ན། སྟོང་བ་ཉིད་ལས་འཁྲུལ་ལོ། །རྒྱུ་ཅི་ལས་འཁྲུལ་ན་མ་རིག་པ་ཆེན་པོས་འཁྲུལ་ལོ། །ཚུལ་ཇི་ལྟར་འཁྲུལ་ན། འགྲོ་བ་རིགས་དྲུག་གི་སྤྱོད་ཡུལ་དུ་འཁྲུལ་ལོ། །དཔེ་ཇི་ལྟར་འཁྲུལ་ན། གཉིད་དང་རྨི་ལམ་ལྟར་འཁྲུལ་ལོ། །དུས་ནམ་ནས་འཁྲུལ་ན། འཁོར་བ་ཐོག་མ་མེད་པ་ནས་འཁྲུལ་ལོ། །འཁྲུལ་བ་ལ་སྐྱོན་ཅི་ཡོད་ན། སྡུག་བསྔལ་འབའ་ཞིག་ལ་སྤྱོད་དོ། །འཁྲུལ་བ་ནམ་སངས་ན། བླ་མེད་ཀྱི་བྱང་ཆུབ་ཐོབ་ཙ་ན་སངས་སོ། །འཁོར་བ་ལ་རང་སངས་ཡོང་ངམ་སྙམ་ན། འཁོར་བ་ལ་ཐོག་མ་མེད་པར་གྲགས་པ་དེ་ཡིན་ནོ། །
ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ལྡན་འདས་དཔེར་བགྱི་ན་སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་ཀྱང་མཆིས་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་སེམས་དཔའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ། །ཞེས་དང་། དབུ་མ་འཇུག་པ་ལས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི།།ས་བོན་དང་སྤེལ་ལ་ཆུ་འདྲ་ཡུན་རིང་དུ།།ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་བ།།དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི།།ཞེས་གསུངས་པ་ལྟར་ལོ་ཏོག་ལ་ཐོག་མར་གལ་ཆེ་བ་ས་བོན་དང་བར་དུ་གལ་ཆེ་བ་ཆུ་དང་ཐ་མར་གལ་ཆེ་བ་སྨིན་པ་ལྟར། སངས་རྒྱས་ཀྱི་ལོ་ཏོག་ལའང་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་སྙིང་རྗེ་ཡིན་པར་དཔལ་ལྡན་ཟླ་བ་གྲགས་པས་གསུངས་སོ།།
ལེགས་བཤད་ལགས།
ཟིན་བྲིས་དེ་དག་ཤིན་དུ་དོན་ཆེ་བས། སྐུ་ངལ་སྐྱོན་པར་ཐུགས་རྗེ་ཆེ། མུ་མཐུད་འབད་པའི་རེ་བ་ཞུའོ།
འདིར་ལམ་རིམ་དང་འབྲེལ་ཡོད་ཀྱི་འདྲི་བ་གཉིས་ཡོད་པས། གོ་སླའི་ལན་ཞིག་སྟེར་རོགས་མཛོད།
མེད་འགག་ཟེར་ན་གང་། ལན་དང་དཔེ་བདེ་པོ་ཞིག་འཇོག་རོགས། དཔེ་དེ་ཡང་དེང་སང་གི་བོད་པས་གོ་ཐུབ་པ་དང་མཐོང་ཐུབ་པ་ཞིག་འཇོག་རོགས་མཛོད།
མ་ཡིན་འགག་ཟེར་ན་གང་། ལན་དང་དཔེ་བདེ་པོ་ཞིག་འཇོག་རོགས།
རྒད་པོ་ལགས། མ་ཡིན་དགག་ནི། དགག་བྱ་དངོས་སུ་བཅད་ནས་ཆོས་གཞན་འཕེན་པ་སྟེ། དཔེར་ན། སྐལ་བཟང་རྒྱགས་པས་ཉིན་པར་ཟས་མི་ཟ། ཞེས་པ་ལྟ་བུས་ཉིན་པར་ཟས་ཟ་བ་དངོས་སུ་བཀག་ཤུལ་དུ་མཚན་མོར་ཟ་བ་ཤུགས་ལ་འཕེན་པ་ལྟ་བུ། མེད་དགག་ནི། དགག་བྱ་དངོས་སུ་བཅད་ནས་ཆོས་གཞན་མི་འཕེན་པ་སྟེ། དཔེར་ན། སྐལ་བཟང་གིས་ཆང་མི་འཐུང་ངོ་། ཞེས་པ་ལྟ་བུའི་ཚིག་གིས་ཆང་འཐུང་བ་དངོས་སུ་བཀག་ཤུལ་དུ་དོན་གཞན་མི་འཕེན་པ་ལྟ་བུའོ།།
ལེགས་བཤད་ལགས།
ཐུགས་རྗེ་ཆེ། ལྟས་ངན་ངའི་དག་ཆ་དེ་ཡང་ནོར་འདུག དགོངས་འགལ་མེད་པ་ཞུ།
ལམ་རིམ་ལས། དམ་པ་གོང་མ་རྣམས་ཀྱི་ཞལ་སྔ་ནས་ཀྱང་། ཞེས་པ་ནས། ཤེས་རབ་མེད་པ་དེ་ལ་རྒོད་པའི་ཁ་ལ་བལྟས་ན་རྒོད་བྲོ། ངུ་བའི་ཁ་ལ་བལྟས་ན་ངུ་བྲོ། ཆུ་སྣ་བཞིན་དུ་ཅི་ཟེར་ལ་བདེན་སྙམ་ནས་གར་ཁྲིད་སར་འགྲོ་གསུང་ངོ་། ཞེས་པ་འདི་རྗེ་མི་ལའི་གསུང་ཡིན་ནམ་བརྟག་པར་བྱ། ཤ་ར་བའི་ཞལ་ནས། འཚང་མ་རྒྱས་བའི་བར་དུ་སློབ་གཉེར་ལ་ཚར་བ་མེད་སངས་རྒྱས་ཙ་ན་ཚར་བ་ཡིན་ཞེས་གསུངས་པ་སོགས་ཤེས་རབ་གལ་ཆེ་བར་གསུངས་པ་དང་། རྨོངས་པ་ལ་འགལ་ཡང་མཁས་པ་ལ་མི་འགལ་བ་ཡང་ཡིན་པས་ཐོས་བསམ་སློབ་གཉེར་གལ་ཆེ་བ་རྒྱ་བོད་གཞུང་དུ་མས་བསྒྲུབས་སོ། །
ལས་གསོག་ཚུལ། སློབ་དཔོན་དབྱིག་གཉེན་གྱིས། བདེན་པ་མཐོང་ལ་འཕེན་པ་མེད།།ཅེས་གསུངས་པ་ལྟར་ཇི་སྲིད་དུ་རང་ཉིད་གང་ཟག་གི་བདག་ཏུ་འཛིན་པའི་དབང་དུ་འགྲོ་བ་དེ་སྲིད་དུ་འཁོར་བར་འཕེན་བྱེད་ཀྱི་ལས་གསོག་ལ། བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ཟིན་ནས་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ཡོད་ཀྱང་འཕེན་བྱེད་ཀྱི་ལས་གསར་དུ་མི་གསོག་སྟེ། མི་སྟོབས་ལྡན་གྱིས་སྟོབས་ཆུང་ངུ་རྡུང་བ་ལྟར་ཐེག་དམན་གྱི་རྒྱུན་ཞུགས་དང་ཕྱིར་མི་འོང་གིས་ཀྱང་བདག་འཛིན་དང་དུ་མི་ལེན་ཅིང་སྤོང་བར་འཕགས་པ་ཐོགས་མེད་ཀྱིས་ས་སྡེ་ལས་གསུངས་པའི་ཕྱིར། དེས་ན་ཉོན་མོངས་ཅན་གྱི་མ་རིག་པ་དང་འཇིག་ལྟའི་གཞན་དབང་དུ་གྱུར་བ་དེ་སྲིད་དུ་འཁོར་བར་འཕེན་བྱེད་ཀྱི་ལས་གསོག་ལ། དེ་འདྲའི་ལས་དེ་ལའང་བསོད་ནམས་མ་ཡིན་པའི་ལས་དང་བསོད་ནམས་ཀྱི་ལས། མི་གཡོ་བའི་ལས་གསུམ་བཞག་པ་ཡིན་པའི་ཕྱིར། སྲོག་གཅོད་སོགས་མི་དགེ་བ་བྱེད་ན་བསོད་ནམས་མ་ཡིན་པའི་ལས་དང་འདོད་ཁམས་ཀྱི་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་སྲུང་བ་སོགས་བྱེད་ན་བསོད་ནམས་ཀྱི་ལས་དང་གཟུགས་གཟུགས་མེད་སས་བསྡུས་ཀྱི་ཞི་གནས་སོགས་སྒོམ་ན་མི་གཡོ་བའི་ལས་གསོག་པ་ཡིན་པའི་ཕྱིར།
སེམས་བསྐྱེད་སྐོར་ལ། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཉིད་ཡིན་པར་སྤྱོད་འཇུག་དང་འཕགས་པ་བྱམས་པའི་རྣམ་ཐར། དབུ་མ་རིན་ཆེན་ཕྲེང་བ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། སྡོང་བོ་བཀོད་པའི་མདོ། རྒྱུད་བླ་མ། མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་སོགས་ཀྱི་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་བསྒྲུབས་ཤིང་། རྒྱུ་གང་གིས་སེམས་བསྐྱེད་ཚུལ་གྱི་ཁྱད་པར་ལ། མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས།།ཐོས་སྟོབས་དགེ་བ་གོམས་པ་ལས།།མི་བརྟན་པ་དང་བརྟན་འབྱུང་བ།།ཞེས་པ་ལྟར་གྲོགས་དགེ་བའི་བཤེས་གཉེན་གྱི་སྟོབས་དང་། རྒྱུ་རིགས་སད་པའི་སྟོབས་དང་། ཚེ་སྔ་མར་རིགས་རྒྱས་བྱེད་དགེ་རྩ་གོམས་པའི་སྟོབས་དང་། ཚེ་སྔ་མའམ་འདིར་མདོ་སྡེ་སོགས་ཐོས་པའི་སྟོབས་དང་། ཚེ་འདིར་ཐོས་བསམ་གྱིས་བློ་སྦྱོངས་བ་སོགས་དགེ་བ་གོམས་པའི་སྟོབས་ལས་སེམས་བསྐྱེད་པ་ལྔ་ཡོད་པས། སྔ་མ་བཞི་མི་བརྟན་པ་དང་ཕྱི་མ་བརྟན་པར་འབྱུང་བའམ་སྐྱེ་བ་ཡིན་པའི་ཕྱིར། སེམས་སྦྱང་བའི་རིམ་པ་ལ། ཇོ་བོ་ནས་བརྒྱུད་པའི་རྒྱུ་འབྲས་མན་ངག་བདུན་པ་དང་ཞི་བ་ལྷའི་གཞུང་ནས་བདག་གཞན་མཉམ་བརྗེ་སྐྱོང་བའི་ཚུལ་གཉིས་བྱུང་ལ། སྔ་མ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་སྦྱང་བ་ལ་བློ་གྲོས་མི་ཟད་པའི་བསྟན་པ་དང་སྒོམ་རིམ་དང་པོ། འཕགས་པ་དད་པའི་སྟོབས་བསྐྱེད་པའི་མདོ་དང་། དབུ་མ་འཇུག་པ། ཆོས་ཡང་དག་པར་སྡུད་པ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་སོགས་ཀྱིས་བསྒྲུབས་ཤིང་། ཕྱི་མ་ བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་སྦྱང་བ་ལ། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ།།དེ་ཀུན་གཞན་བདེ་འདོད་ལས་བྱུང་།།འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།།དེ་ཀུན་བདག་བདེ་འདོད་ལས་བྱུང་།།མང་དུ་བཤད་ལྟ་ཅི་དགོས་ཏེ།།བྱིས་པ་རང་གི་དོན་བྱེད་དང་།།ཐུབ་པ་གཞན་གྱི་དོན་མཛད་པ།།འདི་གཉིས་ཀྱི་ནི་ཁྱད་པར་ལྟོས།།བདག་བདེ་གཞན་གྱི་སྡུག་བསྔལ་དག།ཡང་དག་བརྗེ་བར་མ་བྱས་ན།།སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།།འཁོར་བ་ན་ཡང་བདེ་བ་མེད།།ཅེས་པ་སོགས་ལུང་རིགས་དཔེ་གསུམ་གྱིས་བསྒྲུབས་སོ། ། ལམ་སྒྲོན་ལས། མི་ལྡོག་པ་ཡི་སེམས་དག་གིས།།ཞེས་སོགས་ཀྱིས་སེམས་བསྐྱེད་ཆོ་གས་གཟུང་བའི་ཚུལ་ནམ་རྒྱུན་ལག་ལེན་དུ་སྟར་བཞིན་པ་དེའོ། །ཕྱིན་དྲུག་གི་བྱ་བས་དངོས་སུ་ཟིན་མ་ཟིན་གྱི་སྒོ་ནས་སྨོན་འཇུག་གི་སེམས་གཉིས་བཤད་ལ། མཁས་པ་ལ་ལས། འཇུག་སྡོམ་ཐོབ་ན་འཇུག་སེམས་སྐྱེས་དགོས་པར་གསུངས་ལ། མཁས་པ་ལ་ལས། འཇུག་སྡོམ་ཐོབ་ནས་འཇུག་སེམས་མ་སྐྱེས་པ་ཡོད་ཅེས་གསུངས། དགག་སྒྲུབ་རྒྱས་པར་ཡིག་ཆ་ཁག་ལ་གསལ། སེམས་བསྐྱེད་མི་ཉམས་པའི་ཕྱིར་སྤྲོ་ཤུགས་འཕེལ་བ་ལ་སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པ་དང་སེམས་ཅན་བློས་མི་སྤང་བ་། མདོ་སྡེ་ལ་ལྟ་བའམ་བླ་མ་ལས་མཉན་ཏེ་སེམས་བསྐྱེད་ཀྱི་ཕན་ཡོན་སེམས་པ་དགོས་པའི་ཕྱིར།
ལེགས་བཤད་མིང་དོན་མཚུངས་སོ།
ཇི་ལྟར་ཁྱོད་ཀྱི་སྦྱིན་པ་ནི། ཆོས་ཀྱི་སྦྱིན་པ་ཡིན་ལགས་པས། འབྲས་བུ་ཤིན་དུ་མི་ཟད་པ། ཐར་པའི་བར་དུ་སྨིན་པར་ཤོག་ཅེས་མངོད་བསྟོད་སྔོན་ལ་བཏང་ནས། འདྲི་བ་དགོད་པ་ལ།
རྒྱུ་འབྲས་མན་ངག་བདུན་གྱི་ནང་ནས། ཡིད་འོངས་ཅེས་པ་འདི་ཇི་ལྟར་གོ་དགོས་སམ།
དང་པོ། མར་བསྒོམ་པ་ནི། འཁོར་བ་ལ་ཐོག་མ་མེད་པས་རང་གི་སྐྱེ་བ་ལའང་ཐོག་མ་མེད་པས་སྐྱེ་ཤི་བརྒྱུད་མར་བྱས་ཏེ། འཁོར་བ་ན་ལུས་འདི་མ་བླངས་བྱ་བ་མེད་པ་དང་ཕྱོགས་འདིར་མ་སྐྱེས་བྱ་བ་ཡེ་མེད་ལ། མ་ལ་སོགས་པའི་གཉེན་དུའང་མ་གྱུར་བ་མེད་པས་ཕ་མ་ཕུ་ནུ་སྲིང་མོ་སློབ་དཔོན་ནམ་བླ་མའི་གནས་ལྟ་བུར་མ་གྱུར་བ་གང་ཡང་མེད་པར་བསམས་ལ་རང་གི་མ་བྱས་པ་ལ་ངེས་པ་བརྟན་པོ་བཙལ་བར་བྱ་དགོས་པ་རེད། གཉིས་པ་དྲིན་དྲན་པ་བསྒོམ་པ། གསུམ་པ་དྲིན་གཟོ་བ་བསྒོམ་པ། བཞི་པ་ཡིད་འོང་གི་བྱམས་པ་བསྒོམ་པ་ནི་དམིགས་པ་བདེ་བ་དང་མི་ལྡན་པའི་སེམས་ཅན་ལ་དམིགས་ནས་རྣམ་པ་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པ་དང་བདེ་བ་དང་ཕྲད་པར་གྱུར་ཅིག་སྙམ་པ་དང་ཕྲད་པར་བྱའོ་སྙམ་པ་ལྟ་བུའོ། །
མར་ཤེས་པ་དང། དྲིན་དྲན་པ། དྲིན་གཟོ་པ། གསུམ་གྱི་ཚབ་ཏུ་བྱང་སེམས་དབང་པོ་རྣོན་པོས་བདག་གཞན་མཉམ་བརྗེ་གཅིག་ཉིད་ཀྱིས་འཐུས་པ་བྱས་པ་ན། འདི་གཉིས་ཀའི་ཡིད་འོང་གི་བྱམས་པའི་བློ་ཅིག་སྐྱེས་ཕྱིར་བསྒོམས་པ་རེད་དོ། །སྙིང་རྗེ་དང་ལྷག་བསམ་གཉིས་ནི་བྱང་སེམས་དབང་པོ་རྣོ་རྟུལ་གཉིས་ཀས་བསྒོམས་དགོས་པ་གཉིས་སོ། །
ལམ་རིམ་གསུང་ཆོས་ལ་ཕེབས་པའི་དགེ་འདན་པ་ཆིག་ཁྲི་བདུན་སྟོང་ཡོད་པ་དང་། གསར་འབྱོར་བ་གང་འཚམས་བསླེབས་འདུག་ལ། སོག་པོ་དང་། རྒྱ་མི། ཕྱི་རྒྱལ་བ། གཞིས་གྲོང་ཁག་ནས་ཀྱང་བསླེབས་འདུག །དེ་རིང་འབྲས་བློ་གླིང་གྲྭ་ཚང་དུ་གསུང་ཆོས་ཉིན་གཉིས་པ་དེ་ཡིན་ཞིང་ལམ་རིམ་ལས་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་བསླབ་ཚུལ་བར་གསུང་གྲུབ། གོང་ས་མཆོག་གིས་སང་ཉིན་དགའ་ལྡན་ལྔ་མཆོད་ཡིན་སྟབས་མཁས་གྲུབ་རིན་པོ་ཆེས་མཛད་པའི་དཔལ་ལྡན་ས་གསུམ་མ་དང་འཇམ་དབྱངས་ཆོས་རྗེས་མཛད་པའི་གསང་བའི་རྣམ་ཐར། རྗེ་དགེ་འདུན་གྲུབ་པས་ལེགས་བྲིས་མ་གསུམ་ཚོགས་འདོན་དུ་བསྣམས་ཤོག་གསུངས།
སྙིང་རྗེས་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས། །
མཁྱེན་པའི་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས། །
ནུས་སྟོབས་མངའ་བདག་ཕྱག་ན་རྡོ་རྗེས་མཐུས། །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་བསླབ་ཚུལ་སྐབས། ཞི་གནས་སྐོར་གཙོ་བོར་འཕགས་པ་ཐོགས་མེད་ཀྱི་ལུགས་དང་ལྷག་མཐོང་སྐོར་གཙོ་བོར་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་གཙོ་བོར་འཛིན་དགོས་པ་ཡིན། སྤྱིར་སེམས་མི་རྟོག་པར་སྐྱོང་བའི་ཞི་གནས་ཙམ་ཞིག་ཕྱི་རོལ་བ་ལ་ཡོད་ཀྱང་བདག་མེད་པའི་ལྟ་བ་དང་འབྲེལ་བའི་ཞི་ལྷག་ཟུང་འབྲེལ་བསྒྲུབ་ཚུལ་སྐབས་འདིའི་བརྗོད་བྱ་གཙོ་བོ་ཡིན། ཞི་གནས་སྒོམ་པའི་རྟེན་ནི། ངན་སོང་གསུམ་དང་སྒྲ་མི་ཉན་པ། འདུ་ཤེས་མེད་པ་བ། ཆོས་སྤོང་དང་མཚམས་མེད་ཀྱི་ལས་སྟོབས་ལྡན། ལྷ་མ་ཡིན། ཟ་མ་མ་ནིང་དང་མཚན་གཉིས་པ་སོགས་ཀྱི་ལུས་རྟེན་ལ་དངོས་གཞི་དང་ཉེར་བསྡོགས་གང་ཡང་མེད། དེ་དག་ལས་གཞན་པའི་གླིང་གསུམ་གྱི་མི་དང་འདོད་ལྷ་དྲུག་གི་ལུས་རྟེན་ལ་བསམ་གཟུགས་ཀྱི་དངོས་གཞི་དང་ཉེར་བསྡོགས་རྣམས་གསར་སྐྱེས་དང་སྐྱེས་ཟིན་ལྡན་པ་ཡོད། དགོངས་འགྲེལ་ལས། དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་དེ་ལ་བརྟེན་ནས་ཁ་ཅིག་གིས། ཐེག་པ་གསུམ་གང་རུང་གི་ལམ་ཐོབ་པ་ལ་ཞི་ལྷག་གཉིས་ཐོབ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཟེར་ན། ལམ་རིམ་དུ་དེའི་དོན་དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཡན་ཆད་ཞི་གནས་ཀྱི་ཕྱོགས་དང་། ཇི་ལྟ་བའམ་ཇི་སྙེད་པའི་དོན་སོ་སོར་འབྱེད་པའི་ཤེས་རབ་དགེ་བ་རྣམས་ལྷག་མཐོང་གི་ཕྱོགས་སུ་འདུ་བས་འགལ་བ་མེད་ཅེས་གསུངས་བས། ཐེག་པ་ཆེ་ཆུང་གི་ཡོན་ཏན་ཐམས་ཅད་ཞི་ལྷག་དངོས་གནས་པ་གཉིས་ཀྱི་འབྲས་བུར་མི་འདུ་ཡང་། དེ་གཉིས་ཉམས་སུ་བླངས་པའི་འབྲས་བུར་ངེས་བར་འདུ་སྟེ། དེ་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བ་དང་། དམིགས་པ་ལ་སེམས་རྩེ་གཅིག་ཏིང་ངེ་འཛིན་ཉམས་སུ་བླང་པས་འགྲུབ་དགོས་པ་ཡིན་གྱི། འཇོག་སྒོམ་དང་དཔྱད་སྒོམ་ཕྱོགས་རེ་བས་བསྒྲུབ་པ་མེད་པའི་ཕྱིར། ཏིང་ངེ་འཛིན་ཡིན་ན་ཞི་གནས་ཡིན་པས་མ་ཁྱབ། ཞི་གནས་ནི་སེམས་གནས་དགུ་བ་ནས་ཐོབ་ལ་དེའི་གོང་གི་སེམས་གནས་ཀྱི་ཏིང་ངེ་འཛིན་ནི་ཞི་གནས་མ་ཡིན་ཏེ། ཤིན་སྦྱངས་ཁྱད་པར་ཅན་མ་ཐོབ་པའི་ཕྱིར། ལམ་རིམ་ལས། ལུས་སེམས་ཤིན་སྦྱངས་བའི་དགའ་བདེ་ནམ་སྐྱེས་པ་ན་ཏིང་ངེ་འཛིན་དེ་ཞི་གནས་སུ་འགྱུར་ཏེ། ཞེས་གསུངས་པའི་ཕྱིར། ཐེག་པ་ཆེ་ཆུང་གི་ཡོན་ཏན་རྣམས་ཞི་ལྷག་གཉིས་ཀས་བསྒྲུབ་དགོས་པ་ཡིན་གྱི་རེ་རེས་བསྒྲུབ་ནུས་པ་མ་ཡིན། ལྷག་མཐོང་རྒྱུད་ལྡན་ཡིན་ན་ཞི་གནས་རྒྱུད་ལྡན་ཡིན་པས་ཁྱབ་ཀྱང་ཞི་གནས་རྒྱུད་ལྡན་ཡིན་ན་ལྷག་མཐོང་རྒྱུད་ལྡན་ཡིན་པས་མ་ཁྱབ་ཏེ། སྦྱོར་བྱུང་གི་དབང་དུ་བྱས་ན་ལྷག་མཐོང་ཐོབ་པ་ལ་ཞི་གནས་ཐོབ་པ་སྔོན་དུ་འགྲོ་དགོས་པས་ཞི་ལྷག་གཉིས་རིམ་ཅན་དུ་ཐོབ་དགོས་པའི་ཕྱིར་དང་། ཞི་ལྷག་གང་ཡང་མ་ཐོབ་པའི་ཐེག་པ་གསུམ་གྱི་ལམ་ཞུགས་ཀྱང་ཡོད་པའི་ཕྱིར། ཐེག་པ་གསུམ་གྱི་ཚོགས་ལམ་ནི་ཐོས་བསམ་གཙོ་ཆེ་བའི་ཕྱིར།
ཞི་གནས་ཀྱི་བསྒྲུབ་ཚུལ་གྱི་ཁུངས་ནི་དགོངས་འགྲེལ་དང་སྒོམ་རིམ། འཕགས་པ་དཀོན་མཆོག་སྤྲིན། མདོ་སྡེ་རྒྱན། བྱང་ས། ཤེར་ཕྱིན་མན་ངག །ཀུན་བཏུས་སོགས་རྒྱལ་བའི་བཀའ་དང་རྒྱལ་ཚབ་ཀྱི་གཞུང་། ཐོགས་མེད་ཀྱི་གཞུང་དང་སྒོམ་རིམ་སོགས་གཙོ་བོར་མཛད་ནས། རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས་རྟོག་པ་གང་ཡིན་ཐམས་ཅད་མཚན་འཛིན་དུ་བཟུང་ནས་སོ་སོར་རྟོག་པའི་ཤེས་རབ་དོར་ཏེ་ཅི་ཡང་ཡིད་ལ་མི་བྱེད་པ་ཟབ་མོའི་དོན་སྒོམ་པར་འདོད་པ་དང་ལུགས་འདི་ཡི་རྗེས་སུ་འབྲངས་བ་ནི་ཤིན་ཏུ་མང་བར་སྣང་ངོ་ཞེས་གསུངས་བ་དང་ཧྭ་ཤང་གི་ལུགས་དེ་མི་འཐད་དེ། སྒྲིབ་པ་བསལ་འདོད་པས་ནི་ཞི་ལྷག་གཉིས་ཀ་བསྒོམ་དགོས་ཏེ། གཉིས་ཀ་མ་བསྒོམ་པར་གང་རུང་རེ་རེ་ཙམ་བསྒོམ་པས་ནི་དེ་ཁོ་ན་ཉིད་གསལ་བར་མཐོང་མི་ཐུབ་པའི་ཕྱིར། དཔེར་ན། མཚན་མོ་ལོགས་རིས་ལྟ་བའི་དོན་དུ་མར་མེ་སྦར་བ་མར་མེ་ཤིན་ཏུ་གསལ་བ་དང་རླུང་གིས་མི་གཡོ་བ་གཉིས་དང་ལྡན་ན་བྲིས་སྐུ་རྣམས་ཤིན་ཏུ་གསལ་བར་མཐོང་ངོ་། །མདོ་ལས། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར།།ལྷག་མཐོང་གིས་ནི་རི་དང་འདྲ་བར་འགྱུར།།ཞེས་གསུངས་ཏེ། སེམས་དམིགས་པ་ལས་མི་གཡེང་བར་གར་བཞག་ཏུ་སྡོད་པ་ནི་ཞི་གནས་ཀྱི་ལག་རྗེས་དང་། དེ་ཁོ་ན་ཉིད་རྟོགས་ནས་ལྟ་བ་ངན་པ་རྣམས་སྤངས་ཏེ་ཕས་ཀྱི་རྒོལ་བས་སྒུལ་མི་ནུས་པ་རི་དང་འདྲ་བ་ལྷག་མཐོང་གི་ལག་རྗེས་ཡིན་ནོ། །དེར་མ་ཟད་ཞི་གནས་མ་རྙེད་ན་ཤས་ཆེར་དམིགས་པ་གཞན་ལ་གཡེངས་བས་དགེ་སྦྱོར་བྱས་ཐམས་ཅད་སྟོབས་ཆུང་སྟེ། སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་སོགས།།ཡུན་རིང་དུས་སུ་སྤྱད་བྱས་ཀྱང་།།སེམས་གཞན་གཡེང་བས་བྱས་པ་ནི།།དེ་ཉིད་རིག་པས་དོན་མེད་གསུངས།།ཞེས་གསུངས་ལ། ཞི་གནས་གྲུབ་ནས་དཔྱད་སྒོམ་གྱིས་ཇི་ལྟ་ཇི་སྙེད་ལ་དམིགས་པའི་ཤེས་རབ་དང་གཏོང་བའི་སེམས་དང་སྡོམ་སེམས་དང་བཟོད་པ་དང་བརྩོན་འགྲུས་དང་དད་པ་དང་སྐྱོ་ཤས་སོགས་མཐའ་ཡས་བའི་དགེ་བ་སྡུད་པ་དང་། སྐྱོན་བཟློག་པའི་དམིགས་རྣམ་སྐྱོང་དགོས་པ་ཡིན་ཏེ། དུས་རྒྱུན་དུ་ཞི་གནས་ཀྱིས་སེམས་དམིགས་པ་གཅིག་ལ་བཏགས་ནས་འཇོག་པས་ནི་དགེ་སྦྱོར་ལ་སྤོགས་ཆེན་པོ་མི་འབྱུང་བར་སྒོམ་རིམ་ལས་གསུངས། སྦྱོར་བྱུང་གི་སྐབས་འདིར་ཐོག་མར་ཞི་གནས་བསྐྱེད་ནས་དེའི་ལྷག་མཐོང་སྐྱེད་དགོས་ཏེ། རིམ་པ་དེ་ལྟར་ངེས་པ་ལ་ཤིང་རྟ་ཆེན་པོ་རྣམས་དགོངས་པ་མཐུན་པའི་ཕྱིར།
ཞི་གནས་ཀྱི་མཚན་ཉིད་ཡོད་དེ། ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་དེ་ཡིན་པའི་ཕྱིར། མཚན་ཉིད་ཀྱི་ཟུར་རྣམས་འཐད་དེ། ཤིན་སྦྱངས་ཞེས་པས་འདོད་སེམས་སུ་གྱུར་བའི་སྒོམ་བྱུང་ཞི་གནས་ཡིན་པ་གཅོད། ཁྱད་པར་ཅན་སྨོས་བས་ཤིན་སྦྱངས་རགས་པས་ཟིན་པའི་ཏིང་ངེ་འཛིན་ཞི་གནས་ཡིན་པ་གཅོད། སྒོམ་བྱུང་སྨོས་བས་ཞི་གནས་གྲུབ་ནས་ཤིན་སྦྱངས་ཀྱིས་ཟིན་པའི་ཐོས་བྱུང་སོགས་ཞི་གནས་ཡིན་པ་གཅོད། བསམ་གཏན་དང་ཏིང་ངེ་འཛིན་དོན་གཅིག་ཡིན། བསམ་གཏན་ཡིན་ན་སྒོམ་བྱུང་ཡིན་པས་མ་ཁྱབ། ཞི་གནས་ཡིན་ན་སྒོམ་བྱུང་ཡིན་པས་ཁྱབ། སྒོམ་བྱུང་གི་ཏིང་ངེ་འཛིན་ཡིན་ན་ཞི་གནས་ཡིན་པས་མ་ཁྱབ། སྒོམ་བྱུང་གི་ཏིང་ངེ་འཛིན་ལ་འདོད་པའི་སས་བསྡུས་ཀྱི་ཏིང་ངེ་འཛིན་ཡོད་ལ། ཞི་གནས་ནི་གཟུགས་ཀྱི་སས་བསྡུས་ཡིན་དགོས།
སྟག་ཚང་ལོ་ཙཱ་བ་སྒྲ་བ་ཤེས་རབ་རིན་ཆེན་གྱིས། ལམ་རིམ་ཆེན་མོའི་ལྷག་མཐོང་སྐོར་མཇལ་ནས་རྗེ་ལ་འགལ་བའི་ཁུར་བཅོ་བརྒྱད་ཕུལ་བ་རེད་ཅེས་ཟེར་སྲོལ་འདུག །ལེགས་བཤད་གསེར་ཕྲེང་ལ་གཟིགས་ནས་རྗེའི་མཁྱེན་པའི་ཡོན་ཏན་ལ་བསྟོད་བསྔགས་བླ་མེད་ཅིག་མཛད་པ་རེད། ལེགས་བཤད་གསེར་ཕྲེང་ནི་རྗེ་དགུང་ལོ་སོ་གཉིས་ཐོག་བརྩམས་གནང་བ་དང་དེ་དུས་རྗེས་ལྟ་བའི་དཔྱད་པ་མ་རྫོགས་པའི་སྐབས་ཡིན་པ་དང་ལམ་རིམ་ཆེན་མོ་ནི་ལྟ་བའི་དཔྱད་པ་རྫོགས་དུས་བརྩམས་གནང་པ་རེད། རྗེའི་ལྟ་བའི་བཤད་སྲོལ་བོད་སྔ་རབས་པ་དང་མི་མཐུན་པ་དབུ་མ་ཐལ་རང་གི་བཞེད་མཚམས་ཕྲ་མོ་ལ་ཐུག་ཡོད་པ་རེད།
སེམས་གནས་དགུ་འདྲེན་ཚུལ་ཡོད་དེ། སེམས་ནང་ཁོ་ནར་འཇོག་པ་དང་། རྒྱུན་དུ་འཇོག་པ་དང་། གླན་ཏེ་འཇོག་པ་དང་། ཉེ་བར་འཇོག་པ་དང་། དུལ་བར་འཇོག་པ་དང་། ཞི་བར་བྱེད་པ་དང་། རྣམ་པར་ཞི་བར་བྱེད་པ་དང་། རྩེ་གཅིག་ཏུ་བྱེད་པ་དང་། མཉམ་པར་འཇོག་པ་དང་དགུའོ། །ཀུན་བཏུས་ཀྱི་མིང་འདོགས་དེ་ལྟར་ཡིན། ཉན་ས་ལས་དང་པོའི་མིང་འདྲ་ལ། གཉིས་པ་ལ་རྒྱུན་དུ་འཇོག་པ་དང་། གསུམ་པར་བསྡུས་འཇོག་པ་དང་། བཞི་བ་དང་ལྔ་པ་དང་དྲུག་པ་གསུམ་མཐུན་ལ། བདུན་པ་ལ་ཉེ་བར་ཞི་བར་བྱེད་པ་དང་། བརྒྱད་པར་རྒྱུད་གཅིག་ཏུ་བྱེད་པ་དང་། དགུ་པར་ཏིང་ངེ་འཛིན་དུ་བྱེད་པ་ཞེས་བཤད་དོ། །མིང་འདོགས་ཅུང་མི་འདྲ་ཡང་དོན་གཅིག་ཏུ་འབབ། སེམས་གནས་དགུ་པ་དེ་སྟོབས་དྲུག་གིས་འགྲུབ་ལུགས་ནི། སྟོབས་དྲུག་སྟེ། ཐོས་པའི་སྟོབས་དང་། བསམ་པའི་སྟོབས་དང་། དྲན་པའི་སྟོབས་དང་། ཤེས་བཞིན་གྱི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། འདྲིས་པའི་སྟོབས་སོ། །དེ་ལ་ ཐོས་པའི་སྟོབས་ཀྱིས་དང་པོ་སེམས་ཁོ་ནར་འཇོག་པའི་དེ་འགྲུབ། བསམ་པའི་སྟོབས་ཀྱིས་རྒྱུན་དུ་འཇོག་པའི་དེ་འགྲུབ། དྲན་པའི་སྟོབས་ཀྱིས་གླན་ཏེ་འཇོག་པའི་དེ་འགྲུབ། ཤེས་བཞིན་གྱི་སྟོབས་ཀྱིས་དུལ་བར་བྱེད་པའི་དེ་དང་ཞི་བར་བྱེད་པའི་དེ་གཉིས་འགྲུབ། བརྩོན་འགྲུས་ཀྱི་སྟོབས་རྣམ་པར་ཞི་བར་བྱེད་པའི་དེ་དང་རྩེ་གཅིག་ཏུ་བྱེད་པའི་དེ་འགྲུབ་པ་དང་། འདྲིས་པའི་སྟོབས་ཀྱིས་མཉམ་པར་འཇོག་པའི་དེ་འགྲུབ་སྟེ། གོམས་པའི་སྟོབས་ཀྱིས་འབད་མེད་དུ་འཇུག་པའི་ཏིང་ངེ་འཛིན་སྐྱེད་པའི་ཕྱིར་རོ། །སེམས་གནས་དགུའི་དཔེ་རིས་གཙུག་ལག་ཁང་གི་སྒོ་འཕྱོར་དུ་འབྲི་བའི་སྲོལ་ཡོད་པ་ལྟར་རྡ་ས་ནོར་གླིང་གི་སྒོ་འཕྱོར་གྱི་ལོགས་རིས་ཤིག་ཏུ་ཡོད་པ་མཐོང་མྱོང་། །དང་པོར་སེམས་དམིགས་པ་ལ་འཇོག་ཚུལ་གྱི་གདམས་པ་ཉན་ནས་དེའི་རྗེས་སུ་འབད་ལ་སེམས་དམིགས་པ་ལ་འཇོག་པར་བྱ་བ་ཡིན། དྲན་པས་སྟོབས་བསྐྱེད། ཤེས་བཞིན་གྱིས་བྱ་ར་བྱེད། དེ་ལྟར་གོམས་པ་གློད་དུ་གྱུར་ནས་འབད་རྩོལ་མེད་པར་ཏིང་ངེ་འཛིན་དུ་འགྲོ་བའི་ཚེ་སེམས་གནས་དགུ་བ་འགྲུབ་པར་འགྱུར་རོ། །དེ་དགུ་ཡིད་བྱེད་བཞིས་བསྡུས་ཏེ། བསྒྲིམས་ཏེ་འཇུག་པ་དང་། བར་དུ་ཆད་ཅིང་འཇུག་པ་དང་། སྐབས་སུ་ཆད་པ་མེད་པར་འཇུག་པ་དང་། ལྷུན་གྱིས་གྲུབ་པར་འཇུག་པ་བཞིས་བསྡུས་པའི་ཕྱིར། སེམས་གནས་དང་པོ་དང་གཉིས་པ་གཉིས་ བསྒྲིམས་ཏེ་འཇུག་པ་དང་། གསུམ་པ་ནས་བདུན་པ་བར་སྐབས་སུ་ཆད་ཅིང་འཇུག་པའི་ཡིད་བྱེད་འཇོག །བརྒྱད་པ་ནི་སྐབས་སུ་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་དུ་འཇོག །དགུ་པ་ནི་རྩོལ་བ་མེད་པར་འཇུག་པའི་ཡིད་བྱེད་དུ་འཇོག་གོ །
སེམས་གནས་དགུ་པའི་འདོད་སེམས་རྩེ་གཅིག་པ་མན་ཆད་ཞི་གནས་རྗེས་མཐུན་པ་ཡིན་ཏེ། རྗེའི་གསུང་རྒྱལ་དབང་གིས་དྲིས་ལན་ལས། མདོ་སྡེ་དགོངས་འགྲེལ་དང་ས་སྡེ་ལ་སོགས་པའི་གཞུང་མང་པོ་ནས་ལུས་སེམས་ཤིན་ཏུ་སྦྱངས་བ་མ་ཐོབ་གོང་གི་དགེ་བའི་དམིགས་པ་སྟེ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་རྣམས་ཞི་གནས་རྗེས་མཐུན་པ་དང་། ཞེས་གསུངས་པ་དང་། །ཉན་ས་ལས། སེམས་གནས་པ་རྣམ་པ་དགུ་པོ་གང་ཡིན་པ་དེ་ནི་ཞི་གནས་ཀྱི་ཕྱོགས་སོ། །ཁ་ཅིག་གིས། ཞི་གནས་ཀྱི་ཕྱོགས་ཡིན་ན་ཞི་གནས་ཡིན་པས་ཁྱབ་ཟེར་ན། སེམས་གནས་དགུ་པོ་རེ་རེ་དང་མཚུངས་ལྡན་གྱི་སེམས་རེ་ཡོད་པ་དེ་ཞི་གནས་ཀྱི་ཕྱོགས་ཡིན་ཀྱང་ཞི་གནས་མ་ཡིན་ཏེ། ཏིང་ངེ་འཛིན་མ་ཡིན་པའི་ཕྱིར་ཏེ། ཏིང་ངེ་འཛིན་ལ་སེམས་བྱུང་དགོས་པའི་ཕྱིར།
ལེགས་བཤད་ལགས་ཐུགས་རྗེ་ཆེ་
ད་ལྟ་བོད་རྒྱུད་ནང་བསྟན་རྗེས་འཇུག་པ་གང་ཞིག་ལུས་སེམས་ཤིན་སྦྱང་ཐོབ་པའམ།
ཞི་ལྷག་གི་ཉམས་རྟགས་ཐོབ་མཁན་དེ་འདྲ་ཡོད་པ་དགོངས་སམ།
ངེད་ཅག་བོད་པའི་ལོ་རྒྱུས་ནང་དུ་ཅིག་ཅིག་མིག་མིག་གནམ་ལ་འཕུར། ས་ལ་འཛུལ། ཚེ་ལོ་བརྒྱ་ཕྲག་མང་པོ་བསྡད་རབས། བདུད་སྲིན་ལྷ་འདྲེ་ཐམས་ཅད་དབང་དུ་བསྡུས་རབས་སོགས་ས་སྟེང་འདི་ནང་མི་ཤོང་བའི་རྩལ་གྲུབ་རྟགས་ཡོད་རབས་བོད་ཀྱི་ཆོད་རྒྱུད་ཚང་མའི་ཆོས་འབྱུང་ལོ་རྒྱུས་ཀྱི་ནང་དུ་གསལ་འདུག་པས་དེ་སྐབས་དེ་ལྟར་བྱུང་ཡོད་ན། ད་ལྟ་མཚན་གཞི་བམ་ཅིག་ཀྱང་འཇོག་པར་དཀའ་བ་འདུག་པས་དེ་ལྟར་ཁྱེད་ཀྱིས་གཟིགས་ཡོད་དམ། མཇལ་མྱོང་ངམ། ཡང་མིན་ན་སྔར་གྱི་བཤད་ཚུལ་ཐམས་ཅད་སྒྲུང་གཏམ་རང་མིན་ནམ་སྙམས་པའི་དྭོག་པ་ཆེ་་པོ་ཡོང་གི།
བན་དེ་བ་ལགས། དེང་སང་ཞི་གནས་སྒྲུབ་མཁན་ལོས་ཡོད་ཀྱང་ཞི་གནས་ཚད་ལྡན་རྒྱུད་ལ་སྐྱེས་ཡོད་མེད་བཤད་དཀའ་བ་རེད། དཔེར་ན་སེམས་གནས་སྒྲུབ་པའི་སྐབས། གེགས་ཆེ་ཤོས་རྣམ་གཡེང་ཡིན་པར་སྤྱོད་འཇུག་ལས་གསུངས་སྟེ། བཟླས་བརྗོད་དང་ནི་དཀའ་ཐུབ་སོགས།།ཡུན་རིང་དུས་སུ་སྤྱད་བྱས་ཀྱང་།།སེམས་གཞན་གཡེང་བས་བྱས་པ་ནི།།དེ་ཉིད་རིག་པས་དོན་མེད་གསུངས།།ཞེས་གསུངས་པ་ལྟར་དེང་སང་སེམས་གཡེང་བའི་རྒྱུ་མང་དྲགས་པ་དང་ཞི་གནས་སྒྲུབ་ཚུལ་ལ་དོ་སྣང་ཡེ་མ་བྱས་པར་མངོན་ཤེས་རྫུ་འཕྲུལ་སོགས་འབད་མེད་དུ་འཐོབ་པ་ཧ་ཅང་ཁག་པོ་རེད། ཚད་ལྡན་གྱི་གཞུང་ནས་བཤད་པ་ལྟར་ལོ་ཟླ་མང་པོར་དཀའ་ཐུབ་སྤྱད་ཐུབ་ན་ཞི་གནས་མི་སྐྱེ་བ་མི་སྲིད་ལ། ཞི་གནས་ཀྱི་རྒྱུ་ཚོགས་མ་ཚང་བར་ཞི་གནས་གྲུབ་པ་མི་འབྱུང་བའི་ཕྱིར་རོ། །
ལེགས་བཤད་ལགས་ལན་གནང་བར་ཐུགས་རྗེ་ཆེ་ཞུ།
ངོ་ཐོག་དེ་ག་རང་རེད། གོམས་པའི་སྟོབས་ཀྱིས་རྒན་མོས་གླང་པོ་ཁྱག
ཅེས་པ་ནང་བཞིན་ཡོང་རྒྱུ་ཞིག་ཡོད་སྲིད། ངས་བསམ་དུས་དེང་སང་བྱང་སེམས་རྣལ་མ་ཞིག་ཀྱང་རྒྱུད་ལ་ཡོད་མཁན་ཤིན་ཏུ་ཁག་པོ་མིན་ནམ་བསམ། ཧིན་དུ་བའི་ནང་དུ་ད་ལྟའང་ཞི་གནས་བརྟན་པོ་ཐོབ་མཁན་ཡོད་རེད་ཅེས་བཤད་མོད་དེའང་ཕར་བཏུག་དུས་བརྟག་དོན་བརྩལ་ནས་རྙེད་རྒྱུ་མེད་པའི་བཟོ་འདྲ་ཞིག་འདུག། ཡིན་ནའང་དབུ་མའི་དཔྱད་པ་བྱེད་སྟངས་དེ་བཤད་ཀྱི་མེད།
ཨ་རིའི་ཀླད་ཁམས་རིག་པའི་སྡེ་ཚན་ནང་ལ་ཞི་གནས་སྒོམ་པའི་ཀླད་རྩ་ལ་ཞིབ་འཇུག་བྱས་སྐབས་ཀླད་པའི་ནང་གི་དབང་རྩའི་གློག་རྡུལ་གྱི་གཡོ་འགུལ་དང་བརྡ་གཏོང་གནས་ཚུལ་ནམ་རྒྱུན་དང་མི་འདྲ་བར་ཡོང་གི་ཡོད་པ་ཤེས་འདུག །
རེད་དེ འདྲ་ཞིག་ལོ་ཤས་སྔོན་ཕ་རནསིའི་ཚན་རིག་པ་ཚོགས་སྡེ་ཞིག་ནས་ང་དང་ང་ཡི་གྲོགས་པོ་འགའ་ཞིག་ལ་གཏུམ་མོའི་མེ་དྲོད་སྒོམ་སྐབས་སུ་ལུས་ཀྱི་དྲོད་སོགས་དང་ནང་གི་སེམས་འབྱུང་རྣམ་རྟོག་རྣམས་འབྱུང་འཇུག་ཇི་ལྟར་གནས་མིན་གྱིས་བརྟག་དཔྱད་བྱས་པར་ཁོང་ཚོས་ངོ་མ་ཡ་མཚན་པ་ཡོད་ཚུལ་བཤད་བྱུད་གང་ཤེས་ངོ་྄ཐོག་བྱུང་མིན། ཕྱི་རྒྱལ་བ་ཚོ་ནི་རྟག་ཏུ་བསྟོད་ར་བྱེད་རྒྱུར་དགའ་བོ་ཡོད་ཚང་ཁ་གཏིང་མཚུངས་མིན་ཤོད་དཀའ་མོ་རེད།
ལེགས་བཤད་ལགས།
འདྲི་བ་གཅིག་ལ། ལྷག་མཐོང་ཆུང་ངུ་ཞེས་པ་འདི། ལམ་རིམ་ཆུང་ངུའི་ནང་གི་ལྷག་མཐོང་ས་བཅད་དེར་གོ་དགོས་སམ།
སྟོང་བ་ཉིད་ནི་རྟོགས་དཀའ་ཞིང་རྟོགས་ན་དོན་ཆེ་བ་དང་། འདི་ལ་ཐེ་ཚོམ་ཟོས་བ་ཙམ་གྱིས་ཀྱང་ཕན་ཡོན་རྒྱ་ཆེན་པོ་ཡོད་པར་གསུངས། ། རྗེ་ཙོང་ཁ་བས་འཇམ་པའི་དབྱངས་ལ་ཟབ་མོ་དབུ་མའི་ལྟ་བ་རྙེད་པའི་ཕྱིར་ཡང་ཡང་གསོལ་འདེབས་པའི་སྐབས་ཤིག་ན། ཤེས་རབ་སྙིང་པོར། གཟུགས་སྟོང་པའོ། །ཞེས་སོགས་ཀྱི་སྟོང་ཉིད་བཞི་སྐོར་གྱི་དོན་ལ་ཐུགས་གཏད་པས། བོད་སྔ་རབས་ཀྱི་ལྟ་བ་ཅི་ཡང་ཡིད་ལ་བཟུང་དུ་མེད་པ་དེ་ཀ་ཐུགས་ལ་བདེ་བ་འདྲ་བ་ཞིག་བྱུང་སྟེ། ཐུགས་དེ་ཀའི་མུ་ལ་ཏིང་ངེ་འཛིན་དུ་སོང་ནས། ཚོགས་གྲོལ་ཚེ་གཞན་རྣམས་ཀྱིས་སློང་དགོས་པ་བྱུང་ནས། འཇམ་པའི་དབྱངས་ལ་ངའི་ལྟ་བ་འདི་ཐལ་རང་གང་གི་ལྟ་བར་འདུག་ཅེས་ཞུས་པས་གང་ཡང་མིན་གསུངས། འོ་ན་ཅི་འདྲ་ཞིག་བྱེད་དགོས་ཞུས་པས་ཐེག་པ་ཆེན་པོའི་གཞུང་ལ་ལྟ་རྟོག་གྱིས། དེའི་ནང་ནས་ཀླུ་སྒྲུབ་ཁོ་ན་ཐེག་ཆེན་གྱི་བསྟན་པ་འདི་ལ་དབང་དུ་གྱུར་པ། ཚད་མར་གྱུར་བ་ཡིན་པས་དེའི་གཞུང་རྣམས་དང་། ཟླ་བ་གྲགས་པ་འདི་སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་འདས་པའི་ཞིང་ གཅིག་ནས་ཀླུ་སྒྲུབ་ཀྱི་བསྟན་པ་འཛིན་པའི་ཕྱིར་སྐྱེ་བ་བཞེས་པ་ཡིན་པས། དེའི་གཞུང་ལ་དཔྱད་པ་ཞིབ་ཏུ་གྱིས་གསུངས། དེའི་ཕྱིར་རྗེའི་གསེར་ཕྲེང་སྔ་རྩོམ་ཡིན་པས་བོད་སྔ་རབས་པའི་ལྟ་བ་གཙོ་བོར་ བཟུང་ཡོད་པར་དགེ་ལྡན་པའི་མཁས་གྲུབ་འགས་གསུངས། རྗེ་ཙོང་ཁ་བས་དེ་ལྟར་མཛད་ཀྱང་ལྟ་བ་མ་དགོངས་ནས། ད་ཅིས་ཀྱང་མངའ་བདག་མེ་ཏྲི་པ་དང་། སློབ་དཔོན་ཀླུ་བྱང་ཆུབ་སོགས་ད་ལྟ་རྒྱ་གར་ན་བཞུགས་ཡོད་པས་དེ་དག་གི་དྲུང་དུ་ གཏུགས་ཏེ་ལྟ་བ་རྙེད་པ་ཞིག་མ་བྱས་པའི་ཐབས་མི་འདུག་དགོངས་ནས། ལྷོ་གྲོ་བོ་ལུང་དུ་ཕེབས་ཏེ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་ལ་ལམ་རིམ་གསན། དེའི་སྐབས་སུ་ལྷོ་བྲག་གྲུབ་ཆེན་གྱིས་ཕྱག་རྡོར་ལ་བློ་བཟང་གྲགས་པ་འདི་རྒྱ་གར་དུ་འགྲོ་བ་ངས་འགོག་མི་ནུས་པར་འདུག་པས་ཅི་བྱེད་ན་དགའ་ཞུས་པ་ལ་ཕྱག་རྡོར་གྱིས་ ཁོང་རྒྱ་གར་ལ་ཕེབས་ན་རྡོ་རྗེ་གདན་གྱི་མཁན་པོ་ཡོང་ཞིང་། རྒྱ་གར་ལ་ཉི་མ་ཤར་བ་འདྲ་བ་འོང་། འོན་ཀྱང་སླར་འཁོར་མི་ནུས་པས་བོད་ཁམས་མུན་པའི་གླིང་དུ་འགྲོ །ལྟ་བའང་ཐུགས་དེ་ཙམ་གནང་མི་དགོས་མྱུར་དུ་རྟོགས་འོང་གསུངས་པ་ཁོང་གིས་རྗེ་ལ་ ལན་བསྐྱར། དེའི་ཚེ་རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་དབྱངས་ལ་བདག་གཅིག་པུར་བསྒོམ་པ་དགའམ། འཁོར་རྣམས་ཁྲིད་པ་དགའ་ཞུས་པར་གཞན་རྣམས་ཞོག་ལ། འཁོར་དག་པ་རྣམ་བརྒྱད་ཁྲིད་གསུངས་པ་ལྟར་འོལ་ཁ་ཆོས་ལུང་དུ་བྱོན་ནས་ལྟུང་བཤགས་སོ་ལྔ་རེ་ལ་ཐུན་གཅིག་བྱས་པའི་ཐུན་བཞི་ཆག་མེད་མཛད་ཅིང་ཕྱག་འབུམ་སོ་ལྔ་འཚལ། རྡོ་ཡི་མཎྡལ་མཛད། འཚོ་བའང་ཤུག་པའི་འབྲུ་མ་གཏོགས་རྩམ་པ་གཏན་མི་བཞེས་པའི་ཚེ། སྦྱིན་བདག་རྣམས་ཀྱིས་ནན་གྱིས་གསོལ་ནས་ཅུང་ཟད་བཞེས་ནས་ཉིན་མཚན་མེད་པར་དཀའ་ སྤྱད་མཛད། ཉིན་གཅིག་གི་མནལ་ལམ་དུ་སངས་རྒྱས་བསྐྱངས་ཡིན་ཟེར་བའི་བཙུན་པ་སྔོ་སེང་ངེ་བ་ཞིག་ གིས་གླེགས་བམ་སྔོན་པོ་ཞིག་དབུ་ཐོག་ཏུ་བཞག་ནས་ལན་གསུམ་བྱིན་རླབ་བྱེད་པ་བྱུང་བས། དེའི་ཕྱི་ཉིན་རྒྱུས་མེད་པའི་གླ་བ་ཞིག་གིས་བུདྷ་པཱ་ལི་ཏི་དཔེ་ཁྱེར་བྱུང་ནས་འདི་ལ་གཟིགས་ཟེར་བས། དེའི་ནང་གི་རབ་བྱེད་བཅོ་བརྒྱད་པ་དང་དུས་བརྟགས་པའི་ཐད་ལ་ཞིབ་དཔྱོད་མཛད་པ་ན་ བཏགས་ཡོད་མིང་རྐྱང་ཙམ་དང་། དེ་ལ་རྒྱུ་འབྲས་རྟེན་འབྱུང་གི་རྣམ་བཞག་འགལ་མེད་དུ་འཇོག་ཚུལ་ཐུགས་སུ་ཆུད་དེ་རྒྱལ་བ་ལ་ཤེས་ནས་དད་པ་ཐོབ་པས། བསྟོད་པ་ལེགས་བཤད་སྙིང་པོ་ཆུང་བའམ་རྟེན་འབྲེལ་བསྟོད་པ་འདི་མཛད་པ་ཡིན། བོད་སྔ་རབས་པའི་ལྟ་བའི་བཤད་སྲོལ་དེ་ལ་དགག་བྱ་ཁྱབ་ཆེ་བར་གཟིགས་ཏེ་རྩ་འཇུག་གི་རྣམ་བཤད་གཉིས་དང་དྲང་ངེས་ལེས་བཤད་སྙིང་པོ། ལྷག་མཐོང་ཆེ་ཆུང་གཉིས་ཏེ་ལྟ་བའི་ལེགས་བཤད་ལྔ་མཛད་དེ་བོད་རང་གི་ལྟ་བའི་བཤད་སྲོལ་དང་མ་མཐུན་པས་དེ་ལ་བརྟེན་ནས་བོད་སྔ་རབས་པ་དང་ཕྱི་རབས་པའི་ལྟ་བའི་ཁྱད་ པར་བྱུང་བ་དེ་འདྲ་རེད། བོད་སྔ་རབས་པ་དང་ཕྱི་རབས་པའི་ལྟ་བའི་ཁྱད་པར་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། བོད་སྔ་རབས་པའི་ལྟ་བ་ཞེས་པའི་རྒྱུ་མཚན་ག་རེ་རེད། དེ་ལ་ཁྱད་རྟགས་ག་རེ་ཡོད་ཟེར་ན། རྒྱ་གར་གྱི་རྒྱན་དྲུག་མཆོག་སོགས་གྲུབ་མཐའ་སྨྲ་བ་གང་གི་རྗེས་སུའང་མི་འབྲང་ཞིང་དེ་དག་གི་གཞུང་ལུགས་ཀྱི་ལྟ་ཚུལ་དང་ཡང་མི་མཐུན་པར་བོད་རང་གི་དབུ་མའི་ལྟ་བའི་བཤད་སྟངས་ཤིག་ལ་བོད་སྔ་རབས་པར་ངོས་འཛིན་གྱི་ཡོད། ཅེས་གསུངས་འདུག །བུ་སྟོན་རིན་པོ་ཆེས། བདེ་བར་གཤེགས་པའི་བཀའ་དང་བསྟན་བཅོས་ནས་གསུངས་པའི་མཚན་ཉིད་འགོད་མཁན་ནི་མི་གདའ། རང་རང་གི་མགོ་ཕུར་བའི་བསམ་མནོ་བཏང་ནས་མཚན་ཉིད་འགོད་པ་ཞིག་བོད་ན་དར་གདའ་བས། ཞེས་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལ་རྩལ་འདོན་མི་བྱེད་པར་རང་རང་གི་བསམ་མནོ་ལྟར་གྱི་ལྟ་དགོངས་དེ་ལ་བོད་སྔ་རབས་པ་ཞེས་འདོགས་སྟངས་ཤིག་ཡོད།།བརྒྱ་བའི་འགྲེལ་བ་ལས། ཁོ་བོ་ཅག་ནི་རང་བཞིན་འཚོལ་བ་ལྷུར་ལེན་གྱི། རྟེན་ཅིང་འབྲེལ་བ་འབྱུང་བ་བྱས་ཤིང་བསགས་པ་ནི་འགོག་པར་མི་བྱེད་དེ། ཞེས་དགག་བྱ་བདེན་གྲུབ་འགོག་གི་ཆོས་ཅན་རྟེན་འབྲེལ་མི་འགོག་པར་གསུངས། དགག་བྱ་ལ་བདེན་གྲུབ་ཀྱི་ཁྱད་པར་སྦྱོར་ཚུལ་སྟོན་པ་རང་ཉིད་ཀྱིས་གསུངས་པ་ཡིན་ ཏེ། ལང་ཀར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ། རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་གསུངས་པས། རང་བཞིན་གྱིས་མ་སྐྱེས་པ་དང་མ་སྐྱེས་པ་ལ་ཁྱད་མེད་ན་དགོངས་གཞི་འཇོག་དོན་མེད་པའི་ཕྱིར། དབུ་མ་འཇུག་པ་ལས། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི།རྒྱུ་ལ་སོགས་དང་བདག་གཞན་གཉིས་ཀ་ལས།། དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ།།དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་ འགྱུར།།ཞེས་མཐའ་བཞི་ལས་མི་སྐྱེ་བའི་རྒྱུ་མཚན་གྱིས་སྐྱེ་འགག་སོགས་ཀྱི་རྣམ་ བཞག་ལྷག་པར་འཇོག་ཐུབ་པའི་གནད་གོ་ན་ཐ་སྙད་ཚད་གྲུབ་བསྙོན་མེད་དུ་འཇོག་ཐུབ་པ་ཡིན། དངོས་སྨྲ་བས། དོན་དམ་པར་མི་སྐྱེ་ཞེས་པ་དང་རྒྱུ་ལ་བརྟེན་ནས་སྐྱེ་ཞེས་པ་གཉིས་ནང་འགལ་དུ་མཐོང་བས། རྣམ་འགྲེལ་ལས། གལ་ཏེ་ཐམས་ཅད་ནུས་མེད་ན།།ས་བོན་སོགས་ནི་མྱུག་སོགས་ལ།།ནུས་མཐོང་གལ་ཏེ་ཀུན་རྫོབ།།འདོད་ན་ཅི་སྟེ་དེ་ལྟར་འགྱུར།།ཞེས་གལ་ཏེ་དོན་དམ་པར་འབྲས་བུ་བསྐྱེད་པའི་ནུས་པ་མེད་ན། ས་བོན་སོགས་ལ་མྱུ་གུ་བསྐྱེད་པའི་ནུས་པ་མཐོང་བའི་ཕྱིར།ཞེས་ཟེར་བ་ལྟར་དོན་དམ་པར་མི་སྐྱེ་བ་དང་རྒྱུ་ལ་བརྟེན་ནས་སྐྱེ་བ་གཉིས་འགལ་མེད་དུ་འཇོག་མི་ཤེས། དབུ་མ་བའི་ལུགས་ལ། དོན་དམ་པར་མེད་པས་མེད་གོ་མི་ཆོད། ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་ཟེར་བ་ལྟར། རི་བོང་རྭ་དོན་དམ་དུ་མེད་པས་རི་བོང་རྭ་མེད་པའི་གོ་ཆོད་དམ་མི་ཆོད་ཟེར་བ་ལ། དགེ་བཤེས་ལགས་ཀྱིས། རི་བོང་རྭ་དོན་དམ་དུ་མེད་པས་རི་བོང་རྭ་མེད་པའི་གོ་ཆོད་ཀྱང་མེད་པའི་གོ་མི་ཆོད་པའི་ཕྱིར། དེར་ཐལ། རི་བོང་རྭ་དོན་དམ་དུ་མེད་ན་རི་བོང་རྭ་མེད་པས་ཁྱབ་ལ་རི་བོང་རྭ་དོན་དམ་དུ་མེད་ན་མེད་པས་མ་ཁྱབ་པའི་ཕྱིར། ཟེར། གཞི་གཅིག་གི་སྟེང་དུ་བདེན་གཉིས་འགལ་མེད་དུ་འཇོག་ཚུལ་དཔལ་ལྡན་ཟླ་བ་གྲགས་པའི་ལུགས་ཐུན་མོང་མ་ཡིན་པ་དང་། སྦྲང་རྩི་ལས་ལོགས་སུ་སྦྲང་རྩིའི་རོ་མེད་པ་ལྟར་གཟུགས་སོགས་ཆོས་ཐམས་ཅད་ཀྱི་སྟེང་དུ་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་གཉིས་རང་བཞིན་ལྷུན་འགྲུབ་ཏུ་ཡོད། དབུ་མ་འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས།།དངོས་རྙེད་ངོ་བོ་གཉིས་འཛིན་པར་འགྱུར།། ཞེས་པ་ལྟར་རོ། ། ཁ་ཅིག་གིས་ཐ་སྙད་ཚད་གྲུབ་ཅེས་པ་ནི་སོ་སོ་གང་སྣང་བ་དེ་ཉིད་རང་ངོར་བསླུ་མེད་བསྙོན་མེད་དུ་གྲུབ་པར་བརྗོད། དེ་ཉིད་མི་འདོད་པ་ནི་ཐ་སྙད་དུ་གང་སྣང་བསླུ་མེད་དུ་མྱོང་རུང་། མྱོང་བ་དེ་ཉིད་བརྟག་ཅིང་དཔྱད་ན་ཚད་གྲུབ་ཏུ་གཅིག་ཀྱང་མེད་པར་ཐམས་ཅད་རྫུན་གྱི་སྟེང་ནས་རྣམ་བཞག་སྣ་ཚོགས་བྱེད་པའོ། ཞེས་ཟེར། འདི་ནི་རིགས་པས་དཔྱད་མི་བཟོད་པ་དང་རིགས་པས་གནོད་པ་གཉིས་གཅིག་ཏུ་འཁྲུལ་བ་སྟེ། དཔེར་ན་བ་ལང་དོར་ནས་བ་ལང་མ་བརྙེད་པ་ན་གཞི་དེར་བ་ལང་ཡོད་པ་ཁེགས་ཀྱང་བ་ལང་དེ་ སྤྱིར་ཡོད་པ་ཙམ་ཁེགས་དོན་མེད་པ་ལྟར། དོན་དམ་དཔྱོད་པའི་རིགས་པས་རང་བཞིན་ཡོད་པ་ཁེགས་ཀྱི་མིག་ལ་སོགས་པ་ཁེགས་དོན་མེད། འཇམ་དབྱངས་དགའ་བློའི་དབུ་མ་ལས། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །ཞེས་སོགས་ཀྱི་སྐབས་མང་པོར། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་འཇིག་རྟེན་གྱི་མངོན་སུམ་ཚད་མ་མིན་ཞེས་པ་ཤིན་ཏུ་གྲགས་ཆེ་བས། རེ་ཞིག་དཔྱད་ན། འཇིག་རྟེན་ཞེས་པ་སྔར་བཤད་པ་བཞིན་ཁ་འཆམ་པ་མཛོད་ཅིག །ཤེས་བྱ་ཆོས་ཅན། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་འཇིག་རྟེན་གྱི་མངོན་སུམ་ཚད་མ་ཡིན་པར་ཐལ། རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་བདེན་སྟོང་སྒྲུབ་པའི་སྐབས་སུ་འཇིག་རྟེན་གྱི་མངོན་སུམ་ཚད་མ་ཡིན་པའི་ཕྱིར། དེར་ཐལ། རྟེན་འབྲེལ་གྱི་རྟགས་ཀྱིས་བདེན་སྟོང་སྒྲུབ་པའི་ཕྱོགས་ཆོས་འཇིག་རྟེན་གྱི་མངོན་སུམ་ཚད་མས་གྲུབ་པའི་ཕྱིར། དེར་ཐལ། ཚད་མ་དེས་མྱུ་གུ་ས་བོན་ལ་བརྟེན་ནས་སྐྱེ་བ་གྲུབ་པའི་ཕྱིར་རོ། །དེས་ན། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ། འཇིག་རྟེན་པའི་མངོན་སུམ་ཚད་མར་རུང་ཡང་། དེ་ཁོ་ན་ཉིད་ལ་ཚད་མར་མི་རུང་ཞེས་རྣམ་པར་དབྱེ་དགོས་ཏེ། དེ་ཁོ་ན་ཉིད་ལ་དཔྱོད་པ་ཙམ་ནས་དེ་ཁོ་ན་ཉིད་རྟོགས་མི་དགོས་པའི་ཕྱིར་ཏེ། ཕྱོགས་ཁྱབ་འཇལ་བའི་དུས་སུ་བསྒྲུབ་བྱ་ལ་དཔྱད་པ་ཡིན་ཀྱང་བསྒྲུབ་བྱ་རྟོགས་མི་ དགོས་པའི་ཕྱིར་རོ།།གནད་འདི་ལྟ་བུ་གོང་འོག་ཀུན་ཏུ་ཁྱེར་དགོས་སོ།།ཞེས་གསུངས་ སོ། །དེ་ལྟར་ན། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། ཞེས་པ་དེ་ཁོ་ཉིད་ལ་ཚད་མ་མིན་པར་བསྟན་པ་སྟེ། སྔོ་འཛིན་མིག་ཤེས་ལྟ་བུ་ཚད་མ་མིན་གསུངས་པ་གང་ནས་ཡིན། འདིའི་ཐད་ལ་བློ་གང་ཚད་མ་དང་ཚད་མིན་ཡིན་མིན་གྱི་རྣམ་བཞག་ཤེས་དགོས་པ་གལ་ཆེ་སྙམ། སྟོང་ཉིད་བདུན་ཅུ་བ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས།།ཡང་དག་པར་ནི་རྟོག་པ་གང་།།དེ་ནི་སྟོན་པས་མ་རིག་གསུངས།།དེ་ལས་ཡན་ལག་བཅུ་གཉིས་འབྱུང་།།བརྒྱ་བ་ལས། དེའི་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་།།གཏི་མིག་བཅོམ་པས་བཅོམ་པར་འགྱུར།།ཞེས་པ་སོགས་ འཁོར་བ་འཁོར་བྱེད་ཀྱི་རྒྱུའམ་རྩ་བ་ངོས་འཛིན་པའི་ཆེད་དུ་གཏི་མིག་བདེན་འཛིན་ ངོས་འཛིན་པ་གལ་ཆེ་གསུངས་ཡོད། འཁོར་བར་འཁོར་བྱེད་ཀྱི་རྩ་བ་གང་ཡིན་དཔྱོད་པ་ན་བློ་གང་ཡིན་བདེན་འཛིན་ལ་མི་བྱེད་པར་གནས་ལུགས་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཉོན་མོངས་ཅན་གྱི་རྩ་བ་ངོས་འཛིན་དགོས། དེ་ནི་འཇུག་འགྲེལ་ལས། མ་རིག་པ་དངོས་པོའི་རང་གི་ངོ་བོ་ཡོད་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་པ་རང་བཞིན་མཐོང་བ་ལ་སྒྲིབ་པའི་བདག་ཉིད་ཅན་ནི་ཀུན་རྫོབ་པོ།།ཞེས་དང་། འཇུག་པ་ལས། གཏི་མིག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་ཏེ།།ཞེས་པ་ལྟར་རོ། །གང་ལ་བརྟེན་ནས་འབྱུང་ཡོད་པ། །དེས་ན་རང་དབང་མི་འགྱུར་རོ། །ཞེས་པ་ལྟར་རང་བཞིན་གྱིས་མེད་ཅེས་བཤད་པ་ན་དེའི་དོན་གཏན་མེད་ཀྱི་དོན་དུ་མི་གོ་བ་དང་། རྟེན་འབྱུང་ཞེས་བཤད་པ་ན་བྱུང་བ་ཙམ་ཞིག་ལ་མི་གོ་བར། གཞན་གང་ལའང་མི་ལྟོས་པའི་རང་དབང་ཞིག་མེད་པར་གོ་ཞིང་དེ་ནི་རང་བཞིན་མེད་པའི་དོན་ཡང་ཡིན་ཏེ། སྟོང་གཞིའི་སྟེང་དུ་ལོག་པར་སྒྲོ་བཏགས་པའི་ཞེན་ཡུལ་དགག་བྱ་ཡིན་ལ། སྟོང་གཞི་དགག་བྱ་མིན་པ་ཤེས་པའི་ཆེད་དུ་བདེན་གྲུབ་ཅེས་དགག་བྱའི་ཁྱད་པར་ཟུར་དུ་སྦྱར་དགོས་པའི་རྒྱུ་མཚན་དེ་རེད།
སྟོང་བ་ཉིད་ནི་རྟོགས་དཀའ་ཞིང་རྟོགས་ན་དོན་ཆེ་བ་དང་། འདི་ལ་ཐེ་ཚོམ་ཟོས་བ་ཙམ་གྱིས་ཀྱང་ཕན་ཡོན་རྒྱ་ཆེན་པོ་ཡོད་པར་གསུངས། ། རྗེ་ཙོང་ཁ་བས་འཇམ་པའི་དབྱངས་ལ་ཟབ་མོ་དབུ་མའི་ལྟ་བ་རྙེད་པའི་ཕྱིར་ཡང་ཡང་གསོལ་འདེབས་པའི་སྐབས་ཤིག་ན། ཤེས་རབ་སྙིང་པོར། གཟུགས་སྟོང་པའོ། །ཞེས་སོགས་ཀྱི་སྟོང་ཉིད་བཞི་སྐོར་གྱི་དོན་ལ་ཐུགས་གཏད་པས། བོད་སྔ་རབས་ཀྱི་ལྟ་བ་ཅི་ཡང་ཡིད་ལ་བཟུང་དུ་མེད་པ་དེ་ཀ་ཐུགས་ལ་བདེ་བ་འདྲ་བ་ཞིག་བྱུང་སྟེ། ཐུགས་དེ་ཀའི་མུ་ལ་ཏིང་ངེ་འཛིན་དུ་སོང་ནས། ཚོགས་གྲོལ་ཚེ་གཞན་རྣམས་ཀྱིས་སློང་དགོས་པ་བྱུང་ནས། འཇམ་པའི་དབྱངས་ལ་ངའི་ལྟ་བ་འདི་ཐལ་རང་གང་གི་ལྟ་བར་འདུག་ཅེས་ཞུས་པས་གང་ཡང་མིན་གསུངས། འོ་ན་ཅི་འདྲ་ཞིག་བྱེད་དགོས་ཞུས་པས་ཐེག་པ་ཆེན་པོའི་གཞུང་ལ་ལྟ་རྟོག་གྱིས། དེའི་ནང་ནས་ཀླུ་སྒྲུབ་ཁོ་ན་ཐེག་ཆེན་གྱི་བསྟན་པ་འདི་ལ་དབང་དུ་གྱུར་པ། ཚད་མར་གྱུར་བ་ཡིན་པས་དེའི་གཞུང་རྣམས་དང་། ཟླ་བ་གྲགས་པ་འདི་སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་འདས་པའི་ཞིང་ གཅིག་ནས་ཀླུ་སྒྲུབ་ཀྱི་བསྟན་པ་འཛིན་པའི་ཕྱིར་སྐྱེ་བ་བཞེས་པ་ཡིན་པས། དེའི་གཞུང་ལ་དཔྱད་པ་ཞིབ་ཏུ་གྱིས་གསུངས། དེའི་ཕྱིར་རྗེའི་གསེར་ཕྲེང་སྔ་རྩོམ་ཡིན་པས་བོད་སྔ་རབས་པའི་ལྟ་བ་གཙོ་བོར་ བཟུང་ཡོད་པར་དགེ་ལྡན་པའི་མཁས་གྲུབ་འགས་གསུངས། རྗེ་ཙོང་ཁ་བས་དེ་ལྟར་མཛད་ཀྱང་ལྟ་བ་མ་དགོངས་ནས། ད་ཅིས་ཀྱང་མངའ་བདག་མེ་ཏྲི་པ་དང་། སློབ་དཔོན་ཀླུ་བྱང་ཆུབ་སོགས་ད་ལྟ་རྒྱ་གར་ན་བཞུགས་ཡོད་པས་དེ་དག་གི་དྲུང་དུ་ གཏུགས་ཏེ་ལྟ་བ་རྙེད་པ་ཞིག་མ་བྱས་པའི་ཐབས་མི་འདུག་དགོངས་ནས། ལྷོ་གྲོ་བོ་ལུང་དུ་ཕེབས་ཏེ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་ལ་ལམ་རིམ་གསན། དེའི་སྐབས་སུ་ལྷོ་བྲག་གྲུབ་ཆེན་གྱིས་ཕྱག་རྡོར་ལ་བློ་བཟང་གྲགས་པ་འདི་རྒྱ་གར་དུ་འགྲོ་བ་ངས་འགོག་མི་ནུས་པར་འདུག་པས་ཅི་བྱེད་ན་དགའ་ཞུས་པ་ལ་ཕྱག་རྡོར་གྱིས་ཁོང་རྒྱ་གར་ལ་ཕེབས་ན་རྡོ་རྗེ་གདན་གྱི་མཁན་པོ་ཡོང་ཞིང་། རྒྱ་གར་ལ་ཉི་མ་ཤར་བ་འདྲ་བ་འོང་། འོན་ཀྱང་སླར་འཁོར་མི་ནུས་པས་བོད་ཁམས་མུན་པའི་གླིང་དུ་འགྲོ །ལྟ་བའང་ཐུགས་དེ་ཙམ་གནང་མི་དགོས་མྱུར་དུ་རྟོགས་འོང་གསུངས་པ་ཁོང་གིས་རྗེ་ལ་ལན་བསྐྱར། དེའི་ཚེ་རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་དབྱངས་ལ་བདག་གཅིག་པུར་བསྒོམ་པ་དགའམ། འཁོར་རྣམས་ཁྲིད་པ་དགའ་ཞུས་པར་གཞན་རྣམས་ཞོག་ལ། འཁོར་དག་པ་རྣམ་བརྒྱད་ཁྲིད་གསུངས་པ་ལྟར་འོལ་ཁ་ཆོས་ལུང་དུ་བྱོན་ནས་ལྟུང་བཤགས་སོ་ལྔ་རེ་ལ་ཐུན་གཅིག་བྱས་པའི་ཐུན་བཞི་ཆག་མེད་མཛད་ཅིང་ཕྱག་འབུམ་སོ་ལྔ་འཚལ། རྡོ་ཡི་མཎྡལ་མཛད། འཚོ་བའང་ཤུག་པའི་འབྲུ་མ་གཏོགས་རྩམ་པ་གཏན་མི་བཞེས་པའི་ཚེ། སྦྱིན་བདག་རྣམས་ཀྱིས་ནན་གྱིས་གསོལ་ནས་ཅུང་ཟད་བཞེས་ནས་ཉིན་མཚན་མེད་པར་དཀའ་ སྤྱད་མཛད། ཉིན་གཅིག་གི་མནལ་ལམ་དུ་སངས་རྒྱས་བསྐྱངས་ཡིན་ཟེར་བའི་བཙུན་པ་སྔོ་སེང་ངེ་བ་ཞིག་ གིས་གླེགས་བམ་སྔོན་པོ་ཞིག་དབུ་ཐོག་ཏུ་བཞག་ནས་ལན་གསུམ་བྱིན་རླབ་བྱེད་པ་བྱུང་བས། དེའི་ཕྱི་ཉིན་རྒྱུས་མེད་པའི་གླ་བ་ཞིག་གིས་བུདྷ་པཱ་ལི་ཏི་དཔེ་ཁྱེར་བྱུང་ནས་འདི་ལ་གཟིགས་ཟེར་བས། དེའི་ནང་གི་རབ་བྱེད་བཅོ་བརྒྱད་པ་དང་དུས་བརྟགས་པའི་ཐད་ལ་ཞིབ་དཔྱོད་མཛད་པ་ན་བཏགས་ཡོད་མིང་རྐྱང་ཙམ་དང་། དེ་ལ་རྒྱུ་འབྲས་རྟེན་འབྱུང་གི་རྣམ་བཞག་འགལ་མེད་དུ་འཇོག་ཚུལ་ཐུགས་སུ་ཆུད་དེ་རྒྱལ་བ་ལ་ཤེས་ནས་དད་པ་ཐོབ་པས། བསྟོད་པ་ལེགས་བཤད་སྙིང་པོ་ཆུང་བའམ་རྟེན་འབྲེལ་བསྟོད་པ་འདི་མཛད་པ་ཡིན།
ལེགས་བཤད་ལགས་དྲི་བ་གཅིག་ཡོད།
༼བོད་སྔ་རབས་པའི་ལྟ་བ་ཞེས་པའི་རྒྱུ་མཚན་ག་རེ་རེད། དེ་ལ་ཁྱད་རྟགས་ག་རེ་ཡོད་ཟེར་ན། རྒྱ་གར་གྱི་རྒྱན་དྲུག་མཆོག་སོགས་གྲུབ་མཐའ་སྨྲ་བ་གང་གི་རྗེས་སུའང་མི་འབྲང་ཞིང་དེ་དག་གི་གཞུང་ལུགས་ཀྱི་ལྟ་ཚུལ་དང་ཡང་མི་མཐུན་པར༽
འདི་འངྲའི་གྲུབ་མཐའ་འམ་ཆོས་རྒྱུད་ཡིན་མཁན་གང་ཞིག་ཡིན་ནམ།
ད་ལྟ་བོད་གངས་ཅན་ལྗོངས་སུ་ཡོད་དམ། ཡང་ན་སྔར་ཡོད་དམ་ཡོད་ན་མཚན་གཞི་ཞིག་འཇོག་གནང་རོགས།
མིང་རྐྱང་བཏགས་ཡོད་བམ་ལས
བཏགས་ཡོད་མིང་རྐྱང་ཟེར་བ་ཞིག་ངས་གོ་མྱོང་མི་འདུག་བྱས་ཙང་དེ་གཉིས་དབར་ལ་྄ཁྱད་པར་འདྲ་ཡོད་དམ།
ཡང། ་་་་་དེར་ཐལ། རི་བོང་རྭ་དོན་དམ་དུ་མེད་ན་རི་བོང་རྭ་མེད་པས་ཁྱབ་ལ་རི་བོང་རྭ་དོན་དམ་དུ་མེད་ན་མེད་པས་མ་ཁྱབ་པའི་ཕྱིར། དེ་ཡི་དོན་གང་ཡིན་ནམ།
ངས་གསལ་པོ་ཞིག་བྱུང་མ་སོང་གང་ཡིན་ཟེར་ན་ངས་་་་་ཨ་ཡ་ཕོན་བརྒྱུད་ནས་བྲིས་ཙང་ཡག་པོ་ཞིག་བྱུང་མ་སོང།
ལེགས་བཤད་ལེགས་ལ་ཤིན་དུ་ལེགས།
རྗེའི་ལྟ་བའི་སྐོར་ལ་གནས་ཚུལ་མང་པོ་ཤེས་སོང་། ཐུགས་རྗེ་ཆེ། ཡིན་ནའང་། ལྷག་མཐོང་ཆུང་ངུ་ལམ་རིམ་ཆུང་ངའི་ལྷག་མཐོང་གི་ས་བཅད་དེ་ཡིན་མིན་ལན་ཞིག་ཡོད་པ་ཞུ།
རྒད་པོ་ལགས། ལྷག་མཐོང་ཆུང་ངུ་ལམ་རིམ་ཆུང་ངུའི་ལྷག་མཐོང་གི་ས་བཅད་དེ་མིན། ས་བཅད་དེ་ཀུན་མཁྱེན་འཇམ་དབྱངས་བཞད་པས་བརྩམས་པར་གསུངས། ལྷག་མཐོང་ཆུང་ངུ་ནི་ལམ་རིམ་འབྲིང་པོའི་ལྷག་མཐོང་ཡིན། རྗེ་ཙོང་ཁ་བས་སྤྱི་ལོ་༡༤༠༢་ལོར་ལམ་རིམ་ཆེན་མོ་བརྩམས། ༡༤༠༥་ལོར་སྔགས་རིམ་ཆེན་མོ་བརྩམས་པ་དང་། སྤྱི་ལོ་༡༤༠༧་ལོར་དྲང་ངེས་ལེགས་བཤད་སྙིང་པོ་དང་རྩ་ཤེའི་ཊཱིཀ་ཆེན་བརྩམས། སྤྱི་ལོ་༡༤༡༠་ལོར་བཤད་རྒྱུ་ལྷ་མོ་བཞིས་ཞུས་དང་ཡེ་ཤེས་རྡོ་རྗེ་ཀུན་ལས་ཀུན་གྱི་རྣམ་བཤད་བརྩམས། སྤྱི་ལོ་༡༤༡༡་ལོར་རིམ་ལྔ་གསལ་སྒྲོན་མཛད། སྤྱི་ལོ་༡༤༡༤་ལོར་འགྲེལ་བཞི་སྦྲགས་བརྩམས། ༡༤༡༥་ལོར་ལམ་རིམ་འབྲིང་བོ་བརྩམས། དབུ་མའི་ལྟ་བའི་སྐོར་ལ་དང་པོར་ལམ་རིམ་ཆེན་མོའི་ལྷག་མཐོང་ཆེན་མོ་མཛད། དྲང་ངེས་ལེགས་བཤད་སྙིང་པོ་དང་རྩ་འཇུག་གི་རྣམ་བཤད་གཉིས། ལམ་རིམ་འབྲིང་བོའི་ལྷག་མཐོང་ཆུང་ངུ་རྣམས་ལྟ་བའི་ལེགས་བཤད་ལྔ་ཟེར།
ལེགས་བཤད་ལགས། ཐུགས་རྗེ་ཆེ། འདྲི་བ་མཐའ་མ་དེ་ལ། དགེ་ལྡན་པ་རྣམས་ཀྱིས་རྗེའི་ལྟ་བ་གོང་སྒྲིག་སྐབས། ལྷག་མཐོང་ཆུང་ངུ་དེ་མཐའ་མར་འཇོག་གི་འདུག ཅིའི་ཕྱིར།
དཔེར་ན། སྐྱབས་མགོན་རིན་པོ་ཆེས། དབུ་མའི་ལྟ་བ་ཀློག་སྐབས། དང་པོ། ལྷག་མཐོང་ཆེན་མོ། དེ་ནས་ལེགས་བཤད་སྙིང་པོ། དེ་རྗེས་རྩ་འཇུག། དེ་ནས་ལྷག་མཐོང་ཆུང་ངུ་ལྟོས་གསུངས།
རྒད་པོ་ལགས། གསལ་བོ་ཞིག་ང་ལ་བཤད་རྒྱུ་མེད། རྗེའི་ལྟ་བའི་ལེགས་བཤད་ལྔ་བོ་ལྟ་བའི་དཔྱད་པ་རྫོགས་ནས་བརྩམས་གནང་བ་དང་བརྩམས་རིམ་གྱིས་ལྷག་མཐོང་ཆེན་མོར་མི་གསལ་བ་དང་མ་ཚང་བ་རྣམས་རྣམས་དྲང་ངེས་ལེགས་བཤད་སྙིང་པོར་གསལ་བ་སོགས་སྔ་མ་སྔ་མར་མི་གསལ་བ་རྣམས་ཕྱི་མ་ཕྱི་མར་གསལ་བར་བསྟན་པས་དབུ་མའི་ལྟ་བའི་བཤད་པ་ཡོངས་སུ་ཚང་བ་དང་། རྗེ་གུང་ཐང་བས། དགག་སྒྲུབ་སྦྱོར་བ་ཀུན་ཚང་བ།།ཁྱོད་གསུང་ཐར་འདོད་ཡོངས་ཀྱི་གསོས།།ཞེས་གསུངས་པ་ལྟར་རོ། །ལྟ་བའི་སྐོར་ཀླུ་སྒྲུབ་ཡབ་སྲས་དང་སྤྱོད་པའི་སྐོར་ཐོགས་མེད་དང་སྒོམ་གྱི་སྐོར་གཙོ་བོར་སློབ་དཔོན་ཀཱ་མ་ལ་ཤཱི་ལའི་རྗེས་སུ་འབྲངས་བར་གཞུང་རྣམས་ནས་གསལ་བ་དེ་རེད།
ཐུགས་རྗེ་ཆེ་ལེགས་བཤད་ལགས། ད་འདི་ནས་རྩིས་པའི་ལོ་ལྔའི་ནང་ལ་རྗེ་རིན་པོ་ཆེའི་ལྟ་བའི་སྐོར་ལ་ཐོས་པ་གང་ཐུབ་བཀོལ་རྩིས་ལགས།
དཔྱད་སྟོབས་ཀྱིས་དྲངས་བའི་ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ལྷག་མཐོང་གི་མཚན་ཉིད། ལྷག་མཐོང་ཞེས་པའི་སྒྲ་བཤད་ནི། ཞི་གནས་ལས་ལྷག་པའམ་ཁྱད་པར་མཐོང་བས་ན་དེ་ལྟར་བརྗོད། སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་ན་ལྷག་མཐོང་ཡིན་པས་མ་ཁྱབ་ལ། ལྷག་མཐོང་ཡིན་ན་ཡང་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་པས་མ་ཁྱབ་པ་ཤེས་དགོས་པ་ཡིན། ཞི་རགས་ཀྱི་རྣམ་པ་ཅན་གྱི་ཞི་ལྷག་གཉིས་གྲུབ་ཟིན་ཀྱང་སྟོང་ཉིད་ཀྱི་ལྟ་བའི་སྟེང་ནས་ཞི་ལྷག་སླར་རིམ་པས་སྐྱེ་དགོས་པ་ཡིན་པའི་ཕྱིར། ཞི་གནས་ལ་འཇོག་སྒོམ་གཙོ་བོ་དང་ལྷག་མཐོང་ལ་དཔྱད་སྒོམ་གཙོ་ཆེ་བ་དང་། ལུས་སེམས་ཤིན་སྦྱངས་ཁྱད་པར་ཅན་དེ་ལ་འཇོག་སྒོམ་གྱི་སྟོབས་ཀྱིས་དྲངས་བ་དང་། དཔྱད་སྒོམ་གྱི་སྟོབས་ཀྱིས་དྲངས་བ་གཉིས་ཡོད་ལ། ཞི་གནས་ལ་སྔ་མ་ཐོབ་པས་ཆོག་ཀྱང་ལྷག་མཐོང་ལ་སྔ་མ་ཐོབ་པས་མི་ཆོག་པར་ཕྱི་མ་ཐོབ་དགོས་པའི་ཕྱིར། སྟོང་ཉིད་ལ་སེམས་རྩེ་གཅིག་ཏུ་བཞག་ནས་སྒོམ་པའི་སྟོབས་ཀྱིས་ཤིན་སྦྱངས་ཁྱད་པར་ཅན་སྐྱེས་བ་ན་ལྟ་བའི་སྟེང་ནས་ཞི་གནས་གྲུབ་པ་ཡིན་ལ། དེ་ལ་འཇོག་སྒོམ་ཇི་ཙམ་བྱས་ཀྱང་ཞི་གནས་ཀྱི་སྤྱོད་ཚུལ་ལས་མ་འདས་པས་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་སྟོབས་ཀྱིས་དྲངས་བའི་ཤིན་སྦྱངས་ཁྱད་པར་ཅན་མི་ཐོབ་པས་སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་མི་ཐོབ་ཅིང་། དེ་འདྲ་བའི་ཞི་གནས་གྲུབ་ནས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་དཔྱད་པས་དཔྱད་པ་དེའི་སྟོབས་ཀྱིས་ཤིན་སྦྱངས་ཁྱད་པར་ཅན་སྐྱེས་པ་ན་ལྷག་མཐོང་ཐོབ་པ་ཡིན་པའི་ཕྱིར། ལྷག་མཐོང་ལའང་འཇོག་སྒོམ་ཡོད་པར་ལམ་རིམ་བསྡུས་དོན་ལས། སོ་སོར་རྟོག་པ་ཡིས་ཀྱང་ཡིན་ལུགས་ལ།།གཡོ་མེད་ཤིན་ཏུ་བརྟན་པར་གནས་པ་ཡི།།ཏིང་འཛིན་བསྐྱེད་པར་མཐོང་ནས་ཞི་ལྷག་གཉིས། ཟུང་འབྲེལ་སྒྲུབ་ལ་བརྩོན་རྣམས་ཡ་མཚན་ནོ།།ཞེས་པ་ལྟར་འཁོར་བའི་རྩ་བ་གཅོད་པ་ལ་ཞི་ལྷག་ཟུང་འབྲེལ་བསྒྲུབ་དགོས་པ་ནི། རྩེ་གཅིག་བསམ་གཏན་ཙམ་ལ་འཁོར་བ་ཡིས།།རྩ་བ་གཅོད་པའི་ནུས་པ་མ་མཐོང་ཞིང་།།ཞི་གནས་ལམ་དང་བྲལ་བའི་ཤེས་རབ་ཀྱིས།།ཇི་ཙམ་དཔྱད་ཀྱང་ཉོན་མོངས་མི་ལྡོག་པས། ཡིན་ལུགས་ཕུ་ཐག་ཆོད་པའི་ཤེས་རབ་དེ།།གཡོ་མེད་ཞི་གནས་རྟ་ལ་བསྐྱོན་ནས་ནི།།མཐའ་བྲལ་དབུ་མའི་རིགས་པའི་མཚོན་རྣོན་གྱིས།།མཐར་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པའི།།ཚུལ་བཞིན་དཔྱོད་པ་ཡངས་བའི་ཤེས་རབ་ཀྱིས།།དེ་ཉིད་རྟོགས་པའི་བློ་གྲོས་རྒྱས་པར་མཛད།།ཞེས་གསུངས་སོ། །
བཀྲ་ཤིས་ལགས། ཤིན་ཏུ་ལེགས་སོ་དང་རྗེས་སུ་ཡི་རང་ཞུ། ང་ཚོའི་ཤེས་བ་རང་ག་བ་འདི་ཞི་ལྷག་གི་ཕྱོགས་ཙམ་ལའང་སོང་མེད་མོད་ཀྱང་དེ་ལ་ཐོས་བསམ་བྱས་ནས་འགྲོ་སྟངས་ཙམ་ཞིག་ཤེས་རྟོགས་ཐུབ་ན་ཡང་ཞི་ལྷག་སྐྱེ་བའི་བག་ཆགས་འཇོག་ངེས་ཏེ། ཇི་སྐད་དུ། སྟོན་པས། ཇི་འདྲ་བ་ཡི་ལས་བྱས་པ།།འབྲས་བུ་དེ་འདྲ་འབྱུང་བར་འགྱུར།།ཞེས་གསུངས་སོ། །
ཨེ་མ་ཧོ། ལེགས་བཤད་དང་། བན་དེ་བ་རྣམས་ནས་དོན་དང་མཐུན་པ། འདི་ཕྱིར་ཕན་པའི་ལྟ་སྒིམ་བགྲོ་གླེང་དང་ངམ་དྲི་བ་དྲི་ལན་སྤོས་དག་པོ་གནང་བར་ཤིན་ཏུ་བཀའ་དྲིན་ཆེ། རང་གཞན་གཉིས་ཕན་དང་། ཨ་ཡི་ཕོན་ལ་གོར་མོ་མང་པོ་སྤྲད་པ་ལའང་དོན་ཕན་བྱུང་། ཐུགས་རྗེ་ཆེ།
ལེགས་བཤད་ལགས་ངཙོས་རྣམ་པ་ལྷནརྒྱས་ལ་ཡིངས་ལ་ད་ལན་དོན་དང་མཐུན་པའི་མཆན་བཏབ་བཀའ་དྲིན་ཆེ། ངས་དོག་འདྲི་ལའང་གཟིགས་ལན་གནང་བར་ཞུ།
དེང་སང་རྣལ་འབྱོར་བ་ལ་ལ་དགོངས་པ་རྫོགས་སྐབས་སུ་ཐུགས་དམ་ལ་ཉིན་གྲངས་དེ་འདྲ་བཞུགས་འདུག་ཅེས་གསུངས་གསོལ་འདུག་པས། དེ་ཡིན་ན་སྐབས་དེ་དུས་དབང་ཤེས་ཆ་ཚང་འགག་ཟིན། ཕྱི་ནང་གི་དབུག་གི་རྒྱུ་བའང་འགག་ཟིན་ན། དེའི་ཚེ་མཉམ་རྗེས་ལས་མཉམ་བཞག་དུ་ངོས་ཟིན་དགོས་སམ།
ཅི་སྟེ་དེ་ཡིན་ན་རྗེས་ལ་ཐོབ་པའི་གནས་སྐབས་གང་དུ་ངོས་འཛིན་དགོས་སམ། འདིའི་སྐོར་གསལ་བཤད་ཞུ།
ཏི་སེ་ལགས། སྔགས་ལུགས་ལ་འཆི་བ་ལ་གཞི་དུས་ཀྱི་འཆི་བ་དང་ལམ་དུས་ཀྱི་འཆི་བ་གཉིས་བཤད་པས་གཞི་དུས་ལ་འཆི་སེམས་མངོན་དུ་གྱུར་བའི་སྐབས་ཕུང་པོ་ལྔ། ཁམས་བཞི། སྐྱེ་མཆེད་དྲུག །ཡུལ་ལྔ།་གཞི་དུས་ཀྱི་ཡེ་ཤེས་ལྔ་སྟེ་རགས་པ་ཉེར་ལྔ་ཐིམ་པའི་སྒོ་ནས་འཆི་དགོས་ལ། ཐིམ་རིམ་དང་པོ་གཟུགས་ཕུང་གི་རིགས་ཀྱི་ཆོས་ལྔ་ནི། གཟུགས་ཀྱི་ཕུང་པོ། གཞི་དུས་ཀྱི་མེ་ལོང་ཡེ་ཤེས། སའི་ཁམས། མིག་གི་དབང་པོ། རང་རྒྱུད་ཀྱིས་བསྡུས་པའི་གཟུགས་ཏེ་ལྔ་པོ་དུས་མཉམ་དུ་ཐིམ་པར་འགྱུར་བས་དེ་རྣམས་སོ་སོའི་ཐིམ་པའི་རྟགས་ནི། གཟུགས་ཕུང་ཐིམ་པའི་རྟགས་ཕྱི་རྟགས་སུ་ཡན་ལག་རྣམས་སྔར་ལས་ཕྲ་རུ་འགྲོ་ཞིང་། ལུས་ཉམ་ཆུང་བ་དང་། ནུས་པ་མེད་པར་འགྱུར་རོ། །གཞི་དུས་ཀྱི་མེ་ལོང་ཡེ་ཤེས་ནི་མེ་ལོང་ལ་གཟུགས་བརྙན་སྣང་བ་བཞིན་དུ་ཡུལ་དུ་མ་ཅིག་ཅར་དུ་གསལ་བར་སྣང་བའི་ཤེས་པ་ཞིག་ལ་བཤད་ལ། དེ་ཐིམ་པའི་རྟགས་སུ་མིག་མི་གསལ་ཞིང་རབ་རུབ་ཏུ་འགྱུར། སའི་ཁམས་ཐིམ་པའི་ཕྱི་རྟགས་སུ་ལུས་ཤས་ཆེར་སྐམ་ཞིང་ཡན་ལག་རྣམས་ལྷོད་ལྷོད་པོར་འགྲོ་བ་དང་། ལུས་ས་འོག་ཏུ་བྱིང་བ་ལྟ་བུའི་ཉམས་འབྱུང་། མིག་གི་དབང་པོ་ཐིམ་པའི་ཕྱི་རྟག་སུ་མིག་འབྱེད་འཛུམ་མི་ནུས། རང་རྒྱུད་ཀྱིས་བསྡུས་པའི་གཟུགས་ཐིམ་པའི་ཕྱི་རྟགས་སུ་ལུས་ཀྱི་བཀྲག་མདངས་ཡལ་ཞིང་ཉམས་སྟོབས་ཟད་པར་འགྱུར་རོ། །དེ་རྣམས་ཐིམ་པའི་ནང་རྟགས་སུ་སྨིག་རྒྱུ་ལྟ་བུ་ཞེས་བྱ་བ་སོས་ཀའི་དུས་སུ་བྱེ་མ་ལ་ཉི་འོད་ཕོག་པ་ལྟར་ཆུར་སྣང་བ་ལྟ་བུ་སྔོ་མེར་བའི་སྣང་བ་འབྱུང་ངོ། །དེའི་རྗེས་སུ་ཚོར་ཕུང་གི་རིགས་ཀྱི་ཆོས་ལྔ་དུས་མཉམ་དུ་ཐིམ་སྟེ། ཚོར་ཕུང་ཐིམ་པ་ན་ཕྱི་རྟགས་སུ་དབང་ཤེས་ཀྱི་འཁོར་གྱི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ལུས་ཤེས་ཀྱིས་ཉམས་སུ་མི་མྱོང་། གཞི་དུས་ཀྱི་མཉམ་ཉིད་ཡེ་ཤེས་ནི་བདེ་སྡུག་བཏང་སྙོམས་གསུམ་ཚོར་བར་རིགས་གཅིག་ཏུ་དྲན་པའི་ཤེས་པ་ལ་བཤད་ཅིང་། དེ་ཐིམ་པའི་ཕྱི་རྟགས་སུ་ཡིད་ཤེས་ཀྱི་འཁོར་གྱི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་མི་དྲན། ཆུའི་ཁམས་ཐིམ་པའི་ཕྱི་རྟགས་སུ་ཁ་ཆུ་དང་རྔུལ་ཆུ་དང་གཅིན་དང་ཁྲག་དང་ཁུ་བ་རྣམས་ཤས་ཆེར་སྐམ། རྣ་བའི་དབང་པོ་ཐིམ་པའི་ཕྱི་རྟགས་སུ་ཕྱི་ནང་གི་སྒྲ་མི་ཐོས། རང་རྒྱུད་ཀྱིས་བསྡུས་པའི་སྒྲ་ཐིམ་པའི་ཕྱི་རྟགས་སུ་རྣ་བའི་ནང་གི་འུར་སྒྲ་མི་འབྱུང་ངོ་། །དེ་རྣམས་ཀྱི་ནང་རྟགས་སུ་དུ་བ་ལྟ་བུ་དུད་ཁུང་ནས་དུ་བ་སྔོ་ཕོད་པ་འབྱུང་བ་ལྟ་བུའི་སྣང་བ་འཆར་རོ། །དེའི་རྗེས་སུ་འདུ་ཤེས་ཀྱི་ཕུང་པོའི་རིགས་ཀྱི་ཆོས་ལྔ་དུས་མཉམ་དུ་ཐིམ་ལ། འདུ་ཤེས་ཀྱི་ཕུང་པོ་ཐིམ་པའི་ཕྱི་རྟགས་སུ་ཕ་མ་ལ་སོགས་པའི་ཉེ་དུ་སོགས་ཀྱི་དོན་མི་དྲན། གཞི་དུས་ཀྱི་སོ་རྟོག་ཡེ་ཤེས་ནི་ཉེ་དུ་སོགས་ཀྱི་མིང་སོ་སོར་དྲན་པའི་ཤེས་པ་ལ་བཤད་ཅིང་། དེ་ཐིམ་པའི་ཕྱི་རྟགས་སུ་ཕ་མ་ལ་སོགས་པའི་ཉེ་དུ་རྣམས་ཀྱི་མིང་མི་དྲན། མེའི་ཁམས་ཐིམ་པའི་ཕྱི་རྟགས་སུ་ལུས་ཀྱི་མེ་དྲོད་ཡལ་ནས་བཟའ་བཏུང་འཇུ་བའི་ནུས་པ་ཉམས། སྣའི་དབང་པོ་ཐིམ་པའི་ཕྱི་རྟགས་སུ་སྣ་སྒོ་ནས་རླུང་ནང་དུ་སྡུད་པ་ཞན་ཅིང་ཕྱིར་དྲག་ལ་རིང་དུ་རྒྱུ་བའི་དབུངས་བརྩེགས་པ་འབྱུང་། རང་རྒྱུད་ཀྱིས་བསྡུས་པའི་དྲི་ཐིམ་པའི་ཕྱི་རྟགས་སུ་སྣས་དྲི་ཞིམ་མི་ཞིམ་གང་ཡང་མི་ཚོར། དེ་རྣམས་ཀྱི་ནང་རྟགས་སུ་སྲིན་འབུ་མེ་ཁྱེར་ལྟ་བུ་དུད་ཁུང་ནས་དུ་བ་སྔོ་ཕོད་པ་འབྱུང་བ་ལྟ་བུའི་གསེབ་ནས་མེ་སྟག་དམར་ཚིག་ཚིག་པ་ལྟ་བུའམ། ཡོས་རྔོས་པའི་སླ་ངའི་རྒྱབ་ཀྱི་དྲེག་པ་ལ་མེ་སྟག་དམར་ཡལ་ཡལ་འོང་བ་ལྟ་བུའི་སྣང་བ་འབྱུང་ངོ་། །དེའི་རྗེས་སུ་འདུ་བྱེད་ཀྱི་ཕུང་པོའི་རིགས་ཀྱི་ཆོས་ལྔ་དུས་མཉམ་དུ་ཐིམ་པར་འགྱུར་ཏེ། འདུ་བྱེད་ཀྱི་ཕུང་པོ་ཐིམ་པའི་ཕྱི་རྟགས་ལ་ལུས་ཀྱི་བྱ་བ་བསྒུལ་བསྐྱོད་སོགས་མི་ནུས། གཞི་དུས་ཀྱི་བྱ་སྒྲུབ་ཀྱི་ཡེ་ཤེས་ནི་འཇིག་རྟེན་པའི་ཕྱིའི་བྱ་བ་དང་དགོས་པ་སོགས་དྲན་པའི་ཤེས་པ་བཤད་ཅིང་། དེ་ཐིམ་པའི་ཕྱི་རྟགས་སུ་ འཇིག་རྟེན་པའི་ཕྱིའི་བྱ་བ་དང་དགོས་པ་སོགས་གང་ཡང་མི་དྲན། རླུང་གི་ཁམས་ཐིམ་པའི་ཕྱི་རྟགས་སུ་སྲོག་འཛིན་སོགས་རླུང་བཅུ་རང་རང་གི་གནས་ནས་སྙིང་གར་འཕོ་ཞིང་དབུགས་ཕྱི་ནང་གི་རྒྱུ་བ་ཆད། ལྕེའི་དབང་པོ་ཐིམ་པའི་ཕྱི་རྟགས་ལ་ལྕེ་སྦོམ་ཞིང་ཐུང་ལ་ལྕེའི་རྩ་བ་སྔོན་པོར་འགྱུར། རང་རྒྱུད་ཀྱིས་བསྡུས་པའི་རོ་ཐིམ་པའི་ཕྱི་རྟགས་སུ་ལྕེས་རོ་དྲུག་གང་ཡང་མི་མྱོང་། སྐབས་འདིར་ལུས་དབང་དང་རེག་བྱ་ཡང་ཐིམ་དགོས་པས་དེ་ཐིམ་པའི་ཕྱི་རྟགས་ལ་རེག་བྱ་འཇམ་རྩུབ་གང་ཡང་མི་མྱོང་། དེ་རྣམས་ཀྱི་ནང་རྟགས་སུ་མར་མེ་འབར་བ་ལྟ་བུ་མར་མེ་ཟད་ཀར་རྩེ་མོ་ཏ་ལ་ལ་འགྲོ་བ་ལྟ་བུའི་སྣང་བ་འབྱུང་ངོ་། །འབྱུང་བཞི་ཐིམ་རིམ་འདི་ལ། འབྱུང་བ་སྔ་མ་ཕྱི་མ་ལ་ཐིམ་ཚུལ་ནི་འབྱུང་བ་སྔ་མའི་རང་རང་གི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་བསྡུས་ནས་ཕྱི་མའི་ནུས་པ་གསལ་དུ་སོང་བ་ལ་འབྱུང་བ་སྔ་མ་ཕྱི་མ་ལ་ཐིམ་ཞེས་བཤད་པ་ཡིན། འབྱུང་བ་བཞི་ཐིམ་པའི་རྗེས་སུ་རང་བཞིན་བརྒྱད་ཅུའི་རྟོག་པའི་སེམས། སྣང་བ་དཀར་ལམ་པའི་སེམས། མཆེད་པ་དམར་ལམ་པའི་སེམས། ཉེར་ཐོབ་ནག་ལམ་པའི་སེམས། འཆི་བའི་འོད་གསལ་གྱི་སེམས་ཏེ་རྣམ་ཤེས་ཀྱི་ཕུང་པོའི་རིགས་ཀྱི་ཆོས་ལྔ་པོ་འདི་རྣམས་རིམ་ཅན་དུ་འཆར་དགོས་སོ། །དེ་ལྟར་ན་ཤེས་པ་རགས་པ་རྣམས་འགག་ནས་སྐབས་འདིར་བསླེབས་པ་ན་འཆི་བ་འོད་གསལ་གྱི་སྔ་རོལ་དུ་རྣལ་འབྱོར་བ་ལ་ལ་ཐུགས་དམ་ལ་བཞུགས་པ་དང་ཐོག་མ་མེད་པ་ནས་འགྲོགས་ཤིང་འོངས་བའི་གཉུག་སེམས་མངོན་དུ་མངོན་དུ་གྱུར་བ་རེད། ལམ་ལ་མ་སྦྱངས་བ་དང་ཐ་མལ་བ་དག་ལ་འཆི་བ་འོད་གསལ་སྐད་ཅིག་ཐང་གཅིག་ལས་མི་འཆར་ཞིང་། ལམ་ལ་སྦྱངས་བའི་རྣལ་འབྱོར་བས་གཉུག་སེམས་དེ་འཆི་བ་འོད་གསལ་རང་དགའ་བའི་ངོ་བོར་འགྲོ་བ་ཏིང་ངེ་འཛིན་གྱི་མཐུས་བཀག་ནས། དེ་དང་རྣམ་པ་ཇི་ལྟ་བ་བཞིན་མཐུན་པའི་ལམ་དུས་ཀྱི་དཔེ་དང་། དོན་གྱི་འོད་གསལ་ལ་མཉམ་པ་བཞག་ནས། འབྲས་བུའི་འོད་གསལ་ཏེ་ཆོས་སྐུར་བསྒྱུར་ནས་འཆི་བ་སྦྱོང་བ་ཡིན་ནོ། །