འཆི་རྣམ་བར་ཞི།
༢༠༠༧ ལོའི་ཕྱི་ཟླ་༡༠ ཚེས་༡༧ ཉིན་མོ་ང་རང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་གྲོས་ཚོགས་མདུན་ལ་བསྡད་ཡོད། ང་རང་ནི་ཨ་རིའི་རྒྱལ་སའི་མངའ་ཁུལ་ལ་སྐྱེས་པ་དང་འཚར་ལོངས་བྱུང་བ་ཞིག་ཡིན་ཙང་འདི་དམིགས་བསལ་གང་ཡང་མ་རེད། ཡིན་ནའང་དེ་རིང་གི་ཉིན་མོ་དེར་༧རྒྱལ་བ་རིན་པོ་ཆེར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་ཕུལ་བའི་ཉིན་མོ་དམིགས་བསལ་ཞིག་རེད། དེ་དུས་ང་ལོ་༡༡ ཡིན་ཙང་དྲང་པོ་ཞུས་པ་ཡིན་ན་དེ་དུས་ངས་དོ་སྣང་མང་པོ་བྱས་མེད། ༧གོང་ས་མཆོག་གི་གསུང་བཤད་ཀྱང་ཡག་པོ་མ་ཉན་པར་བོད་ཡིག་སློབ་གྲྭའི་ངའི་གྲོགས་པོ་དང་གྲོགས་མོ་ཚོ་མཉམ་དུ་རྩེད་མོ་རྩེ་རྒྱུར་མགོ་འཁོར་ནས་བསྡད་པ་ཡིན།
བཙན་བྱོལ་ནང་སྐྱེས་པ་དང་འཚར་ལོངས་བྱུང་བ་མང་པོ་དང་འདྲ་བར་ང་ལ་ཡང་༧རྒྱལ་བ་རིན་པོ་ཆེའི་མཇལ་ཁ་ཐེངས་མང་པོ་ཐོབ་མྱོང་ཡོད། ཐེངས་རེ་རེར་ཨ་མ་ལགས་དང་པཱ་ལགས་ཀྱིས་དེ་[ཨོཾ་མ་མ་]རེད་གསུངས་པ་བཞིན་ངས་ཀྱང་ཐལ་མོ་སྦྱར་གྱི་ཡོད་ལ། ད་དུང་ཐེངས་གཅིག་༧གོང་ས་མཆོག་ཆིབས་བསྒྱུར་སྐབས་ལ་ངར་གྲོ་སོ་ཕྱེ་མ་འབུལ་རྒྱུའི་གོ་སྐབས་ཐོབ་བྱུང་། རྒྱུན་དུ་རྒན་གྲས་ཚོས་ང་ལ་བསོད་ནམས་ཆེན་པོ་རེད་ཅེས་གསུངས་ཀྱི་ཡོད།
ཨོ། བསོད་ནམས་ཆེན་པོ་ཡིན་གྱི་རེད་བསམ་གྱི་ཡོད། ཡིན་ནའང་དེའི་དོན་དག་གང་ཡིན་མ་ཤེས་པ་དང་དམིགས་བསལ་ཚོར་བ་ཡང་སླེབས་མ་མྱོང་། མི་གཞན་གྱིས་༧རྒྱལ་བ་རིན་པོ་ཆེ་སྐྱབས་སུ་མཆིའོ་ཞེས་གསོལ་བ་སྨོན་ལམ་འདེབས་པའི་སྐབས་སུ་ངས་ཀྱང་སྨོན་ལམ་གཅིག་པ་བརྒྱབ་ཀྱི་ཡོད།
འོན་ཀྱང་ང་ལོ་ཆེ་ཙམ་ཆགས་དུས་གཞི་ནས་རྒྱལ་བ་རིན་པོ་ཆེས་བཀའ་གནང་བར་བསྲེགས་བཅད་བརྡར་བའི་གསེར་བཞིན་ངས་བཤད་པ་ལ་བརྟག་དཔྱད་བྱེད་དགོས་པ་ལས་རྨོངས་དད་བྱ་རྒྱུ་མེད་ཅེས་པ་ཐོས་རྗེས་སྐྱབས་སུ་མཆི། སྐྱབས་སུ་མཆིའོ་ཞེས་བསྡད་ན་ངའི་འདོད་བློ་མི་ཁེངས་པ་མ་ཟད། ད་དུང་༧གོང་ས་མཆོག་གི་ཐུགས་རེ་ཡང་ཡིན་ས་མ་རེད་བསམ་སྟེ་དུས་དེ་ནས་བཟུང་༧གོང་ས་མཆོག་གི་ཕྱག་དེབ་ཀློག་པ་དང་ཕ་མར་བཀའ་འདྲི་ཞུས་པ་སོགས་བྱས་པ་བརྒྱུད་༧རྒྱལ་བ་རིན་པོ་ཆེར་དེ་བས་དད་པ་གཏིང་ཟབ་ཏུ་ཕྱིན་སོང་།
དེ་ནས་ངའི་མེ་ཚེའི་ནང་བརྗེད་པར་དཀའ་བའི་འགྱུར་བ་ཆེ་ཤོས་ཤིག་ནི་གློག་བརྙན་<<ཉི་མ་སྤྲིན་པའི་འོག་ནས་ཤར་བའི་དུས་ཤིག་ཤར་ཡོང་>>ཟེར་བའི་ནང་གི་དུམ་བུ་ཞིག་ཡིན།
དུམ་བུ་དེའི་ནང་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཆོགས་ཀྱིས་གསེར་གྱི་རྟགས་མ་འབུལ་བའི་བརྙན་པར་དེ་བོད་ནང་གི་གནག་ལ་དུ་བས་ཁེངས་པའི་ཁང་པ་ཆུང་ཆུང་ཞིག་ནང་སྟོན་བཞིན་པ་དང་རྒན་འཁོགས་ཚོས་བརྙན་འཕྲིན་ཆུང་ཆུང་དེའི་མདུན་ལ་སྐུ་ཕྱག་འབུལ་བ་མཐོང་དུས་ང་རང་མིག་ཆུ་རང་དབང་མེད་པར་ཤོར་བྱུང་།
སྐབས་དེ་དུས་གཞི་ནས་ངའི་སེམས་ནང་སྔོན་མ་ཕ་མས་གསུངས་པ་བཞིན་སྐྱབས་སུ་མཆིའོ་ཞེས་སྨོན་ལམ་འདེབས་པ་དེ་གཅིག་པུ་མིན་པར་བོད་ནང་གི་བོད་མི་ཚོ་ལ་རང་དབང་མེད་པའི་གནས་ཚུལ་འདི་དངོས་སུ་མཐོང་དུས་ང་རང་རང་དབང་ལུང་པའི་ནང་འཚར་ལོངས་བྱུང་བ་དང་། ༧གོང་ས་མཆོག་ཐེངས་མང་པོ་མཇལ་མྱོང་ཡོད་པ་འདི་བསོད་ནམས་ཆེན་པོ་ཞིག་ཡིན་པ་གཞི་ནས་དངོས་སུ་ཚོར་བྱུང་།
དེ་ནས་བཟུང་༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་བ་དེ་ཚོ་ངའི་མི་ཚེའི་ཁ་ཕྱོགས་སུ་གྱུར་བ་དང་ངའི་སེམས་ཀྱི་ནང་ག་དུས་ཡིན་ནའི་༧གོང་ས་མཆོག་གིས་བཀའ་གནང་བའི་གཞི་ལུས་རྒྱ་ཆེའི་མི་མང་དེ་དག་གིས་བོད་མི་བཙན་བྱོལ་བ་གང་ཙམ་ཞིག་འཛམ་གླིང་ཕྱི་ཕྱོགས་རང་དབང་ལུང་པར་བསྡད་ཡོད་རེད། དེ་དག་གིས་ང་ཚོ་བོད་རྒྱ་ཆེའི་མི་མང་གི་མི་ཚབ་བྱས་ནས་གོ་ཆོད་ཀྱི་རེད་བསམ་ནས་རེ་བ་བརྒྱབ།
ཡིད་ཆེས་བྱས་ནས་བསྡད་ཡོད་རེད། དེ་འདྲ་ཡིན་ཙང་རང་དབང་ལུང་པའི་ནང་གི་བོད་པ་དེ་དག་ལ་དམིགས་གསལ་གྱི་ལས་འགན་ཞིག་ཡོད་རེད། དེ་ནམ་ཡང་བརྗེད་རྒྱུ་ཡོོད་མ་རེད་ཅེས་གསུངས་པ་དེ་དྲན་ནས་བོད་ཡིག་སློབ་སྦྱོང་བྱེད་རྒྱུ་དེ་ངའི་ལས་འགན་ཡིན་བསམ་པ་དང་།
ཡང་༧གོང་ས་མཆོག་ནས་བོད་དེ་ཆགས་འཇིག་གི་གནས་སུ་སླེབས་ཡོད་རེད། ང་ཚོའི་མི་རབས་དེ་གསོན་དང་ཤིའི་མཚམས་སུ་སླེབས་པའི་སྐབས་ཤིག་རེད་མ་གཏོགས་ལས་སླ་པོ་ཞིག་མ་རེད། དེ་འདྲ་ཡིན་དུས་ཚང་མས་རིག་པ་བསྒྲིམ་ནས་ཤུགས་བརྒྱབ་རྒྱུའི་དུས་ཚོད་རེད་ཅེས་བཀའ་གནང་བ་དྲན་པའི་ཐོག་སློབ་སྦྱོང་དང་མི་ཚེའི་ནང་དཀའ་ངལ་འཕྲད་སྐབས་ངའི་མི་རིགས་དེ་ཆགས་འཇིག་ལ་སླེབས་ཡོད་པས་རིག་པ་བསྒྲིམ་བསམ་པ་དང་། དེ་རིང་ནང་བཞིན་གཟའ་ཉི་མའི་བོད་ཡིག་སློབ་གྲྭ་གཅིག་པུ་ནས་སྦྱངས་པའི་རང་གི་བོད་ཡིག་གནས་ཚད་ལས་བརྒལ་ནས་རྩོམ་དེ་བྲིས་པའི་སྐབས་སུ་ཡང་ཅོག་ཙེའི་མདུན་དུ་ཡོད་པའི་༧གོང་ས་མཆོག་བཞད་མོ་བཞད་བཞིན་པའི་སྐུ་པར་དེ་མཇལ་དུས་སེམས་ཤུགས་འཕར་མ་ཞིག་སླེབས་ཀྱི་འདུག དེ་ནི་ངའི་མི་ཚེའི་ནང་༧གོང་ས་མཆོག་ཡོད་པའི་བཀའ་དྲིན་ཡིན་ཞིང་ང་རང་བོད་པ་ཡིན་པའི་སྤོབས་པའི་ཡོང་ཁུངས་ཡང་ཡིན།།།
ཀློག་པ་པོ་ཚོ།
ངའི་མིང་ལ་འཆི་རྣམ་བར་ཞི་ཟེར་གྱི་ཡོད། ང་ལོ་༡༨ ཡིན་པ་དང་DC ནས་ཡིན། ངས་ཉེ་ཆར་བྱང་ཨ་རིའི་དོན་གཅོད་ཁང་གིས་གོ་སྒྲིག་གནང་བའི་”རྒྱལ་བ་རིན་པོ་ཆེ་རང་ལ་ག་རེ་བྱས་ནས་གལ་ཆེན་པོ་རེད་”ཟེར་བའི་རྩོམ་གྱི་འགྲན་སྡུར་ནང་མཉམ་ཞུགས་བྱས་པ་ཡིན། བློ་ཕམ་པ་ལ་སོ་སོའི་སྐད་ཡིག་ནང་ཞུགས་མཁན་ང་མ་གཏོགས་མི་འདུག
དེ་འདྲ་ཡིན་ཙང་གོ་སྒྲིག་གནང་མཁན་ཚོས་བོད་ཡིག་ནང་འབྲི་མཁན་གཅིག་མ་གཏོགས་མེད་ཙང་ཐོབ་ཡོད་མ་རེད་གསུངས་པ་རེད། ངས་བོད་ཡིག་ནང་ཆེད་མངགས་འབྲི་ཡག་གི་རྒྱུ་མཚན་དེ་བཙན་བྱོལ་ནང་བོད་རིགས་ལོ་ཆུང་བ་ཚོར་སེམས་ཤུགས་སྤར་རྒྱུའི་ཆེད་དུ་བྲིས་པ་ཡིན། ང་ལ་རེ་བ་དེ་མུ་མཐུད་ཡོད་ཙང་ངའི་རྩོམ་དེ་བཀྲམ་འདོད་འདུག མ་འོངས་པར་ཨ་རིའི་དོན་གཅོད་ཁང་གིས་བཙན་བྱོལ་ནང་བོད་ཕྲུག་སུ་ཡིན་ནའང་བོད་པའི་སྐད་ཡིག་བདག་སྲུང་བྱེད་རྒྱུར་འབད་བརྩོན་བྱེད་སྐབས་ངོས་འཛིན་དང་རྒྱབ་སྐྱོར་མང་བ་གནང་བའི་རེ་བ་ཡོད།
བསམ་ཚུལ་ཡོད་ན་ང་ལ་འབྲེལ་བ་གནང་རོགས།
ངའི་གློག་འཕྲིན་ཁ་བྱང་ chenambarshee@yahoo.com འདི་ཡིན།
འཆི་རྣམ་བར་ཞི།
UVA སློབ་གྲྭ་ཆེན་མོ།
༢༠༡༤ ལོའི་ཟླ་༡༠ ཚེས་༣༠ ལ།
ཕྱི་རྒྱལ་ནས་འཚར་ལོངས་བྱུང་བའི་མི་ལོ་༡༨ ཅན་གྱི་རྩོམ་ཡིག་འདི་འདྲ་འབྲི་ཐུབ་པ་ཧ་ལས་རེད། དངོས་གནས་ཡག་པོ་འདུག
རེད། ཁྱེད་ཀྱིས་བཤད་པ་ལྟར་མུ་མཐུད་ནས་ཤུགས་རྒྱག་རོགས།
དངོས་གནས་རེད། ནུབ་ཕྱོགས་ཨ་རིར་སྐྱེས་ཤིང་འཚར་ལོངས་བྱུང་བའི་བོད་ཕྲུག་ཅིག་ལ་རང་རེ་བོད་ཡིག་གི་ཆུ་ཚད་འདི་འདྲ་ཡོད་པ་ནི་སེམས་ཁོང་གཏིང་ནས་བསྔགས་བརྗོད་ཞུ་འོས་སུ་གྱུར། ངོ་སོ་བསྟོད།
ཕྱི་རྒྱལ་ནང་འཚར་ལོང་བྱུང་བའི་བོད་ཕྲུག་ཅིག་གིས་བྲིས་པར་དེ་ཙམ་ཧ་ལས་ན་དོན་ལ་མཐོང་ཆུང་རེད་གདའ།
གང ལྟར་འཆི་རྣམ་བར་ཞི་ལགས་སུ་དགའ་བསུ། མིང་ནི་དངོས་གནས་ཐོན་རྫས་གསར་པ་ཞིག་རེད་འདུག
འདི་ཁྱེད་ཀྱིས་བྲིས་པ་ཡིན་པར་ངས་ཡིད་ཆེས་བྱེད་མི་ཐུབ། བཙན་བྱོལ་སྤྱི་ཚོགས་ནང་ཉི་མ་ནུབ་ནས་འཆར་ན་མ་གཏོགས་འདི་འདྲ་འབྲི་མཁན་མེད། ངེད་གཉིས་གདོང་དང་གདོང་ཐུག་ནས་ཁྱེད་ཀྱིས་འདི་འདྲ་ཞིག་འབྲི་ཐུབ་ན་ངས་ད་གཟོད་ཡིད་ཆེས་བྱེད་ཐུབ། དགོངས་པ་མ་ཚོམས།
ཡང་ན་ཨ་རེས་སྐྱེས་པ་མི་བདེན། ཡང་ན་ཁྱོད་རང་བྲིས་པ་མི་བདེན།
ཡང་ན་ཨ་ཕས་བཅོས་། ཡང་ན་ཨ་མས་བཅོས།
དངོས་གནས་སྦྱོང་མཁན་ཞིག་གིས་ཤེས་ཐུབ། ང་ཤར་གླིང་ཞིག་ན་ཡོད། འཆི་རྣམ་པར་ཞི་བ་གཞོན་ནུ་ལ་གཞོན་ནུ་སྨན་ཆེན་པོའི་སྒྲུང་བསྐུར་འབུལ་དགོས་པར་བསམས། དེ་བཞིན་བོད་སྐད་སྔ་རབས་པའི་སྐད་སྒྲུང་ལ་གཅེས་པ་རྣམས་རང་ཉིད་ཀྱི་ཨི་མེའེལ་emailཁ་བྱང་འདིའི་ཐོག་ lj53@columbia.eduལ་བསྐུར་ན་སྨན་ཆེན་པོ་ཞེས་པའི་བུ་ཆུང་རིག་པ་ཅན་རྒྱ་གར་གྱི་སྒྲུང་སྙན་པོ་འདུལ་བ་ཕྲན་ཚེགས་ནས་ཟུར་བཤུས་ཡིན་པ་ཀློག་པར་འདོད་མཁན་ལ་བསྐུར་ངེས།
་
བློ་མི་ཁེངས་པ་མ་ཟད། བོད་དཔེ་ཁུངས་དག་གང་ཡིན་ན། བློ་མི་ཁེངས་པར་མ་ཟད། ཅེས་ཡོད།
ཕྱོགས་སུ་གྱུར་བ་དང་། བསྟན་དང་། གྱུར་དང་ སྩལ་སོགས་བྱ་ཚིག་གི་རྗེས་འཇུག་ད་ཡང་འཇུག་ཡོད་པས། ངེས་པར་དུ་པ་ཡིག་དགོས་པ་བོད་མཁས་པ་སྔ་མ་དག་གི་ལུགས་བོད་དཔེ་ཡོངས་ན་ཡོད་པ་ལ་གུས་བརྩི་དགོས་སོ།
ཡིག་ནོར་ལ་ཞུས་དག་མཛོད།
ནོར། བཅོས།
ག་དུས་ཡིན་ནའི་་་་་་ ག་དུས་ཡི་ན་ཡང་།
དམིགས་གསལ། དམིགས་བསལ།
ག་དུས་ཡིན་ནའི་་་་་་ ག་དུས་ཡིན་ན་ཡང་།
ཨ་རིར་སྐྱེས་པའི་བོད་ཕྲུག་རང་ལོ་༡༨པ་ཅིག་གིས་བྲིས་པ་ལ། གཞན་གྱིས་བཅོས་མེད་ན། ཤིནད་ཏུ་ལེགས།
བཅོས་ཡོད་ཀྱང་རུང་མེད་ཀྱང་རུང་། གང་ལྟར་མ་རྐང་རྩོམ་ཡིག་ཅིག་བུ་ཕྲུག་འདིས་བྲིས་ཡོད་ཚོད་རེད། དེ་ལ་དགའ་བསུ་ཞུ་འོས་པ་ཞིག་རེད། བཙན་བྱོལ་ནང་འཚར་ལོངས་བྱུང་བ་མང་པོ་ཞིག་་་་རྩོམ་གྱི་ཡག་སྡུག་ཕར་ཞོག་་་ཐ་ན་བོད་རྩོམ་འབྲི་བའི་ཚོད་ལྟ་ཞིག་ཀྱང་བྱེད་ཀྱི་མེད་ གང་ཡང་ཟེར་ན་འདུན་པ་དེ་རྩ་བ་ནས་མེད་སོང་བ་རེད། གང་ལྟར་གོང་གི་བུ་དེ་གཞན་གྱིས་དག་བཅོས་དང་གཤག་བཅོས་བྱས་ཡོད་མིན་ལ་མ་ལྟོས་པར་ཁོ་རང་གཅིག་བྲིས་པ་དེ་ལ་ངས་དགའ་བསུ་དང་བསྔགས་བརྗོད་ཞུ་གི་ཡོད། གཞན་གྱིས་བཟོ་བཅོས་བྱས་པ་ལ་ཧང་མི་སངས་གི ཆེད་ལས་ཞིབ་འཇུག་པ་དང་མཁས་པ་ཚོའི་ཆེད་རྩོམ་ཡང་མཁས་པ་གཞན་པས་ཞུ་དག་དང་བཅོས་སྒྱུར་བྱེད་ཀྱི་ཡོད་པ་སྤྱི་ཡོངས་ཀྱི་འགྲོ་ལུགས་ཤིག་རེད།
རྩོམ་དེར་དོ་སྣང་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྩོམ་གྱི་ཚིག་སྦྱོར་དང་དག་ཆ་ལ་ཞུ་དག་བྱས་ཡོད། རྩོམ་ནང་{ཨོཾ་མ་མ་}ཟེར་བ་དེ་གང་ཡིན་གསུང་མཁན་འདུག་པས་དེ་ནི་ཆུང་དུས་ཕ་མས་རྒྱལ་བ་རིན་པོ་ཆེ་ནི་སངས་རྒྱས་རེད་ཅེས་ངོ་སྤྲོད་བྱེད་སྲོལ་ཡིན།
གོ་སྐབས་དེ་བཟུང་ནས་བུ་འཆི་རྣམ་གྱི་བོད་ཡིག་ལ་དོ་སྣང་དང་གྲུབ་འབྲས་ནི་འདི་ག་རྒྱལ་ས་ཝ་ཤིང་ཌོན་ཁུལ་གྱི་གཟའ་ཉི་མའི་བོད་ཡིག་སློབ་གྲའི་དགེ་རྒན་སྒྲོལ་དཀར་ལགས་ཀྱིས་ལོ་བཅུ་གྲངས་ཀྱི་འབད་བརྩོན་གནང་བ་ལ་བརྟེན་ནས་བྱུང་བས་རྒན་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འཆི་རྣམ་བར་ཞི་ལགས། རྗེས་སུ་ཡི་རངས་ཡོད། དངོས་གནས་ཡག་པོ་བྲིས་འདུག མུ་མཐུད་ནས་འདི་ལྟ་བུའི་བྱ་བ་ལ་བརྩོན་དང་རིགས་གཅིག་པའི་སྤུན་ཟླ་རྣམས་ལ་སྤོབས་པ་དང་སེམས་ཤུགས་ཀྱི་འབྱུང་ཁུངས་སུ་འགྱུར་བར་ཐེ་ཚོམ་མེད།
གཞོན་ནུ་དེའི་བསམ་བློའི་གོ་རིམ་ལ་ཐུགས་སྣང་གནང་རོགས། ཚིག་སྦྱོར་དང་དག་ཆ་གལ་ཆེན་པོ་དེ་ཙམ་མ་རེད།
བོད་ཀྱི་དེང་རབས་རྩོམ་རིག་ལ་ལྗིད་ཁོག་མེད་དོན་ནི་རྩོམ་པ་པོ་མང་ཆེ་བའི་བསམ་བློར་མུ་གེ་ཐེབས་ཡོད་ཙང་རེད།