__ཨ་རིག་དགེ་མཐོང་།
སྲས་གཙང་སྲས་པོས་སྲིད་པའི་ཁམས་འདིར་འཚེ་མེད་ཞི་བའི་ལམ་སྲོལ་བཏོད། །
ད་ལྟའི་དུས་སུ་ཏ་ལའི་བླ་མར་ཀུན་གྱིས་ཞི་བདེའི་དེད་དཔོན་འབོད། །
དེ་ཡི་རྗེས་འཇུག་གདོང་དམར་བོད་ཀྱིས་འཚེ་མེད་ཞི་བའི་དར་ཐག་འཐེན། །
མི་རིགས་བདེ་སྡུག་སྙིང་ལ་བཅངས་ཏེ་ཚེ་སྲོག་དམར་པོས་སྒྲོན་མེ་སྤར། །
བཙན་པོས་མཐའ་བཞི་དབང་དུ་བསྡུས་པའི་སྙན་པའི་གྲགས་པ་ཡོངས་ལ་ཁྱབ། །
ཙི་ན་དམར་པོས་བཙན་འཛིན་བྱས་ཏེ་བོད་ཁམས་ཧྲིལ་བོ་ཁ་ལོ་བསྒྱུར། །
འཕགས་པའི་ཡུལ་དུ་འཕགས་མཆོག་བདྨོ་རྗེ་འབངས་བཅས་ཏེ་ཆས་པ་ནས། །
ལྷ་ལྡན་ཞིང་ཁམས་ལྷ་འདྲེ་ཀུན་གྱིས་འཐབ་ར་བྱེད་པའི་གཡུལ་སར་གྱུར། །
གཞིས་ལུས་སྤུན་ཟླའི་སྙིང་སྟོབས་སྤུ་གྲི་སྒེར་གཅོད་གདོང་ལ་ཡང་ཡང་གཡུགས། །
བདེན་པའི་གཏམ་གྱི་འབོད་སྒྲ་རེ་རེ་དམར་ཕྱོགས་ཚོགས་པའི་རྣ་བར་གཟན། །
ཆོལ་གསུམ་ཆིག་སྒྲིལ་མཐུན་པའི་ལག་ལྡང་ལོ་ཟླ་མཐུད་ནས་ཇེ་བཟང་གྱུར། །
ཏ་ལའི་བླ་མར་དད་པའི་མེ་ཏོག་མདོ་དབུས་ཁམས་གསུམ་ཀུན་ནས་འཁྲུངས། །
བོད་ཀྱི་སྐད་དང་ཡི་གེའི་རིན་ཐང་བོད་ཁམས་བོད་མི་ཀུན་གྱིས་ཤེས། །
བོད་ཀྱི་ཁོར་ཡུག་ཕུན་སུམ་ཚོགས་པ་བདག་སྐྱོང་བྱེད་པའི་ཐབས་ལ་འབད། །
བོད་ཀྱི་རིག་གཞུང་ཕྱུག་པོའི་སླད་དུ་ཡོད་ཚོད་བློས་གཏོང་ཕོད་པ་འདི། །
བོད་ཀྱི་མི་ལ་གཞན་གྱིས་མ་བསླབ་རང་གི་ས་ནས་རིགས་པས་རྙེད། །
ནང་འཛང་ནག་མོའི་ཅོ་ཐོ་དེ་ཡང་ད་ལྟ་རྩ་ནས་བྲེགས་པ་དང་། །
ས་རྩོད་ཆུ་རྩོད་ཆུ་བོའི་བཞུར་རྒྱུན་ཆད་ནས་ལོ་དང་ཟླ་བ་འདས། །
ཆོས་ལུགས་ཆོ་ཁའི་རྨོངས་ཞེན་མུན་པ་གངས་ལྗོངས་འདིར་རུ་དྭངས་པ་དང་། །
ལ་རྒྱའི་མེ་ལྕེ་ཕྱོགས་རིས་མེད་པར་བསིལ་ལྡན་ཡུལ་འདིར་ཡང་ཡང་འབར། །
བདུན་གསུམ་ཉེར་གཅིག་དུས་རབས་འདི་ལ་བདུད་མོ་རྒྱ་དམར་སྲིད་གཞུང་གིས། །
གདོང་དམར་བོད་ཀྱི་སྐད་དང་ཡི་གེ་གཅོད་གཏུབས་བྱས་ཏེ་སྣང་ཆུང་བཏང་། །
སྒེར་གཅོད་སྲིན་པོའི་ལག་པ་དམར་པོ་གངས་རིའི་གཏེར་ཁའི་ཕྱོགས་སུ་བསྲིངས། །
བཙན་པོའི་གདུང་རྒྱུད་དཔའ་བོ་དཔའ་མོས་རང་ལུས་བསྲེགས་ཏེ་རྒོལ་ལན་སློག །
དྲང་བདེན་སྐྱོང་བའི་གྲྭ་བཙུན་མང་བོ་གྲ་བཞིའི་བཙོན་ཁང་ནང་དུ་བཅུགས། །
གནས་ལུགས་བརྗོད་པའི་རྟོགས་སད་པ་རྣམས་ཉེས་མེད་ཁྲིམས་ཀྱིས་དམ་དུ་བཏགས། །
བྱིན་རླབས་ཅན་གྱི་ལྷ་རྟེན་ཆོས་གསུམ་བཤིགས་ཏེ་རྒྱ་མིའི་གྲོང་དུ་ཁྱེར། །
འདི་དག་མཐོང་བས་སེམས་ཀྱིས་མ་བཟོད་རང་ལུས་རིན་ཆེན་མེ་ལ་བསྒྲོན། །
རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཟེར་ན་རེ་ལྟོས་བྱེད་ས་ལོས་ཡིན་སྙམ། །
རྒྱ་ནག་སྒྱུ་མའི་བསླུ་བྲིད་ཐེབས་པས་དེ་ཡང་མཐོང་ན་སྐྱོ་སྣང་སྟེར། །
སྟོབས་ཅན་ཨ་རིའི་རྒྱལ་ཁབ་དེ་ཡིས་བོད་དོན་གླེང་བ་ཁྱད་མཚར་ཞིག །
ལན་རེ་བལྟས་ན་རེ་བ་འདུག་ཀྱང་སྐབས་རེ་མཐོང་ན་དོགས་པ་ཆེ། །
ཡོ་རོབ་ཕྱོགས་ལ་ཡིད་ཆེས་བྱས་ཏེ་བགྲང་བྱ་མང་བོ་དོན་མེད་འདས། །
ཨ་རིའི་ཡུལ་ལ་ཨང་ཉན་ཡོད་ཀྱང་ཨ་ཐང་ཆད་པའི་བཟོ་ལྟ་མཆིས། །
ཁཱ་ན་ཌྲ་ཡིས་ཁ་ཐུག་རོགས་རམ་སྐྱབས་བཅོལ་ཆིག་སྟོང་ལེན་རབས་ཟེར། །
རང་རང་ས་ནས་འགུལ་སྤྱོད་མེད་ན་གཞན་གྱིས་ང་ཚོ་ཇི་ལྟར་སྐྱོབས། །
ཁམས་པའི་ཁོག་དཔུང་ལ་རྒྱ་དེ་ལ་དབུས་པའི་ཁ་སྣོན་ཡང་ཡང་དགོས། །
ཨ་མདོའི་ཨང་གསར་གྲ་སྒྲིག་དེ་ལ་ཁམས་པའི་ཁ་སྣོན་ཤིན་ཏུ་མཁོ། །
དབུས་པའི་དབུགས་ཀྱི་རྒྱུ་བ་དེ་ལ་སྟོད་སྨད་ཟུང་གིས་བསམ་བློ་ཐོངས། །
ཆོལ་ཁ་གསུམ་གྱི་ཁྱིམ་ཚང་འདི་ནི་ཆིག་སྒྲིལ་བྱས་ཏེ་མདུན་དུ་སྐྱོད། །
གངས་ཕྲུག་དག་གིས་རང་ལུས་རིན་ཆེན་མེ་ལ་བསྒྲོན་པའི་གྲུབ་འབྲས་ཤིག །
གངས་ཅན་བོད་ལ་གང་ནས་བལྟས་ན་ད་དུང་སླེབས་པར་དཀའ་ན་འང་། །
གངས་ལྗོངས་བདེན་མཐའ་སེལ་བའི་ཐབས་ལ་ཞི་བའི་ལས་འགུལ་འདི་མ་གཏོགས། །
གངས་ཅན་མགོན་པོའི་ཐུགས་དང་བསྟུན་ན་འདི་ལས་ལྷག་ཅིག་གང་དུ་མཆིས། །
གཞན་གྱི་སླད་དུ་རང་སྲོག་གཅོད་པ་འཚེ་བའི་ལས་ནི་མ་ཡིན་པ། །
ནང་བའི་ཆོས་གཞུང་ཆེན་མོ་དག་ན་གཏན་ཚིགས་རིགས་པས་གཏན་ལ་ཕབ། །
ས་ཆེན་གོ་ལའི་གྲུ་ཟུར་འདི་ན་ཞི་བའི་ལས་འགུལ་མཆོག་གྱུར་བ། །
གཞན་ལ་མི་གནོད་རང་སྲོག་ཕུལ་བའི་མཆོད་པ་དཀར་པོ་འདི་ལས་ཅི། །
གཞིས་ལུས་སྤུན་ཟླའི་སྙིང་སྟོབས་ལ་བརྩི་བཀུར་ཆེ་བའི་ཨ་རིག་དགེ་མཐོང་པ་དེས་གནས་མཆོག་ཀཱ་ཤཱིའི་གྲོང་དུ་སྦྱར་བའོ།།
དབའ་བོ་དབའ་མོ་རྣམ་པའི།།
བློ་སྤོབས་འདི་ལྟར་བསྔགས་པ།།
རྐང་རྩ་ཅན་གི་མྱི་རེད།
མྱིག་རྒྱ་ཅན་གི་བུ་རེད།
ཤ་ཚ་ཡོད་པའི་སྤུན་རེད།
གདུང་སེམས་ཡོད་པའི་གྲོགས་རེད།
གཅིག་གི་གཞུག་ན་གཅིག་རེད།
རྡོག་རྩ་ཡོད་པའི་རྟགས་རེད།
རྒྱལ་ཁ་ཐོབ་པའི་ལམ་རེད།
སེམས་དང་བསམ་བའི་ངོས་ནས།
གློ་དང་མཆིན་པོའི་སྟེང་ནས།
ཤ་དང་རུས་པའི་གསེང་ནས།
ངས་ཁྱེད་ཅག་ལ་རྗེས་སུ་ཡི་རང་ཞུ།
དུས་རབས་གསར་པའི་ཆ་འཕྲིན་ལ་བསྟུན་ནས།།
དུས་རབས་མཐུན་པའི་གསར་གཏོད་མ་ནོར་དགོས།།
དུས་རབས་སྟོང་གི་གཅེས་པའི་རིག་གཞུང་རྣམས།།
དུས་རབས་འདིའི་ནང་འཆར་འགོད་མ་འཁྱུག་དགོས།།
དུས་རབས་ཉེར་གཅིག་མངོན་པའི་རྐང་ལམ་ནང་།།
དུས་རབས་གསར་པའི་མདུན་སྐྱོད་རིང་ལུགས་དེ།།
དུས་རབས་འདི་ནས་རྗེས་ལུས་མ་ཆགས་པར།།
དུས་རབས་མཐུན་པའི་མི་རིགས་གཅེས་སྐྱོང་བྱོས།།
དུས་རབས་སྟོང་ཕྲག་མངོན་པའི་མཐོ་སྒང་ཡུལ།།
དུས་རབས་ཕྲེང་བའི་བརྩེགས་པའི་རིག་གཞུང་ཀུན།།
དུས་རབས་འདིའི་ནང་མ་ཉམས་སླར་གསོ་དགོས།།
དུས་རབས་གསར་པའི་གདོང་དམར་ཕྲག་ལ་བབས།།
དུས་རབས་མང་པོ་བསྙེགས་པའི་ཡ་མེས་ཤུལ།།
དུས་རབས་འདིའི་ནང་ངོ་གདོང་སྐྱ་བོ་འཁོར།།
དུས་རབས་གསར་པ་འཆར་དུས་སྣུམ་བཞག་ཅིག།
དུས་རབས་ཉེར་གཅིག་བོད་པས་སྙིང་ལ་སྐྱོང་།།
དུས་རབས་གསར་རྙིང་གཉིས་ཀྱི་རི་མཚམས་ནས།།
དུས་རབས་རྒས་པོའི་རྐང་ལམ་མ་གནོད་པར།།
དུས་རབས་གསར་པའི་མེ་ཏོག་བཅུད་ལེན་ནས།།
དུས་རབས་རྙིང་པའི་ཡ་མེས་གནའ་གཏམ་ཉོན།།
དུས་རབས་གསར་པའི་ཆ་འཕྲིན་རྐང་ལམ་ནང་།།
དུས་རབས་བསྟུན་པའི་དཀྱེལ་ཡངས་བློ་སྒོ་སྤེལ།།
དུས་རབས་ཡར་སྔོན་བཙན་པོའི་སྦྲ་ནག་ཡུལ།།
དུས་རབས་འགྱུར་ལྡོག་མྱུར་ཡང་ཕ་ཤུལ་སྐྱོང་།།
དུས་རབས་འཕྲང་གཤིས་ཅན་པའི་དེང་དུས་ལ།།
དུས་རབས་གསར་པའི་བོད་པའི་མདུན་སྐྱོད་དེ།།
དུས་རབས་མཐུན་པའི་ཡ་མེས་སྦྲ་ཁྱིམ་འཛིན།།
དུས་རབས་གསར་པའི་ན་གཞོན་རྐང་ལམ་ཡིན།།
རྒྱ་ལ།
རྒྱ་ལ་དམར་གསོད་ལག་དམར་ལོ་རྒྱུས་ཁེངས་ཡོད། ། །
རྒྱ་ལ་ངན་དགུ་སྡུག་ཤི་མང་པོ་ཐེབས་ཡོད། །
རྒྱ་ལ་མ་འོའི་རོ་འཁོགས་གཅིག་ཉིད་ལྷག་ཡོད།
རྒྱ་ལ་ལྐོག་ཟ་རུལ་སུངས་གང་ནས་བསྡད་ཡོད། །
གངས་ཕྲུག་གིས།
གངས་ཕྲུག་ཨེ་གླིང་ཤར་ནུབ་གཡུ་རལ་ངོམས་ཡོད། །
གངས་ཕྲུག་བསྟན་སྲིད་དོན་ལ་ལུས་སྲོག་བཏང་ཡོད། །
གངས་ཕྲུག་མང་གྱར་ནང་བསྟན་རྩ་བ་བཟུང་ཡོད། །
གངས་ཕྲུག་མང་པོས་ཞི་རྒོལ་མེག་སྲེག་བྱས་ཡོད། །
བོད་ལ།
བོད་ལ་གཞིས་བྱེས་མཉམ་འཛོམས་འོང་བའི་དུས་ཡོད། །
བོད་ལ་རང་དབང་བདེ་སྐྱིད་ཤར་བའི་དུས་ཡོད། །
བོད་ལ་ཆོས་རིག་དཔལ་འབྱོར་འཕེལ་བའི་དུས་ཡོད། །
བོད་ལ་འཛམ་གླིང་ཞི་བདེ་སྤེལ་བའི་དུས་ཡོད། །
ཀ་ཡེ་བདག་གི་གྲོགས་ཀྱི་ཚོགས་རྣམས་ལ།
ཁ་བའི་ལྗོངས་ཀྱི་ད་ལྟའི་གནས་ཚུལ་དག །
ག་དུས་ཡིན་ན་སེམས་ཀྱིས་ཞུ་གི་ཡོད། །
ང་དང་ཁྱེད་ཅེས་དོན་མེད་ཚིག་ཉོག་མ་སྤུངས་རོགས།
གོང་དུ་དྲ་གྲོགས་འགའ་རེས་ཚིག་བདེ་མོ་བྲིས་འདུག་པས་དགའ་བསུ་ཞུ།
ཀ་རྩོམ་དེའི་སྡེ་ཚན་གཞན་རྣམས་དྲ་གྲོགས་ཚོས་ཁ་སྐོང་རོགས།
ང་དང་ཁྱེད་ཅེས་ཚིག་ངན་མ་སྤུངས་རོགས་ཞེས་མཐུད་དགོས། གོང་གི་དེ་ཚིག་རྐང་དོ་མཉམ་མི་འདུག
ཅ་ཅོའི་འཆལ་གཏམ་ཞེད་མི་དགོས། །
ཆ་ལུགས་གཞུང་ལུགས་ལྡན་པ་ལ།། །
ཇ་ཕུད་ཆང་ཕུད་དང་བཅས་ཀྱིས། །
ཉ་པའི་ལྕགས་ཀྱུའི་རྩེ་ལ་ལྟོས། །
ཏྰ་ལའི་བླ་མའི་བཀའ་སློབ་དང་། །
ཐ་ཐལ་རྒྱ་གཞུང་ངན་བྱུས་གཉིས། །
ད་གཟོད་དབྱེ་འབྱེད་སྤང་བླངས་ཀྱིས། །
ན་ཚོད་རྒན་གཞོན་ཀུན་གྱིས་རེམས། །
པ་ཕ་༸བསྟན་འཛིན་རྒྱ་མཚོ་ཡིས། །
ཕ་མས་བརྩེ་ལྟར་གདམས་ངག་རྣམས། །
བ་མོའི་འོ་མ་བེའུས་འཐུང་ལྟར། །
མ་བུ་ལྟར་གྱི་དམ་ཚིག་སྲུངས། །
ཀ་ཡེ་བོད་ཀྱི་གྲོགས་ཚོགས་ཚོས། །
ཁ་བའི་ལྗོངས་ཀྱི་གནས་ཚུལ་དག །
ག་དུས་ཡིན་ཡང་ཤོད་དགོས་པས། །
ང་ཁྱོད་མ་རྩོད་གསར་འགྱུར་ཤོད། །
ཙནྡན་ཤིང་གི་དྲི་ཆབ་བཞིན། །
ཚ་གྲང་སྙོམས་པའི་ལས་འགུལ་དག །
ཛ་ལང་དྲི་མས་མ་གོས་པར། །
ཝ་ལེ་ཝ་ལེར་གང་མང་རྩོམས། །
ཨ་རིག་དགེ་མཐོང་གི་སྙན་རྩོམ་འདི་ནི་རྗོད་བྱེད་ཚིག་ལ་སྒྲ་རྒྱན་གྱི་ཉམས་དང་སྒྱུ་རྩལ་ལྡན་ཞིང་བརྗོད་བྱ་དོན་ལ་གོ་རྒྱུ་ཆེ་བ་དང་ཁ་དོག་དང་བྲོ་བ་ཡོད་པ་ཞིག་འདུག་པས། ཐུགས་རྗེ་ཆེ་ཞུ་ན་འདོད།
ཁྱོ་ཨ་རིག་གླེན་པ་མ་རེད་ཁྱོད་ཨ་རིག་རིག་པ་ཅན་རེད་།།ཁ་དྲོ།བཀྲ་ཤིས།།
ཨ་རིག་གླེན་པ་བདག་ལ་བསྟོད་པ་དེ། །
ཧ་ཅང་མི་འོས་བརྩེ་ལྡན་དྲ་གྲོགས་རྣམས། །
ས་མཐའི་ཡུལ་གྱི་བདག་གི་ཚོར་སྣང་དག །
ཤ་རུས་གཅིག་པའི་སྤུན་ཟླ་རྣམས་ལ་ཕུལ། །
ལ་རྒྱའི་སྙིང་སྟོབས་ལྡན་པའི་གཞིས་ལུས་ཀྱིས། །
རྭ་བ་གངས་ཀྱིས་བསྐོར་བའི་ཞིང་ཁམས་འདིར། །
ཡ་རབས་སྤྱོད་གཤིས་བཟང་བོ་མི་བརླག་སླད། །
འུ་ཅག་བོད་ཀྱི་རིག་གཞུང་བདག་གཉེར་གནང་། །
ཟ་འཐུང་གཉིད་ལ་དུང་བའི་སྐྱེ་བོ་ངས། །
ཞྭ་སེར་བསྟན་པའི་གྲལ་ན་འབད་བཞིན་ཡོད། །
མཇུག་རྗེས་སུ་མཐུད་ཡ། འདི་ནས་ལས་ཀ་ཏོག་ཙམ་འདུག
ཀྭ་ཡེ་གསོན་དང་རང་རིགས་སྤུན་ཟླ་ཚོས།།
ཁ་ཙམ་མིན་པའི་དད་སེམས་རི་བོའི་སྤོར།།
ག་ནས་བལྟས་ཀྱང་དྲང་བདེན་སྲིད་པའི་མིག།
ང་སྙམ་བཏང་ནས་རིག་པའི་ཤུགས་ཀྱིས་དྲངས།།
ཅ་ཅོ་ཡོ་ལང་སྲིད་པའི་འཁྲུལ་འཁོར་ལ།།
ཆ་རྒྱུས་ཡོད་མེད་དཀར་ནག་མྱུ་གུ་འབུས།།
ཇ་ཟས་འདོད་ཡོན་འཁྲུགས་པའི་ཁ་དོག་ལས།།
ཉ་ཉོག་འཁྲུལ་བའི་མེ་ཏོག་ཅིར་ཡང་མཐོང་།།
ཏ་ལའི་འདབ་ལྟར་ཡངས་བའི་སེམས་ཁོང་ནས།།
ཐ་མལ་མེ་དཔུང་འབར་བའི་རེ་འབོད་སྒྲ།།
ད་ལྟའི་མི་རབས་གསར་བའི་ཁྱུ་ཚོགས་ཤིག།
ན་ཚོད་ཕྲ་བའི་དུས་ཚོད་མེ་ལ་བསྟིམ།།
ཞྭ་ལྟར་མཛེས་པའི་གངས་ཅན་བསིལ་ལྫོངས་ལ། །
ཟ་ཚོད་འཐུང་ཚོད་མེད་པའི་རྒྱ་གཞུང་ལྷགས། །
འ་ཆད་འུ་ཐུག་བོད་མིས་ལོ་མང་མྱངས། །
ཡ་མེད་དཔའ་བོས་རང་ལུས་མེར་བསྲེག་དུས། །
ར་ལངས་ཆ་ལངས་ཤོར་བའི་རྒྱ་རིགས་དང་། །
ལ་ལུང་གངས་ཁྲོད་མ་འགྲིམས་ཧན་མི་རིགས། །
ཤ་ཟ་ཁྲག་འཐུང་སྲིན་པོ་མིར་བརྫུས་ནས། །
ས་འཕྲོག་སྲོག་འཁྲོག་བརྙས་བཅོས་ཚད་མེད་བཏང་། །
ཧ་ཅང་གདུག་རྩུབ་ཆེ་བའི་མ་འོ་ནས། །
ཧ་ཅང་གཡོ་སྒྱུ་ཆེ་བའི་ཧུ་ཅིན་ཐའོ། །
ཨ་མའི་བུ་ཕོ་ཞི་ཅིན་ཕིན་ལ་སོགས། །
ཨ་རོགས་ད་ནས་བོད་སྲིད་བཅོས་ན་ལེགས། །
པ་ལོ་བྲེགས་པའི་གྲྭ་བཙུན་གཙོ་བྱས་ཏེ། །
ཕ་རོལ་དགྲ་བོའི་གདོང་ལ་ཤུགས་ཀྱིས་ལངས། །
བ་ཕྱུག་ལྟ་བུའི་དཔོན་ངན་སྒེར་གཅོད་པས། །
མ་བསམ་སྦྱོར་ངན་ཡོངས་རྫོགས་བེད་སྤྱད་བཏང་། །
ཙི་ནིས་བཙན་འཛིན་བྱས་པའི་གནོད་ཤུགས་ལ། །
ཚ་གདུང་མེ་ལ་བསྲེགས་ཏེ་ཞི་རྒོལ་སློག །
ཛ་དྲག་ད་ལྟའི་བོད་ཀྱི་གནས་སྟངས་འདི། །
ཝེ་ཡེ་མཉམ་འབྲེལ་རྒྱལ་ཚོགས་ཁྱེད་ཀྱིས་ལྟོས། །
ཞྭ་ཟོར་རྩེ་མོ་ཅན་ཚོས་ལྷག་པར་དཔྱོད། །
ཟ་འཐུང་དཀའ་ངལ་རྩོད་པ་ཙམ་མིན་པར། །
འུ་ཅག་གདོང་དམར་དག་ལ་གཅར་བས་ན། །
ཡ་གླིང་ལྷོ་གླིང་ཡོངས་ལ་བརྡ་ཞིག་བཏང་། །
རྭ་བ་གངས་ཀྱིས་བསྐོར་བའི་སྤུན་གྲོགས་ལ། །
ལ་རྒྱའི་ཕྱོགས་ནས་ལམ་སྟོན་གསལ་བོར་བྱས། །
ཤ་ཁྲག་རུས་རྒྱུད་གཅིག་པའི་བོད་རིགས་ཚོས། །
ས་ཆེན་མཐོ་སྒང་རི་ཆུ་བདག་སྐྱོང་གནོངས། །
ཧ་ལམ་འདི་དག་འུ་ཚོའི་འགན་འཁྲི་ཉིད། །
ཨ་རིག་གླེན་པས་སེམས་ལ་དེ་འདྲ་དྲན། །
དྲ་གྲོགས་ལེགས་བཤད་ཀྱི་ཀ་རྩོམ་དེའི་མཇུག་ཏུ་མཐུད་ནས་ཁ་ཐུག་བྲིས་པས་མི་འགྲིག་པ་མང་སྲིད་པས་དགོངས་སེལ་ཞུ།
ཝ་མོ་ལས་ཀྱང་གཡོ་རྒྱུ་འཁྲབ་འཁྲབ་ནས། །
ཛ་དྲག་ལྡན་པའི་མེ་བསྲེགས་ལས་འགུལ་དག །
ཚ་ཚ་འུར་འུར་ངང་ནས་སྤེལ་བ་འདི། །
ཙབ་ཀྲོལ་ཕུང་རྒན་ཞ་ར་མིན་ལྟོས། །
མ་མོ་མཁའ་འགྲོ་སྡེ་བརྒྱད་ལ་སོགས་པ། །
བ་གླང་སྤྱོད་ཚུལ་འཛིན་ནས་མ་བཞུགས་པ། །
ཕ་རོལ་འཇོམས་པའི་ནུས་མཐུ་ཡོད་ན་རན། །
པ་ཕ་ཨ་མའི་བདེ་སྡུག་མ་མཐོང་སམ། །
ན་སོ་རྒན་གཞོན་སྐྱ་སེར་དབྱེར་མེད་ཚོགས། །
ད་ལྟའི་ཛ་དྲག་ལས་འགུལ་སྤེལ་སྟངས་འདིར། །
ཐ་ཆད་དགྲ་བོའི་བརྙས་སྨོད་མ་བཟོད་པར། །
ཏ་ཐྰ་ག་ཏའི་རྗེས་འཇུག་ཆེད་དུ་སྤེལ། །
ཧ་ཅང་གཞན་རེ་བ་མང་མང་ནས། །
ཧ་ལམ་ལྟས་ངན་ཐམས་ཅད་དེ་ལས་བྱུང་། །
ཧ་ལས་ཧོན་འཐོར་དགོས་པས་མེ་བསྲེགས་འདིར། །
ཧ་ལམ་འཇིག་རྟེན་འདི་ན་དཀོན་པ་སྣང་། །
ཨ་རེ་ཨ་རིག་གླེན་པའི་རེ་བ་འདི། །
ཨ་མ་བུ་རྒོད་ཞིག་གིས་སྙིང་གཏམ་ངེས། །
ཨ་ཕོ་ང་ཡི་སེམས་སུ་མི་འཐད་ཡང་། །
ཨ་རིག་དགའ་ཕྱིར་ལེགས་སོ་བསྔགས་བརྗོད་ཡོད། །
འཇམ་གཅེས་མིང་འདི་ཧ་ཅང་འཇམ་ན་ཡང་། །
འཇམ་གཅེས་མི་འདིའི་གཤིས་ཀ་ཤིན་ཏུ་རྩུབ། །
དྲ་འབུའི་འཐབ་འཛང་རེ་ན་འདུར་ནས་ཡོད། །
ཁབ་གཙག་འབིག་གཙག་རིགས་ལ་རྒྱུན་ཆད་མེད། །
ཀ་ཡེ་གདན་སའི་བླ་རྒན་ཚོ།
ཁ་དོག་རྩོད་ནས་མ་མ་བཞུག་རོག།
ག་ངའི་འཇུགས་ཚུལ་མི་ཤེས་རུང་།
ང་ཚོའི་མི་རིགས་སྤེལ་མཁན་ཤོག།
རྩོམ་སྙན་པོ་འདུག དོན་འགའ་ལ་མུར་རྒྱུ་ཆེན་པོ་འདུག
ཨ་རིག་ཚང་གི་ཀ་ཕྲེང་ཨ་མྲྀ་ཏ།།
ཧ་རེ་ཧུ་རེ་མིན་ནོ་ཚང་མས་ཤེས།།
ཨ་མ་རྒན་མོའི་བསླབ་བྱ་འཇམ་པོ་དེ།།
ཧ་ལོའི་མེ་ཏོག་བཞིན་དུ་འཛུམ་ཤིག་ཤིག།།
ཀ་ཁ་ག་ངའི་སྙིང་སྟོབས་དྲོད་བསྐྱེད་ནས།།
ཁ་བ་ཅན་པའི་ཚེ་སྲོག་རྨང་ནས་གསོས།།
ག་ས་ག་རུ་གནས་པའི་དཔའ་རྒོད་ཚོས།།
ང་ཚོའི་གངས་ཅན་མགོ་འཕང་ཡར་ལ་བཏེགས།།
མ་བོས་དཔྱིད་ཀྱི་དཔལ་མོའི་ཁུ་བྱུག་སྒྲ།།
བ་མོའི་འདུ་ཤེས་ངན་པས་རྨང་ནས་གཏོར།།
ཕ་རོལ་དགྲ་ལ་ཞི་བདེའི་སྐབས་མེད་ཀྱང་།
པ་ཕ་འདྲ་བའི་སྙིང་གཏམ་མ་བརྗེད་ཨང་།།
རང་གི་རིགས་ལ་ཞེན་པའི་དཔའ་རྒོད་ཚོས།།
རང་གི་རིགས་ལ་དུངས་བ་ཟབ་ན་ཡང་།།
རང་གི་ལུས་སྲོག་མེ་རུ་བསྒྲོན་དང་ལྷན།།
རང་གི་རེ་འབོད་གུང་ཕྲན་གཞུང་ལ་ཞུས།།
ལེགས་བཤད་མཆོག་གིས་ལེགསཔར་བཤད་པ་དང་། །
དགེ་མཐོང་བདག་གིས་དགེ་བའི་ཕྱོགས་ཙམ་གླེང་། །
དྲ་གྲོགས་ཀུན་གྱིས་དྲང་མོའི་མཆན་བུ་བཏབ། །
འདི་འདྲ་གནང་ན་དྲ་རྒྱ་ཇེ་ལེགས་རེད། „
ལེགས་བཤད་ཁ་ནས་ལེགས་པར་བཤད་འདུག་ཀྱང་། །
ལེགས་བཤད་ཁ་ཡིས་རྒྱན་ཙམ་ཡིན་གྱུར་ན། །
ལེགས་བཤད་ཁ་དེར་ཚ་པོ་གང་བཅུག་ནས། །
ལེགས་བཤད་ཁ་དོན་གནས་ཕྱིར་ལེགས་པར་བཙོན། །
དོན་ལྡན་ལེགས་བཤད་ཡིན་ན་བཟོད་པ་གསོལ། །
དོན་ཆེན་དམིགས་ཡུལ་ཡོད་ན་འགྲུབ་པར་སྨོན། །
དོན་གྱི་ལྷག་བསམ་ཡིན་ན་དགོངས་སེལ་ཞུ། །
དོན་མེད་ཡིན་ཚེ་ཡང་བསྐྱར་ཚ་པོ་མཆོད། །
ཨ་རིག་དགེ་མཐོང་མཁས་པའི་ཞལ་གསུང་དེས་།
ཨ་ཅག་ཁ་པའི་ལོ་ཟླ་གླེང་ནས་འདུག་།
ཡ་ཡ་ད་མི་འབྲི་འབྲི་ན་མི་རྫོགས་གི་་་་་་་་་་་གྲོགས་པོ་གང་ཞིག་གི་འཕྲོ་མཐུད་པར་ཞུ་།
མཆན་བུ་བརྒྱུད་ནས་ཀ་རྩོམ་རེ་བློ་བུར་དུ་འབྲི་བ་འདི་རྩོམ་རིག་ཡར་རྒྱས་ཐད་ལ་ཤིན་ཏུ་ཕན་ཆེ། བྱུང་ན་ཀ་ཁའི་གོ་རིམ་ཙམ་ལ་གཙོ་བོར་མི་འཛིན་པར་དེ་དང་ལྷན་དུ་ཚིག་སྦྱོར་དག་ཀྱང་གང་ལེགས་ལེགས་རེ་འབྲི་ཐུབ་ན་དགེ་མཚན་དེ་བས་ཆེ་བར་མཐོང་།
ཞོར་དུ་ཨ་རིག་གི་རྩོམ་ཡིག་དེ་བརྗོད་བྱ་དང་རྗོད་བྱེད་ཐད་ལ་ལེགས་ཀྱང་ཡིག་ནོར་རེ་ཟུང་མཆིས་པ་དག་མཐོང་བས་དྲན་སྐུལ་ཙམ་ཞུས་པ་ཡིན།
ཐུགས་རྗེ་ཆེ།
ཡིག་ནོར་ལ་དམིགས་བསལ་མི་གཏོང་རྒྱུ་རེ་བ་ཆེ། བཅོས་དང་ཆོས་ཤིག སེམས་ཀྱི་གྲོགས་ཡིན།
ནོར་བཅོས།
ནོར་བ། བཅོས་པ།
སྲས་གཙང་། ཟས་གཙང་།
ཧྲིལ་བོ། ཧྲིལ་པོ།
བདྨོ། པདྨོ།
ཡོད་ཚོད། ཡོད་ཚད།
ནང་འཛང་། ནང་འཛིང་།
ཅོ་ཐོ། ཐོ་ཅོ། མིན་ནམ་སྙམ།
ཆོ་ཁ། ཆོལ་ཁ།
འདིར་རུ། འདི་རུ།
མང་བོ། མང་པོ།
ནང་དུ་བཅུགས། བཅུག ཕལ་ཆེར་སྔོན་འཇུག་ནུས་པས་འདས་པ་གྲུབ།།
རྟོགས་སད། རྟོག་སད། མིན་ནམ་སྙམ་དཔྱོད།
གྱུར་བ། གྱུར་པ།
ཁ་སྐད་དང་ཡིག་སྐད་གཉིས་ཅུང་མི་འདྲ་བས་ཡིག་འབྲི་སྐབས་ངེས་པར་བརྡ་དག་གི་འགྲོས་དང་བསྟུན་དགོས་སྙམ།
མདོར་ན། འདིར་རུ། ཆོལ་ཁ། ནང་འཛིང་། བཅུགས། འདིའི་ནང་དུ་གཏགས་ནོར་ཤོར་བ་དང་མ་ཤེས་པར་ནོར་བ་སོགས་འདུག གཞན་བདག་ལ་ཁུངས་གཏུགས་ས་མཆིས་པས་གནས་སྐབས་ཁས་ལེན་ཐབས་བྲལ། ནོར་འཕྱུག་ཐེར་འདོན་གནང་བ་བཀའ་དྲིན་ཆེ་ཞུ་ཞུ།
ཨ་ཁ་ཨ་རིག་དགེ་མཐོང་མ་འགྲིག་ཐལ། །
ཨ་ལགས་ཁྱེད་ལ་རེ་བ་ཅུང་ཞིག་ཡོད། །
ཨ་ཙི་འདི་འདྲ་བཤད་ན་ག་ལ་འགྲིག །
ཨ་ཁ་ཨ་རིག་སྡིག་མཐོང་མ་ཡིན་ནམ། །
འདི་འདྲའི་གཏམ་ངན་ལན་རེ་ཐོས་པའི་ཚེ། །
ཏྰ་ལའི་བླ་མའི་སྐུ་སྲོག་གཅོད་ལྟར་ཞེས། །
ཞལ་གསུང་འཁྲུལ་མེད་རྡོ་རྗེ་ལུང་གིས་བསྟན། །
ཆོས་ལུགས་མ་ཤེས་བྱིས་པ་སྣ་ལུད་ཁྱོད། །
བོན་ལུགས་སྡིག་དང་འབྲེལ་བའི་བྱ་བ་འདི། །
རྒྱལ་བསྟན་དྲི་མེད་ཡིན་སྣང་འདོད་པ་འདི། །
དོལ་འདྲེའི་དམ་རལ་གཡའ་དྲིས་གོས་པར་སྣང་། །
དགེ་བཤེས་ས་ཚུགས་མ་ཤོར་དགེ་མཐོང་ངོ་། །
དགེ་བཤེས་སྡིག་བཤེས་ཁྱེད་པར་ཤིན་ཏུ་ཆེ། །
འདུལ་ལུང་སྡེ་སྣོད་མདོ་སྔགས་ཕྲིན་ལས་ཀུན། །
མི་ངན་རང་སྲོག་གཅོད་པའི་ཕྱོགས་མཚུངས་ཙམ། །
མེད་པར་མདོ་རྒྱུད་བཀའ་བསྟན་མ་དགོངས་སམ།
རྩོམ་ཡིག་གང་ཞིག་ལ་མཆན་འདོགས་རྒྱུ་ནི་རྩོམ་ཡིག་དེ་ཀློག་ཡོད་མེད་དང་བཟང་ངན་སོགས་བཤད་རྒྱུ་མིན་པར་རྩོམ་ཡིག་དེ་ལས་འཕྲོས་པའི་ཚོར་བ་དང་བསམ་ཚུལ་སོགས་བཤད་རྒྱུ་དེ་ཡིན། དེ་ལྟར་བྱས་ན་མཆན་དེ་དག་ལས་རྩོམ་ཡིག་དེའི་རིན་ཐང་ཞིག་འཚོལ་རྒྱུ་དེ་ཡིན་ལ་དེ་ལྟར་བྱས་ན་རིན་ཐང་གང་ཞིག་ནས་རྩོམཡིག་དེའི་རིན་ཐང་ཞིག་མངོན་ཡོང་བ་ཡིན་པ་ལས། དོན་མེད་ཀྱི་ཚིག་ཉོག་དང་མི་སྒེར་གྱི་བཟང་ངན་སོགས་གླེང་བ་ནི་མ་ཡིན་ནོ། དོན་དག་འདི་ནི་དྲ་ཞུགས་པ་ཚང་མས་ཤེས་དགོས་ལ་ཡིད་ལའང་འཛིན་དགོས་པ་ཞིག་གོ།
ཨ་རིག་ལགས་ཀྱིས་བརྡ་ཞིག་བཏང་བས་
ཨ་ཕའི་བུ་དག་འདི་རུ་འཛོམས།།
ཨ་དགེའི་རྩོམ་ལ་དྲི་མ་མ་བསྣོམས་
ཨ་ཡོང་མ་ཡོང་ཀ་རྩོམ་སྤེལ།།
ཨ་རིག་རིགས་ཞེན་དམར་པོའི་ཀློང་ནས་
ཨ་མའི་བུ་ལ་དྲན་གསོ་ཕུལ།།
ཨ་ཅང་བྲེལ་བའི་མཆན་པ་དག་གིས་
ཨ་ནས་ལུགས་ལྡོག་ཀ་རྩོམ་བྲིས།། ཀུ་རེ།
ཨ་མ་མ་གཡར་ཤི་ན་དགའ་བཞིན་
ཨ་མ་བརྡུང་བའི་རྒྱ་ཕྲུག་དག།
ཨ་གསར་རྟ་ལས་མགྱོགས་པ་དེ་ཡིས་
ཨ་ཅང་རྔམས་སེམས་ཀུན་སློང་དང་།།
ཨ་འཐས་སེམས་ཀྱིས་སློབ་གསོ་སྤེལ་ཡང་
ཨ་ཕའི་གཅེས་ཕྲུག་ཇི་ལྟར་མགུ།།
ཨ་མདོ་ཁམས་པ་དབུས་གཙང་ཀུན་ཀྱང་
ཨ་ན་མ་ན་གདོང་དམར་བོད།། གནད་དོན།
ཨ་དོན་དབྱིངས་གནས་མཆོག་གསུམ་རྒྱ་མཚོ་
ཨ་མའི་བུ་ལྟར་བརྩེར་དགོངས་ན།།
ཨ་དོན་མི་དམིགས་རང་བཞིན་སྟོང་ཡང་
ཨ་དོན་ངང་ལས་དཔའ་བོའི་ཁྱུར།།
ཨ་ལ་ལ་ཞེས་བརྩེ་བས་གཟིགས་ནས་
ཨ་དོན་དབྱིངས་སུ་དྲོངས་མཛོད་ལ།།
ཨ་དགེས་སྨོན་པའི་སྤྱི་སྨན་རེ་འདུན་
ཨ་དགེའི་བཞེད་བཞིན་ལྷུན་འགྲུབ་ཤོག། སྨོན་ཚིག