སྐར་ཆེན། ཡོ་རོབ།
ང་ལ་དྲི་བ་ཞིག་ཡོད། དྲི་བ་འདི་གལ་ཆེན་པོ་དང་གནད་ཆེན་པོ་ཞིག་ཡིན་མིན་མི་ཤེས། དྲི་བ་འདི་དང་འབྲེལ་བའི་སྐོར་ནས་ཁ་བརྡའི་ཐོག་ཏུ་གླེང་སློང་མང་ཙམ་བྱུང་སོང༌། དྲ་གྲོགས་ཚོས་གནས་ལུགས་དང་རྒྱུ་མཚན་མ་ཤོད་པ་ཡིན་ནམ། ཚིག་རྩུབ་དང་དམོད་ཚིག་བོར་བ་ཡིན་ནམ། ཡང་ན། དམའ་འབེབས་དང་མཐོང་ཆུང་བྱས་བ་ཡིན་ནམ། གང་ལྟར། གནད་དོན་འདི་ལ་མཆན་བུ་བརྒྱར་ལོངས་པའི་སྐབས་སུ། ཁ་བརྡའི་གཙོ་སྐྱོང་བས་དགོངས་དག་ཞིག་དང་མཉམ་དུ་ཁ་བརྡའི་རེ་སྐུལ་གཉིས་བ་དེ་དྲ་ཐོག་ཏུ་བཏབ་སོང༌། ངེད་ལ་མཚོན་ན་སྔ་མོ་ནས་གནད་དོན་འདིའི་སྐོར་ལ་གླེང་སློང་བྱེད་འདོད་ཡོད། ངེད་ཀྱི་དྲི་བ་ནི། བོད་ཀྱི་གཞོན་ནུའི་ཚོགས་ཟུར། བོད་མི་མང་སྤྱི་འཐུས་ཟུར་བ། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟུར་བ། གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་སྐོར་ལ་ཡིན།
གཡང་སྐྱབས་རྒྱལ་གྱིས་གསུངས་ན། ང་ཚོས་རྒྱ་རི་རིན་པོ་ཆེའི་ཕྱག་ལས་གནང་ཕྱོགས་ཐད་གླེང་སློང་བྱེད་འོས་པ་ཞིག་རེད། དགག་བཞག་སྤོང་གསུམ་བྱེད་འོས་པ་ཞིག་རེད་ཟེར། འོན་ཀྱང༌། སུས་ཀྱང་དགག་བཞག་སྤོང་གསུམ་བྱས་མི་འདུག གཡང་སྐྱབས་རྒྱལ་གྱིས་ཀྱང༌། གནད་དོན་འདིའི་སྐོར་ལ་རྩོམ་ཡིག་སྔ་མ་འགར་གླེང་སློང་རེ་བྱས་འདུག་མ་གཏོགས་རྒྱུ་མཚན་གསལ་སྟོན་བྱས་མི་འདུག དོན་དངོས་སུ། ང་ཚོས་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་ཕྱོགས་ལ་གླེང་སློང་བྱེད་མ་སྤོབས་པ་རེད་དམ་བྱེད་རྒྱུ་མེད་སོང་བ་རེད། ཡང་ན། བློ་ཁོག་གིས་མ་འདང་བ་རེད། ཡང་ན་གནས་ལུགས་རྗེན་པ་དང་རྒྱུ་མཚན་གསལ་བོ་ཞིག་མ་རྙེད་པ་རེད། དེ་མིན་ན་ཞིབ་འཇུག་དང་དཔྱད་ཞིབ་མེད་པར་གཞན་གྱི་ཟེར་རྗེས་འབྲངས་ཀྱི་ཡོད་པ་རེད་དམ།
ཡང་ངེད་ཀྱི་གྲོགས་པོས་གླེང་ན། རྒྱ་རི་བློ་གྲོས་རྒྱལ་མཚན་འདི་མི་འཇོན་པོ་དང་རྒོད་པོ་རེད་ཟེར། ཨ་རིའི་བོད་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང༌། ཨ་རིའི་བོད་སྐད་རླུང་འཕྲིན་ལས་ཁང༌། ཨེ་ཤ་ཡ་བོད་ཀྱི་རང་དབང་རླུང་འཕྲིན་ཁང་བཅས་ཀྱི་གཞི་རྐང་འཛུགས་མཁན་རྒྱ་རི་བློ་གྲོས་རྒྱལ་མཚན་རེད་ཟེར། ད་དུང་དེས་ག་ལ་ཚད། ན་ནིང་ཨ་རིའི་གྲོས་ཚོགས་ནས་གོང་ས་མཆོག་ལ་གསེར་གྱི་རྟགས་ཀྱི་ཕུལ་བ་དེ་ལ་ཡང་རྒྱ་རིའི་ནུས་ཤུགས་བསྐྱོན་ཡོད་རེད་ཟེར། ངེད་ཀྱི་གྲོགས་པོའི་གཏམ་འདི་ཡང་རྒྱུ་མཚན་ཁྱོན་ནས་མེད་པ་ཞིག་ག་ལ་ཡིན། ད་ནི་ངེད་ཀྱི་བསམ་ཚུལ་ལྟར་ན། ང་ཚོས་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་བུ་ཕྲུག་དང་ཁྱིམ་ཚང༌། གཉན་ཉེ་བཅས་ཀྱི་སྐོར་ནས་མ་གླེང་བར། ཁོང་གིས་བོད་དོན་ཐད་ཕྱག་ལས་གནང་ཚར་བའི་ངོས་དང་གནང་བཞིན་པའི་ངོས། གནང་རྒྱུའི་ངོས་གསུམ་ལ་ཞིབ་འཇུག་བྱས་ནས། ཚིག་རྩུབ་མ་སྤྱད་པར། དམོད་ཚིག་མ་བོར་བར། ཚིག་ངན་མི་འདེབས་པར་གནས་ལུགས་ཤིག་འཁྱེར་ནས་ཤོག རྒྱུ་མཚན་རྙེད་པ་བྱས་ནས་ཤོག བགྲོ་གླེང་ལྷུག་པོ་ཞིག་བྱོས། ངེད་ཀྱི་བསམ་ཚུལ་འདི་འདྲ་ཡིན། ཁྱེད་ལ་བསམ་ཚུལ་ཅི་ཡོད་དམ།
དྲི་བ་འདི་འཁྱེར་ཡོང་མཁན་ནི་དངོས་ནས་ཡག་པོ་འདུག ཡིན་ཡང་དྲི་བ་བཏོན་མཁན་གྱིས་ངེད་ཀྱི་གྲོགས་པོས་ཟེར་ན་ཞེས་གྲོགས་པོས་ཁ་ནས་ཐོས་པའི་གཏམ་གྱི་ལུང་དྲངས་དེ་འོང་དུས། སྔ་མའི་བཤད་ཚུལ་དང་འདྲ་བར་གཞན་རྗེས་སུ་བྱིན་འདུག་ན། དེ་ལས་རྒྱ་རི་མཆོག་གི་ལོ་རྒྱུས་དངོས་ཤེས་མཁན་དང་ཕྱོགས་རུས་མེད་མཁན་རེ་བཙལ་ནས་དྲི་བ་ཞིག་བཏང་ན་སྟབས་བདེ་ཞིག་རེད་འདུག དེ་མིན་མྱི་ཁ་རླུང་གིས་འཁུར་ན་ཆེ་ཇེ་ཟེར་བ་ལས་མེད།
Read this article: http://www.khabdha.org/?p=627
སྐར་ཆེན་ཁྱོད་ཀྱིས་ཅི་ཟེར། རྒྱ་རི་བློ་གྲོས་དང་རྒྱ་རི་བློ་གྲོས་འདྲ་བ་ཧ་ཅང་མང་པོ་ཞིག་གི་སྐོར་གླེང་དགོས་པ་འདུག འོན་ཀྱང་ཐབས་སྡུག་པ་ཞིག་ལ་འདི་ཚོ་རྒྱབ་རི་བྲག་དང་རྩེ་མོ་མདུང་འདྲ་བ་ཤ་སྟག་ཡིན་སྟབས་ལྷ་ྐླུ་གཉན་གསུམ་ལ་ཕོག་ཐུག་འགྲོ་ཆོག་ཆོག་རེད་འདུག རང་ཁ་གསེར་གྱི་སྒོ་མོ་དེ་རང་སྲོག་གཅོད་པའི་སྟ་རེར་མི་འགྱུར་བའི་ངེས་པ་ཡང་མ་མཆིས།
བཟའ་འཛིངས།
——སྲོད་ལྗོངས་ཀྱི་ཟང་ཟིང༌།
“ངོ་ཚ་རྒྱུ་མེད་མཁན། གཞང་འཚོང་མ།”
འབོད་སྒྲ་དེས་ཟླ་འོད་མག་མོག་གིས་འཁྱུད་པའི་མཚན་ལྗོངས་དེའི་ཁོར་ཡུག་གི་ལྷིང་འཇགས་ཡོངས་སུ་དཀྲོགས། ཚེ་རིང་ནི་རྒྱུན་དུ་པྲ་ཚགས་ལ་གོམས་ལོབས་ཤོར་བའི་མི་ཞིག་ཡིན་པས། ཁོས་སྒེའུ་ཁུང་ག་ལེར་ཕྱེས་ཏེ་ཁྱིམ་མཚེས་ཚང་གི་འཁྲབ་གཞུང་ལ་ལྐོག་བལྟས་བྱས། ཁྱིམ་མཚེས་ཚང་གི་ཁྱིམ་བདག་ཡ་མེད་རྡོ་རྗེས་ལག་པ་ཡ་གཅིག་ལ་གསེར་ཉ་རྟགས་ཅན་གྱི་ཨ་རག་དམ་བུ་ཞིག་དང་ཡ་གཅིག་ཏུ་ཧཕ་རན་སི་ནས་ཐོན་པའི་འགྱིག་གི་ཕོ་མཚན་ཞིག་འཇུས་འདུག ཁྱིམ་བདག་དེས་ཨ་རག་ཧུབ་གང་འཐུང་ནས་རང་གི་བཟའ་ཟླ་འདོད་ལྷའི་བུ་མོ་ལ་སྡང་མིག་གི་གློག་ཞགས་ཤིག་འཕེན་ཞོར་མུ་འཐུད་ནས་བཤད་དོན།
“མོ་རེ། གཞང་འཚོང་མ། ཕོ་མཐོང་ཚད་ཁྱོ་གར་བྱས་ནས་ད་དུང་མ་ཚིམ་པར་འགྱིག་གི་ཕོ་མཚན་འདི་གང་ནས་ཉོས་པ་ཡིན། ང་ཤི་ཚར་བ་ཨེ་རེད།”
ཅེས་བཤད་པས། ཁྱིམ་བདག་དེའི་འཁྲིས་སུ་ནུ་ཁེབས་དང་ཤ་མི་སྒྲིབ་པའི་སྨད་གཡོག་དཀར་པོ་ཞིག་གོན་ནས་སྡོད་པའི་ཨ་ལྕག་དེའི་ལག་པས་རང་གི་གདོང་ངོས་སུ་སིལ་བའི་སྐྲ་ལོ་རྣམས་རྒྱབ་ཏུ་གཡུགས་ཞོར།
“ངོ་ཚ་རྒྱུ་ཟེར་བ་དེ་ཁྱོད་ལ་མི་འདུག ཁྱོད་རང་གཟའ་འཁོར་རེ་རེའི་ནང་གཞང་ཁང་ནང་ག་ཚད་འགྲོ་ཀིན་ཡོད་་་་༌།”
དྲི་བ་འདིའི་མཇུག་སྣེ་མ་རྫོགས་གོང༌། ཡ་མེད་རྡོ་རྗེས་རང་གི་ལག་ཏུ་ཡོད་པའི་ཨ་རག་དམ་བུ་དེ་ཐད་ཀར་རང་གི་བཟའ་ཟླ་བུད་མེད་དེའི་ཐོག་འཕེན་བྱུང༌།
དེ་ནི་ཧ་ལམ་རྒྱུན་ལྡན་ལྟ་བུ་ཡིན་པས་བུད་མེད་དེས་རྒྱུས་ཡོད་ཀྱིས་ལུས་པོ་ཅུང་ཟད་གཟུར་བས། ཤེལ་དམ་དེ་ཕ་གི་བེད་སྤྱོད་གཏོང་བཞིན་པའི་གློག་ཐབ་དེའི་སྟེང་དུ་ཕོག སྐད་ཅིག་དེ་ཉིད་ལ་ཁང་པ་འདིའི་སྒེའུ་ཁུང་ནས་མེ་ལྕེ་ལྷབ་ལྷུབ་ཏུ་འཕྱུར་འོང༌། ཅུང་མ་འགོར་བར་ཕན་ཚུན་སྦྲེལ་ཡོད་པའི་གཡས་གཡོན་གྱི་ཁང་ལན་དེ་དག་གི་ནང་ནས་ཀྱང་ངུ་སྒྲ་དང་དགོད་སྒྲ་གང་ཡིན་མི་ཤེས་པའི་འབོད་སྒྲས་གྲོང་སྡེ་འདི་ཟང་ཟིང་དུ་གྱུར།
སྟབས་ལེགས་པ་ཞིག་ལ་མེ་སྲེག་རླངས་འཁོར་ཞིག་རྒྱ་མཚོའི་རླབས་ལྟར་དུས་ཐོག་ཏུ་འབྱོར་ནས་དོན་རྐྱེན་འདིའི་མཇུག་འབྲས་དེ་ཙམ་སྡུག་པོ་མ་བྱུང༌།
ཚེ་རིང་ནི་པྲ་ཚགས་ལ་ཤིན་ཏུ་གོམས་ལོབས་ཤོར་བའི་དུས་རབས་ཀྱི་རྩོམ་པ་པོ་ཞིག་ཡིན་པས་ཁོས་དང་ཐོག་སྒེའུ་ཁུང་ཐག་སེར་བརྒྱབ་སྟེ་ཤིང་གི་ཉལ་ཁྲི་རྫོབ་ཏོ་དེའི་སྒང་ལ་སྡོད་ནས་ཅོག་ཙེ་སྟེང་གི་ཉིན་ཐོ་འབྲི་དེབ་བླངས་ཏེ། ཁྱིམ་འཚེས་ཚང་གི་ཁྲབ་གཞུང་དེ་ཉིད་ཉིན་དེབ་ཐོག་ཏུ་བཀོད།
རྗེས་སུ་ཉེན་རྟོག་པས་མེ་སྐྱོན་འདིའི་བྱུང་རིམ་བརྩད་བཅད་བཏང་ཡང་ཞིབ་འཇུག་འཐིལ་ཕྱིན་པ་ཞིག་བྱེད་མ་ཐུབ་མོད། དྲང་པོར་བཤད་ན་གནས་ཚུལ་འདིའི་བྱུང་རིམ་ཡོངས་རྫོགས་ཚེ་རིང་གི་ཉིན་ཐོ་ཀློག་ན་ཤེས་ཐུབ་ངེས་ཡིན།
༡༩༩༧/༩/༢༠/ལ་བྲིས། <>འདོན་ཐེངས་བཅུ་གསུམ་པའི་ཐོག་བཀོད།
གྲོགས་པོ་དྲ་རྒྱ་རྩོམ་སྒྲིག་པ་ལགས། ངས་དྲ་བ་འདིའི་ནང་སྒྲུང་རྩོམ་ཁ་ཤས་ཤིག་བཞག་འདོད་བྱུང༌། ཡིན་ནའང་བཞག་སྟངས་ཤེས་མ་བྱུང༌། ཁྱོད་ཀྱིས་འདི་ནས་ཕར་ལེན་ནས་སྒྲུང་རྩོམ་གྱི་དྲ་མཛོད་ནང་འཇུག་རོགས། རྗེས་ནས་ང་ལ་དྲ་མཛོད་སོ་སོར་འཇུག་སྟངས་གསལ་བཤད་ཅིག་གནང་རོགས། དུས་ཚོད་བར་སྟོང་ལུས་སྐབས་རྩོམ་ཡིག་འདྲ་རེ་གཉིས་འདིའི་ནང་བཞག་བསམ་བྱུང༌།
འགྲིག་ཐག་ཆོད་ཡིན།
ཨ་མ་སྐྱིད་འཛོམས་ཀྱིས་རང་གི་བུ་མོ་ཆོས་སྒྲོན་ལ་མག་པ་གསར་པ་ལེན་ནས་ཟླ་ཤས་རིང་ཁྱིམ་ཚང་འདི་དགོད་སྒྲས་ཁེངས་པའི་འཇིག་རྟེན་གྱི་ཁོར་ཡུག་གསར་པ་ཞིག་ཏུ་གྱུར་མོད། དེ་ནས་ཟླ་ཤས་སོང་བའི་རྗེས་སུ་ཁྱིམ་ཚང་འདིའི་ནང་བྱ་ཚང་དུ་རྡོ་འཕངས་པ་ལྟར་རྒྱུན་དུ་ང་འགྲོ་ཁྱོད་སྡོད་གྱི་ཅ་ཅོ་དང་ངུ་སྒྲས་ཁེངས་པས། མཐའ་ན་ཁྱིམ་འདིའི་ལྟག་ཞབས་ནས་འགྲོ་མཁན་གྱི་ལམ་འགྲུལ་ཚུན་ཆད་ཀྱིས་མགོ་བོ་འཕྲེད་དུ་གཡུག་གཡུག་མི་བྱེད་མཁན་སུ་ཡང་མེད། ཨ་མ་སྐྱིད་འཛོམས་འུ་ཐུག་སྟེ་དྷ་སར་ཡོད་པའི་རང་གི་སྤུན་མཆེད་རྒན་པ་ཨ་ཕོ་ཐབས་མཁས་ཆེད་མངགས་གདན་འདྲེན་ཞུས་ནས།
“མག་པ་གསར་པ་འདི་ཚོང་དང་ཞིང་ལས་གང་ཡང་འཇོན་མཁན་ཞིག་མ་རེད། ད་དུང་རླུང་ཚ་བ་དང་ཉལ་རྒྱུར་དགའ་བ་སོགས་སྐྱེས་པ་ཕོའི་ཐ་མ་ཞིག་རེད། གཤིན་འདྲེ་འགོང་པོ་འདི་ཁྱིམ་འདི་ནས་ཕྱི་ལ་ཕུད་ཐབས་ཤིག་མ་གནང་ན་ཁྱིམ་ཚང་འདི་ཐབ་ཀ་ཁག་དགུ་ཆགས་ས་རེད། ད་དུང་མི་ཁྱི་འདྲ་བ་འདི་འདྲ་མ་ཡིན་བའི་མག་པ་གཞན་ཞིག་ལེན་རྒྱུའི་གཟིགས་སྐྱོང་གནང་རོགས།”
ཟེར་ནས་ངུས། ཨ་ཕོ་ཐབས་མཁས་ནི་དམ་པའི་ཆོས་ལ་མཁྱེན་རྒྱ་མེད་ཀྱང༌། འཇིག་རྟེན་འཁོར་བའི་གྲོང་ཆོས་ལ་འགྲན་ཟླ་བྲལ་བའི་ཉམས་མྱོང་ཅན་ཞིག་ཡིན་པས།
“ཨ་ལེ། དེ་འདྲ་ཡིན་པ་རེད། ཁ་རྩངས་སྔོན་མ་ཡིན་ན་ཡག་རབས་མང་པོ་ཞིག་བཤད་རྒྱུ་འདུག་ཀྱང༌། ད་བྱེད་དུས་མི་དེ་ཁྱི་ལས་སྡུག་པ་ཞིག་ཡིན་ས་རེད། མི་ཁྱི་དང་འདྲ་བ་ཞིག་ཁྱོད་ཚོའི་ཁྱིམ་དུ་བཞག་ན་ཕན་ཐོགས་ཅི་ཡོད། འོན་ཀྱང་ཐབས་མཁས་པ་བྱས་ནས་ཕུད་དགོས། ཟླ་བ་གཅིག་ལྷག་ཨུ་ཚུགས་བྱས་ནས་སྡོད་དང༌། དེ་ནས་ཁོ་ཁྱི་ཕུད་སྟངས་བྱས་ནས་སྒོ་ཕྱིར་ཕུད་ཆོག་”
ཅེས་ཚིག་ཐག་ཆད་པའི་སྒོ་ནས་བཤད་རྗེས་སྤྱང་གྲུང་འཛོམས་པའི་ཨ་ཕོ་ཐབས་མཁས་ཀྱིས་མག་པ་གསར་པ་ཟུར་དུ་སྐད་གཏོང་ནས་ “བུ་མག་པ་འགྲོ་ས་བུ་མོ་རེད།། ངོ་སྲུང་ས་བུ་མོའི་ཨ་མར་གྱིས།།”ཞེས་པའི་འཇིག་རྟེན་འཁོར་བའི་གྲོང་ཆོས་ཀྱི་གསང་བའི་མན་ངག་རྣམས་ཉམས་མྱོང་གི་ཐོག་ནས་དམར་འཁྲིད་རྗེན་པ་ཐེངས་གཅིག་གནང་སྟེ་དྷ་སར་ཕྱིར་ལོག སྐྱེས་སྟོབས་ཀྱི་ཉམས་མྱོང་མེད་ཀྱང༌། སྦྱངས་སྟོབས་གྱིས་ངེས་ཤེས་སྙེད་པའི་མག་པ་གསར་པ་དེས་ཨ་ཕོ་ཐབས་མཁས་ཀྱི་འཇིག་རྟེན་འཁོར་བའི་གསང་བ་ལྐོག་འགྱུར་གྱི་མན་ངག་ལ་བརྟེན་ནས་ཁྱིམ་ཚང་འདི་སླར་ཡང་ཞི་འཇམ་གྱི་འཇིག་རྟེན་གསར་པ་ཞིག་ཏུ་གྱུར། ཨ་མ་སྐྱིད་འཛོམས་ཀྱིས་མག་པ་ལ་འབོད་སྒྲའི་ཁ་གཡང་སྙན་མོའི་འགྱུར་ཁུག་རེ་རེར་ཡང་གྲོང་པ་ཁྱིམ་མཚེས་ཀུན་གྱིས་ཡིད་སྨོན་ཤོར་དགོས་པའི་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཤིག་དང་ཤིན་ཏུ་འདྲ།
ཟླ་ཤས་སོང་རྗེས་ཨ་ཕོ་ཐབས་མཁས་ལུ་དྷི་ཧ་ན་ནས་ཚོང་ལ་ཡོང་པ་དང་སྟབས་བསྟུན་ནས་ལྡི་ལི་མ་ཇུ་ཊིག་ལར་ཁྱིམ་ཚང་འདིའི་ནང་དུ་ཡོང་ནས་ཨ་མ་སྐྱིད་འཛོམས་ལ།
“འདྲེ་ནང་ལ་ཉར་ན་ན་ཚ་འོང༌།། གདོན་ཁྱིམ་དུ་བཞག་ན་གནོད་པ་འོང༌།། ཞེས་པའི་འཇིག་རྟེན་རྒན་པོའི་ཁ་དཔེ་དེ་བདེན་པ་རེད། ཁྱི་དང་འདྲ་བའི་མག་པ་ཟ་འདྲེ་དེ་ངས་སང་ཕུད་གནངས་ཕུད་ཡིན། ཁྱོད་ཚང་བློ་བདེ་བོ་གྱིས།”
ཞེས་བརྗོད་པས། ཨ་མ་སྐྱིད་འཛོམས་ཀྱིས་དོགས་མི་བདེ་བའི་རྣམ་འགྱུར་ཞིག་བསྟན་ནས།
“ད་རེས་ཡིན་ན་མག་པ་གསར་པ་འདི་ཕྱི་ལ་ཕུད་རྒྱུའི་སྐད་ཆ་རྩ་ནས་བཤད་མི་ཉན། འཇིག་རྟེན་གྱི་གཏམ་དཔེ་ལ། སྐྱེས་པ་ཕོ་ལ་གོམས་རྒྱུ་ཡོད། རིན་ཆེན་གསེར་ལ་རྡུང་རྒྱུ་ཡོད། ཟེར་བ་དེ་བདེན་པ་རེད་འདུག མག་པ་གསར་པ་འདི་ཚོང་དང་ཞིང་ལས་གང་ལའང་འཇོན་ཐག་ཆོད་ཡིན། ཡག་ཐག་ཆོད་ཡིན། འགྲིགས་ཐག་ཆོད་ཡིན། རྒྱལ་བ་རྒྱ་མཚོ་ཡིན།”
ཅེས་ནན་གྱིས་བཤད། ཨ་ཕོ་ཐབས་མཁས་ཀྱིས་
“འཇིག་རྟེན་འཁོར་བའི་སྐྱུར་རྩིའི་བྲོ་བ་ནི་སྐྱུགས་བྲོ་བ་ཞིག་རེད་ལ་དགོད་བྲོ་བ་ཞིག་ཀྱང་རེད།”
སྙམ་ནས་ཅུང་ཟད་སུན་པའི་རྣམ་འགྱུར་གིས་སྣ་ཐ་སེན་མོ་གང་བགྲང་བཞིན་ཁོང་འཛུམ་ཆུང་ཆུང་ཞིག་ཤོར་ཞོར། འགྲིགས་པའི་བརྡ་ལ་མགོ་བོ་གུག་ཙམ་བྱས་རྗེས། ག་ལེར་སེན་ཐོག་ཏུ་ཡོད་པའི་སྣ་ཐ་དེ་སིར་སྒྲ་དང་བཅས་འཐེན་ནས་
“འགྲིག་ག འགྲིག་ག་”
ཞེས་ཁ་གཡང་འགའ་ཞིག་བགྲངས་ནས་ཕྱིར་རྡ་ས་ལ་ཐོན།
<>ཀྱི་འདོན་ཐེངས་དང་པོའི་ཐོག་བཀོད།
ཉ་ཞོན་བྱིས་སྒྲུང༌།
ཐེངས་གཅིག་ངའི་རྨི་ལམ་ནང་ང་རང་གིས་ཉ་ཆེན་པོ་ཞིག་ལ་ཞོན་ནས་གཙང་པོར་རྐྱལ་རྒྱག་པ་དང༌། གང་འཚམ་ཕྱིན་རྗེས་ཉ་དེ་འཕུར་ནས་ང་རང་ནམ་མཁའ་ལ་ཁྱེར་འགྲོ་གི་འདུག དེ་ནས་བཟུང་ངས་ཨ་མ་ལ་
“ང་རང་གཙང་པོའི་ནང་ཉ་ཞོན་མཁན་འགྲོ་དགོས་”
ཞེས་ཐེངས་མང་པོར་ལབ་ཀྱང༌། ཨ་མས།
“ཉ་ཞོན་ཐུབ་ཀྱི་མ་རེད།”
ཅེས་གསུང་བྱུང༌། ང་རང་ཨ་མའི་སྐད་ཆ་ལ་ཡིད་ཆེས་མ་བྱས་པར་གྲོང་སྡེའི་ནང་གི་མི་གཞན་ཞིག་ལ་
“ངས་ཉ་ཞོན་ཐུབ་ཀྱི་རེད་དམ”
ཞེས་དྲིས་པ་ཡིན། མི་དེས་
“ཐུབ་དང་ཐུབ། ང་ཡང་ཁྱོད་རང་ནང་བཞིན་ཆུང་ཆུང་ཡིན་པའི་སྐབས་ཉ་ཞོན་ནས་ཐེངས་མང་པོ་འགྲོ་མྱངས”
ཞེས་གསུངས་བྱུང༌། མ་གཞི་ནས་ང་རང་ཉ་ཞོན་ནས་འགྲོ་འདོད་བྱེད་སའི་རྫ་ཆུ་གཙང་པོ་ནི་ཕལ་ཆེར་འབྲི་ཆུ་དང་འདྲ་བ་ཡོད། སླར་ཡང་ངས་ཨ་མ་ལ་ང་རང་གིས་ཉ་ཞོན་དགོས་པའི་རྙོག་གྲ་དེ་ཨུ་ཚུག་གིས་མཇུག་སྐྱེལ་ནས་ཨ་མ་ལགས་སུན་པོ་ཞེ་དྲགས་བཟོ་མྱངས།
ཆར་པ་ཤིན་ཏུ་ཆེ་བའི་དབྱར་གཞུང་གི་ཉིན་ཞིག་བསམ་ཡུལ་ལས་འདས་པ་ཞིག་ལ་ང་ཚོའི་ནང་གི་བེའུ་སྙིང་རྗེ་བོ་ཞིག་ཡོད་པ་དེ་གཙང་པོ་ནང་ཁྱེར་ནས་འགྲོ་གིན་འདུག པ་ལགས་ཀྱིས་ཆུ་གཞུང་དུ་ཐག་པ་གཡུགས་ནས་ཚུར་སྐྱོབ་ཐུབ་ཙམ་བྱུང་སོང༌། ང་རང་ཞེད་ཐག་ཆོད་ནས་ཨ་མ་ལ།
“ང་ཚོའི་བེའུ་ག་འདྲ་བྱས་ནས་གཙང་པོ་ནང་ལྷུང་པ་རེད་”
ཅེས་དྲིས་པ་ཡིན། ཨ་མ་ལགས་ཀྱིས་ངའི་མགོ་བོ་ལ་ལག་པས་བྱིལ་བྱིལ་ཞིག་གནང་ཞོར་
“བེའུ་འདི་སྡོད་ཚུགས་མེད་པར་གཙང་པོའི་ནང་ཉ་ཞོན་སར་འགྲོ་ཁུལ་བྱས་ཏེ། ཉ་ཞོན་མ་ཐུབ་པར་ཆུ་ལ་ལུྷང་པ་རེད། ཁྱོད་རང་ཡང་གཙང་པོའི་ཁར་ཉ་ཞོན་སར་འགྲོ་ན་ཏན་ཏན་ཆུ་ནང་ལྷུང་ནས་ཤི་གི་རེད།”
ཅེས་གསུངས་བྱུང༌། དེ་ནས་བཟུང་ང་རང་ཉ་ཞོན་རྒྱུ་ཕར་ཞོག གཙང་པོའི་འགྲམ་དུའང་འགྲོ་མི་ཕོད་པར་མ་ཟད། ནང་གི་བེའུ་ཡང་གཙང་འགྲམ་ལ་གཏོང་ཕོད་གི་མེད།
རྗེས་མ་ང་རང་ཆེན་པོར་ཆགས་དུས། ད་ལྟར་མིང་ཙམ་མ་གཏོགས་འཇིག་རྟེན་མི་ཡུལ་དུ་ལུས་མེད་པའི་ངའི་ཨ་མ་ལགས་དེ་རང་གི་བུ་ལ་བྱམས་བརྩེ་ཆེ་བ་ཙམ་དུ་མ་ཟད། བྱམས་སྐྱོང་གི་བསླབ་བྱ་གནང་སྟངས་ཐབས་ལ་མཁས་པ་འདི་འདྲ་གཞན་སུ་ཡོད་སྙམ་ནས། བྱུང་ཟིན་པའི་ལོ་རྒྱུས་དང་ཨ་མ་འདས་པོ་དེའི་ཞལ་རས་བཅས་ངའི་མིག་ལམ་ལ་ཤར་ནས་མིག་ཆུ་དབང་མེད་དུ་ཤོར་དགོས་པ་ཡོང་གི་འདུག
<>འདོན་ཐེངས་བཅུ་གཉིས་པའི་ཐོག་བཀོད།
གཏམ་ཁ་ནང་བཤད་པ་དེ་ག་རང༌།
སྔོན་ལྷོ་ཁའི་ཕྱོགས་ཀྱི་སྤོ་བོ་རྐུན་མ་རྒྱག་པ་ལ་བྱང་ཆུབ་པ་ཞིག་ཡོད་པ་དེས་ཉིན་གཅིག་གྲོང་སྡེ་ཞིག་ནས་ལུག་གཅིག་རྐུས་ཏེ་བཤས། ལུག་ལྤགས་དེ་ཁམས་པའི་ཚོང་པ་ཞིག་ལ་བཙོངས། ཚོང་པ་དེས་ལུག་བདག་སར་གནས་ཚང་གཡར་ནས་བསྡད། ལུག་བདག་གིས་ལུག་ལྤགས་ངོ་ཤེས་ཏེ་འདི་གང་ནས་ཉོས་པ་ཡིན་དྲིས་པས། སྤོ་བོ་ཞིག་ལས་ཉོས་པ་ཡིན་ཞེས་སྨྲས། ཁོང་གཉིས་ཀས་སྤོ་བོ་རྐུན་མ་དེ་བརྩད་ཆད་རྗེས་ཁུལ་དེའི་བོད་པའི་སྐུ་དྲག་གི་མདུན་སར་འཁྲིད་དེ་རྐུན་གྱོད་གླེང་བས། སྤོ་བོ་རྐུན་མ་དེ་ཅི་བྱེད་མེད་པར་གྱུར་ཏེ་རྐུན་འཇལ་དང་ཁྲིམས་གཅོད་ཐག་གཅོད་གནང་མཚམས་སླེབས་པ་ན། སྤོ་བོ་རྐུན་མ་དེས་རང་གི་རྣ་བ་གཡས་པའི་རྣ་གཡུ་དེ་ལྕེ་ཐོག་ཏུ་བཞག་ནས།
“ལགས། སྐུ་ངོ་ཐུགས་སུན་པོ་བཟོས་སོང༌། དགོངས་དག”
ཅེས་ལབ་བཞིན་ལྕེ་སྣེ་མར་ཙམ་བརྐྱངས། སྐུ་དྲག་གིས་རྐུན་མའི་ལྕེ་ཐོག་ལ་ཡོད་པའི་རྣ་གཡུ་དེ་ཁྲ་ལྷམ་མེར་མཐོང་སྟཻ།
“ཁྱོད་གཏམ་ཁ་ནང་བཤད་པ་དེ་ག་རང་ཡིན་ནམ་”
ཞེས་དྲིས། རྐུན་མས། “ལགས། ཡིན་འདི་ག་རང་ཡིན་”ཞུས། དེ་མ་ཐག་ཏུ་སྐུ་དྲག་གིས། “ཡ། ད་འོ་ན་ཁྱོད་ཁག་མི་འདུག ད་ནས་བཟུང་མི་འདི་ལ་བརྙས་བཅོས་རྩ་བ་ནས་བཟོ་མི་ཆོག ཉམ་ཆུང་ཐུབ་ཚོད་གཏོང་མཁན་དེ། རྫབ་ཅན་ནང་གི་རྫབ་ཅན་རེད། ཧ་གོ་བར་གྱིས། མི་དཀར་པོ་ལ་ཞྭ་ནག་པོ་སྐོན་པ་དེ། མ་འོས་མ་འཚམ་པ་རེད། རྐུ་འཇལ་ནག་པོ་དགུ་འཇལ་རེད། རྐུན་ལྷོང་བཙུགས་ན་བཅུ་འཇལ་རེད་དེ། དེ་རིང་ཁྱོད་གཉིས་དམིགས་བསལ་ཡིན། རྗེས་མར་གནས་ཚུལ་འདིའི་ཐོག་འབུ་སྦྲང་མའི་སྐད་ཙམ་ཞིག་རྒྱག་ཆོག་མི་ཡོང༌། ཀ་ཡེ་ཧ་གོ་བ་གྱིས།”ཅེས་ཟེར།
རང་ཉིད་སྒེར་གྱི་དཔལ་འབྱོར་ཕྲ་མོའི་སླད།།
ལས་འབྲས་ཆོས་དང་དྲང་པོའི་སྲིད་གཞུང་ལ།།
ཁྱད་བསད་རྐང་པའི་ཐལ་རྡུལ་དང་བསྲེས་པའི།།
སྐུ་དྲག་དེ་ཀོ་སྔོན་གྱི་བོད་པའི་དཔོན།།
རྨོ་མོའི་སྐྱོ་གླུ།
བུ་མོ་གཡུ་སྒྲོན་ལགས་ཀྱི་སྒྲུང་གཏམ་དེ་རྨོ་མོ་ལགས་ཀྱི་ཐུགས་ལ་ཅུང་ཟད་མ་སོང་བ་འདྲ། འོན་ཀྱང་ངན་སྲོལ་ཐེར་འདོན་མ་བྱུང་བར་དུ་གོ་སྐོན་ར་སྤྲོད་མི་བྱེད་པ་ནི་རྨོ་མོ་ལགས་ཀྱི་རྒྱུན་ལྡན་གྱི་གོམས་གཤིས་ཤིག་ཡིན་པས་དེ་ཉིན་ལན་འདེབས་གནང་མེད།
དུས་ཚོད་ནི་ཅི་འདྲའི་འགྲོ་མགྱོགས་པ་ཞིག་རེད་ཨང༌། བོད་ཟླ་༡༡ ཚེས་༡༤ ཚེས་བྱུང༌། དེ་ཉིན་ངན་པ་དགུ་འཛོམས་ཡིན་པས་རྡ་སའི་ལས་ཁུངས་ཕལ་བོ་ཆེ་སྒོ་བརྒྱབས་ཏེ་གླིང་ག་ལ་བསྐྱོད། དེ་ཉིན་བུ་མོ་གཡུ་སྒྲོན་ཡང་ག་ཤེད་འཁྱམས་ནས་མཚན་མོ་མ་གཏོགས་ནང་ལ་མ་སླེབས། དེ་ནས་མགོ་བཙུགས་ཏེ་ཉིན་བཞིའི་རིང་བུ་མོ་གཡུ་སྒྲོན་ལགས་ཉིན་ལྟར་འཁྱམས་སར་ཆས། རྨོ་མོ་ལགས་གྱིས་ཟས་གཡོས་ནས་ཇི་ཙམ་སྒུག་ཀྱང་བུ་མོ་གཡུ་སྒྲོན་སླེབས་རྒྱུ་མེད་པས་འུ་ཐུག་སྟེ་གཞུང་ཞབས་ལྔ་བརྒྱ་ལྷག་ཙམ་ཉིན་བཞིར་ཐུགས་སྤྲོ་གཏོང་ནས་སྡོད་ས་གངས་སྐྱིད་དུ་འཚོལ་བར་ཕྱིན། རྨོ་མོ་ལགས་ཀྱི་གསལ་ལ་མི་གསལ་གྱི་མིག་འོད་ཡོངས་རྫོགས་ཐུགས་སྤྲོའི་དགའ་སྟོན་ལ་རོལ་བའི་གསེབ་ཏུ་འཕངས།
ཁྲི་གདུག་ཉི་མས་རང་གི་འོད་ཟེར་གྱི་ལྷག་མ་ཡོད་ཚད་ཟང་ཟིང་གི་འཇིག་རྟེན་འདིར་གཏོར་ནས་ནུབ་མཐའི་རི་རྩེ་ནས་ལྷུང༌། ད་བཟོད་རྨོ་མོས་སྔོན་དང་ད་ལྟའི་གཡག་གི་འཕོ་གྱུར་བྲིས་པའི་དཔྲལ་གཉེར་གྱི་གླེག་བམ་རྣམས་ཡིག་འབྲུ་རེ་རེ་བཞིན་ཀློག་འགོ་བརྩམས། སླར་ཡང་གླེག་བམ་གསར་པ་ཞིག་གི་མཆོད་བརྗོད་སེམས་ངོས་སུ་བྲིས་ཏེ་འཁྱར་མ་འཁྱོར་གྱི་གོམ་སྟབས་རྡ་སྟེང་དུ་ཕྱོགས། རྒྱུན་ལྡན་མ་ཡིན་པའི་ལམ་སྣེ་ཞིག་ན་མཚན་ལྡན་མ་ཡིན་པའི་སྒོ་གླེགས་ཞིག་ཕྱེས་པའི་ནང༌། ངེས་ཅན་མ་ཡིན་པའི་ཁ་དོག་ཅི་རིགས་འཚེར་བའི་གློག་སྒྲོན་འོག གསལ་ལ་མ་གསལ་གྱི་ཡ་མེ་ཡོ་མེ་མང་པོ་ཞིག་སྣང༌། རྨོ་མོའི་གོམས་པའི་སྤོ་ཕྱོགས་ཀྱང་དེ་ན་ཕྱོགས། བསམ་ཡུལ་ལས་འདས་པ་ཞིག་ལ་ཆེས་འུར་བའི་སྤྱིལ་བུ་དེའི་ནང་གདོད་སྤྲེལ་དང་འགྱུར་སྤྲེལ་མང་པོས་མགོ་སྐྱེས་ཀྱི་སྐྲ་ལོ་དང༌། ལུས་བོངས་ཀྱི་གོན་ཆས། ཁ་སྒོ་ནས་འཐོན་པའི་འདོད་གཞས། ལག་ཟུང་དུ་ཐོགས་པའི་དུ་ཆང་་་་༌། རེ་རེ་བཞིན་རྨོ་མོ་ལགས་ཀྱི་མིག་ཟུང་དུ་དཔར་ལེན་འཕྲུལ་ཆས་ཀྱིས་པར་བཏབ་པ་ལྟར་ཤར། ད་དུང་དེ་བས་ཆེས་བསམ་ཡུལ་ལས་འདས་པ་ཞིག་ལ། འགྱུར་སྤྲེལ་རེད་ལ་ཉེ་བའི་བུ་མོ་གཡུ་སྒྲོན་ཡང་འདུ་ལོང་ཆེ་བའི་ལྟད་མོ་བའི་ཁྲོད་དུ་ཚུད་འདུག རྨོ་མོས་བུ་མོ་གཡུ་སྒྲོན་འཁྲིད་ནས་རྡ་སྟེང་དུ་སྐྱོད། ད་གཟོད་ངན་སྲོལ་ཐེར་འདོན་དང༌། སྐྱོན་ཡོན་ཡོ་སྲང་བྱེད་པའི་གོ་སྐབས་དམ་འཛིན་བྱས་ནས། དེ་སྔོན་སྤྱི་ལོ་གཅིག་དགུ་དྲུག་ཅུ་རེ་གཅིག་རེ་གཉིས་ལོའི་འུ་ཐུག་ཐབས་ཟད་ཀྱི་སྐབས་ཉིན་སྦྱོང་མཚན་སྦྱོང་གི་ཤེས་ཡོན་ཡོད་ཚད་བེད་སྤྱོད་གཏོང་སྟེ། གཞས་ཚིག འདི་འདྲ་ཞིག་བྲིས་སོ།།
“རྒན་རྒོན་ཁྱད་བསད་མ་བྱེད། །
བུད་མེད་མཐོང་ཆུང་མ་བྱེད། །
དམངས་ཀྱི་དགོངས་འཆར་ཅི་ཡོད། །
དམངས་ཀྱི་གསེབ་ནས་ཉན་དགོས། །
ཆོས་དང་རིག་གཞུང་དོར་ནས། །
མགོ་ནས་རྭ་ཅོ་བུད་སོང༌། །
སྐྲ་སེར་སྒོར་མོའི་ཆེད་ཞུ། །
རྐུབ་ནས་རྔ་མ་སྐྱེས་སོང༌། །
ཕྱུ་པ་ལུས་ནས་ཕུད་དེ། །
གང་བྱུང་མང་བྱུང་གོན་སོང༌། །
གནའ་རྒྱན་མི་ལ་བཙོངས་ནས། །
གླུད་རྫས་རྒྱན་ཆ་འདོགས་སོང༌། །
གཡག་རྒོད་ངར་མའི་ཁུན་སྒྲས། །
ཕན་ཚུན་གོ་བརྡ་མ་འཕྲོད། །
སྐྲ་སེར་སྤྲེ་འུའི་ཐན་སྐད། །
ཁྭ་ཏའི་གླུ་བཞིན་ལེན་སོང༌། །
ཐུན་མིའི་ཞལ་ཆབ་འཐོར་བའི། །
གངས་ཅན་སྒྲ་རིག་རྒྱ་མཚོ། །
མིག་གི་ཟོལ་དུ་བཏང་ནས། །
སྤྲེའུའི་གཅུན་པ་འཐུང་སོང༌། །
རྒྱལ་ཁབ་གཞན་གྱི་ནགས་གསེབ། །
གཞན་ལ་འགྲམ་ཆུ་ལྡང་ནས། །
མེས་པོའི་ལ་རྒྱ་བརླག་ན། །
འགྱུར་སྤྲེལ་མིན་ན་ཅི་རེད། །
ཕྱི་གླིང་འཚང་ག་བྱེད་པ། །
རྩྭ་བཟང་དྲན་ནས་ཨེ་རེད། །
སྤྲེལ་སྐད་ཡ་མ་ཟུང་དེ། །
ཆུ་བཟང་དྲན་ནས་ཨེ་རེད། །
ཕྱི་གླིང་གླང་དང་མ་ཧེ། །
སྤྱོད་ཚུལ་ཡ་རབས་རེད་དམ། །
མེས་པོ་རྣམ་པའི་ལམ་སྲོལ། །
ཀླད་རྙིང་འཁྲེགས་འཛིན་རེད་དམ། །
སྔོན་དང་དེང་གི་གཡག་ལྡོམ། །
དཀའ་ངལ་འཕྲད་སྟངས་ཐོག་ནས། །
སྤྲེ་འུའི་བྱ་སྤྱོད་སྤེལ་ཀྱང༌། །
དམིགས་གསལ་གནང་རྒྱུ་ཡིན་ནམ། །
འབྲོང་རྒོད་དར་མའི་རྭ་རྩེ། །
གངས་གཡག་རྒོད་པོའི་དཔུང་རྩིད། །
སྐྱིད་སྡུག་ཇི་ལྟར་འཕྲད་ཀྱང༌། །
འཕོ་འགྱུར་གཏོང་ན་ཨེ་རུང༌། །
བྱེས་འབྱོར་སྤུན་ཟླ་རྣམ་པ། །
ཐམས་ཅད་དེ་འདྲ་མ་རེད། །
བརྒྱ་ཆ་དགུ་བཅུ་ཐམ་པ། །
ཕལ་ཆེར་འགྱུར་སྤྲེལ་ཡིན་འགྲོ། །
རྡ་སའི་ཤིང་ནགས་གསེབ་ལ། །
ཡོད་ཚད་འགྱུར་སྤྲེལ་མ་རེད། །
སེངྒེ་དཀར་མོའི་གཡུ་རལ། །
རྡ་རམ་ས་ལ་ངོམས་ཡོད། །
དམར་ཡག་སྟག་གི་འཛུམ་དྲུག །
རྡ་རམ་ས་ལ་རྒྱས་ཡོད། །
ཁྲ་ཡག་གཟིག་གི་ཐིག་ལེ། །
རྡ་རམ་ས་ལ་བཀྲ་ཡོད། །
བསྟོད་འོས་ཉིན་མོའི་སྐར་མ། །
འཛུབ་རྩེར་གྲངས་ཀ་ཐེབས་པ། །
སྨད་འོས་འགྱུར་སྤྲེལ་འདྲ་མིན། །
བྱེ་མ་ལས་ཀྱང་མང་བ། །
ངན་པ་དགུ་འཛོམས་ཚེས་བྱུང༌། །
གཞུང་ཞབས་གླིང་གར་ཕེབས་སོང༌། །
གཞུང་ལས་ཟུར་འཇོག་བྱས་པས། །
ངན་པ་མིན་ན་ཅི་རེད། །
བཟང་པོ་བཅུ་འཛོམས་རེད་ཟེར། །
ཡང་བསྐྱར་གླིང་གར་བཞུགས་སོང༌། །
རང་བཙན་དགྲ་ལག་བཞག་ནས། །
བཟང་པོ་ག་འདྲའི་འཛོམས་བྱུང༌། །
ཆབ་མདོ་དགྲ་ལག་ཤོར་དུས། །
ནོར་གླིང་སྐུ་ངོའི་ཐུགས་སྤྲོ། །
གངས་སྐྱིད་གཞུང་ཞབས་རྣམ་པས། །
ཐུགས་ལ་བརྗེད་པ་ཡིན་འགྲོ། །”
དུས་ཀྱི་འགྱུར་འགྲོས་ཀྱིས་སུ་ལའང་དམིགས་བསལ་མི་གཏོང་བས་ཆུ་ཚོད་འཁོར་ལོའི་མདའ་མོ་གསུམ་ཀ་ཨང་ཀི་བཅུ་གཉིས་ཐོག་སླེབས་ཟིན། འུག་པའི་ཧ་རྒོད་དང་ཁྱི་སྤྱང་གི་ངུ་སྒྲ་མ་གཏོགས་རང་བྱུང་ཁམས་ཀྱི་སྐྱེ་དངོས་རྣམས་ཀྱང་ཐུན་གསུམ་གྱི་རྨི་ལམ་དུ་གནལ་ཏེ་ཡོད་ཚད་ཁུ་སིམ་མེར་གྱུར། བུ་མོ་གཡུ་སྒྲོན་གཉིད་གུག་ཚར་འདུག
ཞོགས་པའི་ཉིན་བྱེད་དམར་པོས་གནམ་སྔོན་པོའི་སྒོ་གླེགས་ཕྱེས་ཏེ་རང་གི་འོད་ཟེར་ཡོད་ཚད་འཇིག་རྟེན་ཟླུམ་པོ་འདིར་འཕོས་མགོ་བཙུགས་བྱུང༌། རྨོ་མོ་ལགས་ཀྱིས་ཞོགས་ལས་ཚར་ནས་བུ་མོ་གཡུ་སྒྲོན་གཉིད་ལས་སློང་སྟེ་ཞོགས་ཟས་ལ་རོལ་ཞོར་མདང་གི་གཞས་ཚིག་དེ་ཚོ་བུ་མོ་གཡུག་སྒྲོན་ལ་བསྟན། བུ་མོ་གཡུ་སྒྲོན་གྱིས་ཀྲིག་མོ་ཕྱེད་ཀ་ཞིག་ཁ་ནང་བརྫང་ཞོར་གཞས་ཚིག་དེ་མགོ་གཞུག་སློག་ནས་ལག་ཏུ་བླངས་ཏེ།
“རྨོ་མོ་ལགས་ཀྱིས་གནའ་སྔ་མའི་ཡི་གེ་ཏོག་ཙམ་ཤེས་ཀྱི་ཡོད་དམ་”
ལབ་བཞིན་སྣང་མེད་དུ་ལྕོག་ཙེ་ཐོག་གཡུག་བྱུང༌།
“བལ་པོའི་སེ་འབྲུ་མ་ཟོས་ཀྱང༌།། ཁ་དོག་ཉིད་ལས་བྲོ་བ་ཤེས།།”
ཞེས་པ་ལྟར། རྨོ་མོས་བུ་མོ་གཡུ་སྒྲོན་ལགས་ཀྱི་བསམ་པའི་ཁྱེར་གསོ་ཕལ་ཆེར་དཔོག་སྟེ། སླར་ཡང་དཔྲལ་མཉེར་གྱི་གླེགས་བམ་དེ་དག་གི་གཽ་དོན་ལེགས་པ་ཞིག་བུ་མོ་གཡུ་སྒྲོན་གྱིས་ལེན་ཐུབ་མེད། གལ་ཏེ་ A. B. C. D.གྱི་ཐོག་ནས་གླེགས་བམ་དེ་འདྲ་ཞིག་བྲིས་ཡོད་ན་ཟུར་ཆ་ཞིག་གོ་ཡོད་སྲིད།
རྐུན་མའི་གྲུབ་རྟགས།
ཁྲི་གདུགས་ཉི་མས་རང་གི་འོད་ཟེར་གྱི་ལྷག་མ་ཡོད་ཚད་ཆ་མི་སྙོམས་པའི་འཇིག་རྟེན་འདིར་ཕངས་མེད་དུ་སྟོར་ཏེ་ནུབ་རིའི་མཁའ་མཐའ་ནས་དལ་གྱིས་བཞུད། ཨ་ཅག་ཆོས་སྒྲོན་གྱིས་དགུང་ཟས་སྟབས་བདེ་ཞིག་གཡོས་ཏེ་རང་ཉིད་གཅིག་པུས་བཟའ་ཟླ་དཔལ་ལྡན་ལ་དམོད་མོ་བགྲང་བཞིན་དགུང་ཟས་ལ་རོལ། ཆུ་ཚོད་དགུ་པ་ཟིན་པ་དང་ཨ་ཅག་ཆོས་སྒྲོན་གྱིས་སྒྲ་སྡུད་འཁོར་ལོ་དང་གཟུགས་མཐོང་གློག་འཕྲིན་གྱི་ཁ་བཀག་ལོང་མེད་པར་གློག་སྒོ་ཐག་སེར་རྒྱག་སྟེ་ཁང་ཆུང་དེའི་ཕྱི་ལ་ཐོན། དམ་ཞིང་མཁྲེགས་པའི་སྒོ་ལྕགས་དེའི་བར་སྲུབས་ན་
“ལྡེ་མིག་སྒོའི་ཡར་ཐེམ་ཐོག་ཏུ་བཞག་ཡོད”
ཅེས་པའི་ཡིག་འབྲུ་དགུ་ཤོག་འཛར་ཞིག་གི་ཐོག་ཏུ་བྲིས་ཏེ་བརྫངས་ནས། རྟིང་ཀ་སོར་བཅུ་ཡོད་པའི་འཇུ་རྟས་ཁུ་སིམ་མེར་གནས་པའི་རང་བྱུང་གི་ཁོར་ཡུག་གཉིད་ལས་དཀྲོགས་པའི་སྐག་སྒྲ་ཐིག་ཐིག་གིས་གཞོན་ནུའི་ཁ་སྦྱོར་བརྩེ་བྲོ་ཁང་དུ་བསྐྱོད།
གང་ནས་སླེབས་པ་མི་ཤེས་པའི་ནག་ཡོམ་མེར་བ་ཞིག་གིས་མུན་ནག་ཁྲོད་སྒོ་ལྕགས་དེ་ལ་རེག་ཙམ་བྱས་རྗེས་གསལ་ལ་མ་གསལ་གྱི་གློག་ཞུན་ཆུང་ཆུང་ཞིག་སྦར་བའི་དཀར་ཆའི་འོག་ཤོག་འཛར་ཞིག་གི་ངོས་ལ་བལྟས་ནས་མགོ་གཡུགས་གཡུགས་འགའ་ཞིག་བྱས་ཏེ། སྒོའི་ཡར་ཐེམ་དེ་ནས་དངོས་པོ་ཞིག་བླངས་སོང༌།
ཆུ་ཚོད་འཁོར་ལོའི་མདའ་མོ་རྣོན་པོ་དེ་ཨང་ཀི་བཅུ་གཉིས་ཐོག་མཛུབ་མོ་བཙུགས་པ་ལྟར་སླེབས་བྱུང༌། ད་བཟོད་དཔལ་ལྡན་གྱིས་སྦག་ཁང་དེའི་ནང་ས་ཕག་རྩིག་པའི་ཁང་ལས་ཀྱི་མཇུག་བསྡུས་ཏེ་སྒོར་རྡོག་གཅིག་ཀྱང་མེད་པའི་ཀོ་བའི་དངུལ་ཁུག་དེ་ཉིད་དམ་དུ་བཟུང་ཞིང༌། ཁ་ནང་ནས་ཆང་དྲི་དང་སྐྱུགས་དྲི་འཐུལ་བཞིན་ནམ་མཁར་ཟླ་བ་མེད་པའི་མར་ངོའི་མཚན་ལྗོངས་དེར་འཁྱར་འཁྱོར་གྱི་རྡོག་སྣེ་རང་གི་གནས་ཁང་ཕྱོགས་སུ་སྤོས།
ཆང་གྲིབ་ཀྱིས་སྒྲིབ་པའི་རབ་རིབ་ཀྱི་མིག་ལམ་དུ་བདག་མེད་དུ་ལུས་པའི་ཁང་ཆུང་དེའི་སྒོ་གླེགས་ཧར་གྱིས་ཕྱེས་ཏེ་ཡོད་པར་མཐོང༌། དཔལ་ལྡན་གྱིས་ཅི་ཞིག་ཚོར་སྣང་བྱུང་བ་དང་འདྲ་བར་མྱུར་བར་ནང་དུ་འཛུལ་ནས་གློག་སྒྲོན་སྦར་ནས་བལྟས་པས། ཆེས་བསམ་ཡུལ་ལས་འདས་པ་ཞིག་ལ་སྒྲ་སྡུད་འཁོར་ལོ་དང་གཟུགས་མཐོང་གློག་འཕྲིན་སོགས་རྒྱུན་ལྡན་གྱི་ཅ་ལག་མང་པོ་ཞིག་གི་སྐུ་འཇའ་ལུས་ལ་གྲུབ་ཟིན།
ད་ཐེངས་རྐུན་མས་གྲུབ་རྟགས་བསྟན་པ་དེས་ཁོང་བཟའ་མི་གཉིས་ལ་མི་ཚེ་ཇི་ལྟར་འཚོ་སྟངས་ཐོག་དམར་ཁྲིད་རྗེན་པ་ཞིག་གནང་ཡོད་པས། གཅིག་བྱས་ན་ཁོང་གཉིས་ཀྱིས་རྐུན་མ་ལ་ཐུགས་རྗེ་ཆེ་ཞེས་ཞུ་མི་སྲིད་པ་མིན།
༡༩༩༧/༩/༢༠/ ཉིན་བྲིས། <>འདོན་ཐེངས་དགུ་པའི་ཐོག་བཀོད།
མོ་ལུང༌།
བུ་རྡོ་རྗེ་སྔར་ནུབ་བཞིན་མཚན་ངུ་བྱས་པས། ཕ་དགྲ་ལྷ་དཔལ་ལྡན་རིམ་གྲོ་ཞིག་གི་ཆེད་སྔགས་རྒན་རིག་འཛིན་སར་བཅར་ནས། སྒོར་མོ་ཉི་ཤུ་དང་མར་གྲོད་རིལ་ཞིག་མདུན་ཅོག་ཐོག་ཏུ་བཞག་རྗེས་གནས་ལུགས་རྒྱས་ཤིང་རྒྱས་པ་ཞུས། སྔགས་རྒན་རིག་འཛིན་གྱིས་ཆེ་ཆུང་ལོ་བརྒྱད་བྱིས་པའི་མཐེ་བོང་ཙམ་ཡོད་པའི་རག་ཤའི་ཕྲེང་བ་དེ་སྐེ་ནས་ག་ལེར་ཕུད་དེ་འཕུར་འཕུར་འགའ་བྱས་རྗེས། གསུང་སྐད་མི་གསལ་བའི་མཆུ་སྒྲོས་འགུལ་ཙམ་འགུལ་ཙམ་བྱེད་ཀྱིན། ཕྲེང་རྡོག་འགའ་ཞིག་ཕར་འཐེན་ཚུན་འཐེན་གྱིས་ཅི་ཞིག་མཐོང་བ་དང་འདྲ་བར་སྤྱན་ཧར་གྱིས་ནམ་མཁའ་ལ་གཟིགས་ནས་དལ་ཅིག་བསྡད།
སླར་ཡང་ཨ་ཕ་དགྲ་ལྷ་དཔལ་ལྡན་ལ་སྤྱན་ཞགས་ཐེངས་གཅིག་འཕངས་ནས། “ཡ། དགྲ་ལྷ་ཁོ་རེ། ཁྱོད་ཚོའིནང་དུ་ལྷ་འདྲེ་གདོན་བགེགས་ཀྱི་མཚན་མ་ཞིག་འདུག་གདའ།”
གསུངས། ཨ་ཕ་དགྲ་ལྷས།
“རིན་པོ་ཆེ་ལགས། ཅི་འདུག་གསུང་གནང་དང༌།”
ཞེས་འདར་བཞིན་ཞུས། སྔགས་རྒན་རིག་འཛིན་གྱིས་ཟབ་ལ་འཁྱོག་པའི་དཔྲལ་གཉེར་འགའ་ཞིག་སྨིན་མཚམས་སུ་བསྡུས་ཏེ་གསུང་སྐད་ཅུང་ཟད་ཆུང་དུ་བཏང་ནས།
“ཁྱོད་ཀྱི་ཁྱིམ་ན་ཁྱི་དམར་པོ་དང་གླང་དམར་པོ་འདྲ་ཨེ་ཡོད་”
དྲིས། ཨ་ཕ་དགྲ་ལྷ་དཔལ་ལྡན་གྱིས་ཁྱིམ་གྱི་སྒོ་ཁྱི་དམར་རིལ་དེ་སེམས་ལ་འཁོར་མ་ཐག་རྣམ་རྟོག་གི་རླུང་འཚུབ་གནན་ཐབས་མེད་པ་ཞིག་ལངས་ནས།
“ཨ་་་་་དེ་ལོས་ཡིན། ལྟས་ངན་ཁྱི་རྒན་དམར་རིལ་དེ་སྔ་མ་ནས་ང་ལ་རྨི་ལམ་སྡུག་ཅག་མང་པོ་བཏང་མྱོང༌། ཏག་ཏག་རེད། འདྲེ་ཁྱི་དེ་ཅི་བྱས་ན་དྲག”
“འོ་་ དེ་མིག་གིས་མི་མཐོང་ས་ཞིག་ལ་བསྐྱལ་ན།”
“འོ་ན་ཨ་ཞང་མཆི་བདག་གཤིན་རྗེ་གི་མདུན་དུ་བསྐྱལ་ན།”
“ཏག་ཏག་རེད།”
“་་་ ་་་”
ཨ་ཕ་དགྲ་ལྷ་དཔལ་ལྡན་ཁྱིམ་དུ་ལོག་མ་ཐག་རྟ་སྒ་བཤུས་ལོང་མེད་པར་སྒོ་ཁྱི་དམར་རིལ་གྱི་སྐེ་ལ་ཐག་པ་བཏགས་ནས་ཤར་རེར་གཙང་པོའི་ཁར་ཁྲིད་དེ་ཁྱི་ལས་ཆེ་བའི་རྡོ་ཞིག་དང་སྐེ་སྦྲེལ་ནས་རྦ་རླབས་མཁའ་ལ་ཕྱུར་བའི་རྫ་ཆུ་གཙང་པོའི་གཞུང་དུ་གཏིང་རྡོ་བཏགས་ཏེ་གཡུགས། ཕྱི་ཉིན་དབེན་དགོན་བསམ་གཏན་གླིང་དུ་ཨ་ལགས་མཐོང་གྲོལ་རིན་པོ་ཆེས་ལམ་རིམ་བཀའ་ཆོས་གནང་གི་ཡོད་པར་ཨ་ཕ་དགྲ་ལྷ་དཔལ་ལྡན་རྟ་ལ་ཞོན་ནས་གསུང་ཆོས་ཞུ་སར་སོང༌། ཨ་ལགས་རིན་པོ་ཆེས།
“ང་ཚོ་ནང་པ་ཡིན་མིན་ནི་སྐྱབས་འགྲོ་རྒྱུད་ལ་ཡོད་མིན་ལ་རགས་ལས་པ་ཡིན། ་་་་་སྐྱབས་སུ་འགྲོ་ནས་སྐྱབས་འགྲོའི་བསླབ་བྱ་ཚུལ་བཞིན་སྲུང་དགོས། ་་་་་ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་གནོད་འཚེ་སྤང་དགོས། ་་་་མི་དགེ་བ་བཅུའི་ནང་ནས་སྲོག་བཅད་པའི་ཉེས་པ་ནི་ཉེས་པ་ལྕི་ཤོས་དེ་ཡིན། ་་་་འཇིག་རྟེན་འདིའི་ཐོག་སྐྱིད་སྡུག་ན་ཚ་ཅི་ཞིག་བྱུང་ཡང་སྔ་མའི་ལས་ལ་བརྟེན་ནས་བྱུང་བ་མ་གཏོགས་རྒྱུ་མེད་རྐྱེན་མེད་དང༌། ལྷ་འདྲེ་གདོན་བགེགས་ཀྱིས་བྱས་པའི་གློ་བུར་ཐོལ་བྱུང་ལྟ་བུ་གཅིག་ཀྱང་མེད་་་་་༌།”
ལྷོད་ཅིང་དལ་བའི་ཨ་ལགས་རིན་པོ་ཆེའི་གསུང་སྐད་དེ་ཚོ་ཨ་ཕ་དགྲ་ལྷ་དཔལ་ལྡན་གྱི་རྣ་བ་ཟུང་དུ་མདུང་རྩེ་ཟུག་པ་ལྟར་འཛུལ། ཁ་རྩངས་རྨི་ལམ་འཁྲུགས་སྟངས། བུ་རྡོ་རྗེ་མཚན་ངུའི་སྒྲ། སྔགས་རྒན་རིག་འཛིན་གྱི་མོ་ལུང༌། མོ་ཡོན་དུ་ཕུལ་བའི་སྒོར་མོ་དང་མར་དོ། ་་་་ད་དུང་སྒོ་ཁྱི་དམར་རིལ་རྫ་ཆུ་གཙང་པོའི་ནང་གཡུགས་སྟངས་ཀུན་སེམས་ཁམས་ཀྱི་མེ་ལོང་ངོས་སུ་ཤར་ནས། གསུང་ཆོས་རྭ་བའི་མི་ཚོགས་གསེབ་ནས་སྨྱོན་པ་ཞིག་དང་འདྲ་བར་རྟ་གྲ་ནག་གི་གོང་ལ་བུད་དེ། རླུང་འཚུབ་དང་ཐལ་རྡུལ་འཁྲིགས་པའི་ཀྱག་ཀྱོག་གི་ལམ་ཕྲན་དོག་པོ་དེ་ནས་ཐད་ཀར་སྔགས་རྒན་རིག་འཛིན་ཚང་གི་སྦྲ་སྒོ་ལ་བཏོད་ནས་བརྒྱུགས།
<>འདོན་ཐེངས་བཅུ་དགུ་པའི་ཐོག་བཀོད།
བེ་རི་ལགས་སྒྲུང་འདི་དག་ཡག་པོ་ཞིག་བྲིས་འདུག་ལ། ད་དུང་ཡང་སྒྲུང་འབྲི་སྟངས་ཀྱི་ཟ་ཟུར་རེ་ལ་ཚིགས་སྤྱོར་བྱེད་སྟངས་ཁ་ཤས་ཇེ་མཛེས་སུ་གཏོང་དགོས་པར་སྙམ་སོང་། ང་རང་སྒྲུང་ཀློག་པ་པོ་ཞིག་གི་བསམ་ཚུལ་ལས་མཐའ་གཅིག་དུ་ཡིན་དགོས་པས་ངེས་པ་ཡང་ག་ལ་ཡོད།
སྐུ་ངོ་བེ་རི་བའི་མཚར་གཏམ་ལས་འདྲིས་པའི་རྩོམ་ཡིག་འདི་དག་ལ་རིན་ཐང་ལྡན། འོན་ཀྱང་སྙན་རྩོམ་ལྟ་བུའི་ཚིག་བཅད་ཀྱི་ལམ་ནས་འབྲི་བ་ཉུང་ཙམ་གནང་དགོས་དྲན། གང་ལགས་ཞེ་ན། སྤྱིར་བོད་ཡིག་བརྩི་མཐོང་ཆུང་ཞིང་བོད་རྩོམ་བཀླག་རྒྱར་ཉོབ་སྣང་བལྟ་བའི་སྤྱི་ཚོསགས་ཁྲོད་འདིར་ཚིག་བཅད་རིགས་ལ་དེ་ཉོབ་འགྲོ་བ་ཐག་གིས་ཆོད།
དྲ་གྲོགས་ལྷ་ཀླུ་གཉན་གསུམ། ངའི་སྒྲུང་རྩོམ་ལ་བསྔགས་བརྗོད་གནང་བ་ཐུགས་རྗེ་ཆེ། ཡིན་ནའང་སྒྲུང་འདི་ཚོ་དེ་སྔོན་གདན་སའི་གྲྭ་ཚང་ནང་ཡོད་སྐབས་སློབ་གཉེར་གྱི་ཞོར་དུ་བྲིས་པ་རྐྱང་རྐྱང་ཡིན། དེ་རིང་ཁ་རྩངས་ལོ་རྒྱུས་འདྲ་དང་དཔྱོད་རྩོམ་ཐར་ཐོར་རེ་འབྲི་ལོང་ཡོད་སྐབས་འབྲི་བ་ཙམ་ལས། འདུ་འཛིའི་རླུང་རླབས་ཁྲོད་མི་ཚེ་འདི་ཞུན་མར་བཞིན་གཡོ་བས་སྒྲུང་རྩོམ་གཅིག་ཀྱང་འབྲི་ལོང་རག་གི་མི་འདུག གྲོགས་པོ་ལགས། དངོས་གནས་རྩོམ་པ་པོ་ཞིག་བྱེད་ན་ཁོར་ཡུག་འདིའི་ནང་འཛུལ་རྒྱུ་མི་འདུག དུས་ཚོད་ངེས་ཅན་ཞིག་རག་ན་སྒྲུང་རིང་པོ་ཞིག་འབྲི་བསམ་གྱི་ཡོད། འོན་ཀྱང་ཁག་པོ་ཞེ་དྲག་རེད་འདུག
ཁ་བརྡ་རྩོམ་སྒྲིག་པ་རྣམ་པ་ལགས། ངས་མཆན་འགྲེལ་གྱི་ས་མིག་འདིར་སྒྲུང་རྩོམ་ཁ་ཤས་ཤིག་འཇུག་ཡོད། དེ་ཚོ་སྒྲུང་རྩོམ་གྱི་ས་མིང་རང་དུ་བཞག་རོགས་ཞེས། མཎྜལ་དང་ཁ་གཏགས་ཀྱི་འབུལ་ཚན་མེད་ཀྱང་ཨུ་ཚུགས་ཚ་བོ་བྱས་ནས་ཞུས་ཡོད། དེ་རིང་ཡང་རང་འཇགད་ལུས་འདུག རབ་བྱུང་ན་དྲ་ཐོག་ང་ལ་ལམ་སྟོན་ཞིག་གནང་རོགས། ང་ལ་མཐོང་ཆུང་ནགང་ཡང་ཁྱད་མི་འདུག་སྟེ། དྲ་རྒྱ་འདིའི་ཐོག་ཏུ་ཞུགས་མཁན་རེ་རེ་ཡིན་ནའང་མང་ན་ཡག་རྒྱུ་རེད། ཟོམ་སྟོང་(ཟམ་གདོང་)ལ་བཀའ་བསྒྱུར་དང་སྡིག་སྨོད་ཀྱི་ཟུར་ཆ་སྐར་མ་ལྔའི་ནང་ཚར་བའི་ཕྱག་ལས་ཤིག་མ་རེད་དམ། ཞུ་མཁན་ཆུང་སོང་ན་དགོངས་དག་ཞུ་རྒྱུ་རང་ཡིན།
བེ་རི་དགེ་བཤེས་ཕྲག་པ་སེར་པོ་ཅན། །
དགེ་ལུགས་སྤྱི་འཐུས་ལག་པ་བདེ་བོ་ཅན། །
རྡ་སའི་འཁྱམ་པོའི་རང་སྣང་རང་ཤར་སྒྲུང་། །
འདི་དང་དེ་བྱོས་ཨུ་ཚུགས་ཉུང་ན་ལེགས། །
བེ་ཏོའི་ཤིང་འདྲའི་རང་རྒྱུད་མི་ཐུལ་བའི། །
བེ་རི་དགེ་བཤེས་ལགས་ཀྱིས་གཙོ་བྱས་པའི། །
དྲ་གྲོགས་ལག་པ་སྡོད་མི་ཚུགས་པ་དག །
སྤྱི་ལོ་གསར་བར་བཀྲ་ཤིས་བདེ་ལེགས་ཤོག །
སྐུ་ཞབས་བེར་འཇིགས་འདི་བ་རང་རེའི་བཙན་བྱོལ་བའི་ནང་ནས་ཅུང་བསམ་བློ་ཡོད་མཁན་དང་ཉེ་རིང་ཆགས་སྡང་ཉུང་མཁན་གྲངས་རེད། འདི་དང་འདི་འདྲ་བ་ཁ་བརྡ་བྱེད་ཀིན་ཡོང་དུས་སྣེ་ལེན་གང་གཟབ་བྱས་དང་ཁ་བརྡའི་དྲོ་བ་ཇེ་ཆེར་འགྲོ་བར་ཕན་ཐོགས་ཡོད་རེད།
བེ་འཇིགས་ཉེ་རིང་ཆགས་སྡང་ཉུང་བ་དང་། །
དེ་ལས་གཞན་པར་མང་པ་ཁྱོད་རང་གིས། །
བརྟགས་ནས་ཤེས་སམ་གཞན་གྱི་གཡམ་རྒྱུགས་ཡིན། །
ཉེ་རིང་ཆགས་སྡང་མང་ཉུང་གང་གིས་ཤེས། །
ཀླུ་སྨྱོན་བསླེབས་མ་ཐག་ཏུ་ཁྱོད་རང་གིས། །
མི་ཡི་གྲལ་ནས་ཁྱི་གྲལ་སྤྱུགས་པར་བརྩམས། །
བེ་སྨྱོན་བསླེབས་མ་ཐག་ཏུ་དགའ་བསུ་ཡི། །
སྣེ་ལེན་བྱེད་པའི་དགེ་མཚན་གང་ཞིག་ལགས། །
ང་ཡི་གོ་ཚོད་ཀླུ་སྨྱོན་བེ་སྨྱོན་གཉིས། །
ལག་པ་གཅིག་གི་ཕྱི་ནང་ལྟ་བུ་ཟེར། །
ཀླུ་སྨྱོན་རྐང་བའི་འོག་ཏུ་བརྫིས་པའི་སྟེང་། །
བེ་སྨྱོན་དགྱེས་པའི་གསོལ་སྟོན་བཤམས་འདི་ཅི། །
སྡར་མར་སྡར་མའི་ཆོ༹ད་ཀྱི་ཉེས་ཆད་དང་།།
དཔའ་བོར་དཔའ་བོའི་ཆོ༹ད་ཀྱི་ལག་རྟགས་འདི།།
རང་རང་ལས་ལ་དཔག་པའི་གཟིགས་གསོལ་ལས།།
ཉེ་རིང་ཆགས་སྡང་བྱས་པ་ག་ལ་ཡིན།།
ཀླུ་སྨྱོན་སྐྲག་ནས་ཝ་བྲོས་བྱས་པ་དང་། །
བེ་སྨྱོན་དཔའ་ནས་དགྲ་ལ་འཛིངས་པའི་གཏམ། །
སྔོན་ཆད་མ་ཐོས་ཕྱིན་ཆད་མི་ཐོས་པས། །
ཅོལ་ཆུང་བླུན་རྒན་དཀོན་མཆོག་ཁ་རོག་སྡོད། །
དགུ་རོང་གྲུབ་ཆེན་མཆོག
ཉིད་ཀྱི་ཚིག་གི་མཚོན་ཆར་ཀློག་པོའང་སྐྲག
གལ་ཏེ་དངོས་སུ་མཇལ་ན་ཇི་བྱ་སྙམ།།
ཚིག་གི་འགྲོས་ལ་ཧ་ཅང་བློ་ཁ་ཚིམས།།
དེ་བས་མང་ཙམ་མཇལ་བའི་བཀྲ་ཤིས་ཤོག
སྐྲ་ལོ་དུང་ལྟར་དཀར་བའི་དྲང་སྲོང་ཞིག །
ཉིན་གུང་མནལ་ལ་ཡུར་བའི་རྨི་ལམ་དུ། །
ཉིད་ཀྱི་བྲག་སྐྱིབས་དེ་ཡི་སྒོ་ཁ་རུ། །
བྱིས་པ་འགའ་ཡིས་མེ་ཏོག་སེར་ཆེན་འཐུ། །
དྲང་སྲོང་རྨི་ལམ་རྨིས་སམ་དག་སྣང་མཇལ།།
མེ་ཏོག་གཟིགས་པ་བཀྲ་ཤིས་ལྟས་བཟང་ལགས།།