འཆམ་ར་དྲི་མེད་རྒྱལ་མཚན།
དེ་ཡང་ཕྱི་ཟླ་ ༦ ཚེས་༢༦ ཉིན་ནི། འཛམ་གླིང་མནར་གཅོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་བའི་དུས་ཚེས་ཤིག་ཡིན་སྟབས། ཉིན་དེར་བཙན་བྱོལ་བོད་ཀྱི་རྒྱལ་ས་རུ། ཉིན་མོའི་སློབ་གྲྭའི་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་ནང། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག༼མནར་གཅོད་འོག་གི་ཆབ་སྲིད་བཙོན་པ་གླེང་བ༽ཞེས་མིང་ཐོག་བགྲོ་གླེང་ཅིག་གནང་སོང། དེའི་སྐུ་མགྲོན་གཙོ་སྐྱོང་བ་བཀྲ་ཤིས་དབང་ཕྱུག་དང། བགྲོ་གླེང་གནང་མཁན་ཉམས་ཞིབ་པ་ཀླུ་མཁར་བྱམས། ཆབ་སྲིད་པ་བསྟན་འཛིན་བརྩོན་འགྲུས། དབུས་གཞོན་ནུའི་དྲུང་ཆེ་དོན་གྲུབ་ལྷ་དར་བཅས་ཁོང་གསུམ་འདུག་མོད། གསལ་བསྒྲགས་བྱས་པ་ལྟར་བགྲོ་གླེང་བ་ཏག་ཏག་ཕེབས་མི་འདུག
དེར་ཕེབས་པའི་བགྲོ་གླེང་བ་ཚོས་ཚོར་ཤུགས་རྣོན་པོའི་ཐོག་ནས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོར། རྒྱ་གཞུང་གིས་ཇི་ལྟར་མནར་གཅོད་གཏོང་གིན་ཡོད་པའི་གཏམ་བཤད་བྱས་སོང་། འོན་ཀྱང་ཁོང་ཚོསཇི་ལྟར་ངར་ཤུགས་སྒྲིམས་ནས་བཤད་ཀྱང། ཡིད་ཕངས་པ་ཞིག་ལ། ཉན་མཁན་གྱི་མང་ཚོགས་ཉི་ཤུ་ཡན་མན་ཙམ་ལས་མི་འདུག དེ་དག་ཀྱང། ནམ་རྒྱུན་ནས་དོ་དག་ཆེན་པོས་བགྲོ་གླེང་དང་མར་མེའི་ཁྲོམ་སྐོར་སོགས་ལ་ཕེབས་ཀྱིན་པའི་སྐྱ་མི་འགའ་དང་། སེར་མོ་བ་ཚོ་ཅིག་རེད།
མ་ཟད་དེའི་དགོང་མོ་མར་མེའི་ཁྲོམ་སྐོར་དང་དེའི་མཇུག་ཏུ་༼ཞོགས་དུང་རྒྱང་འབོད་༽ཞེས་པའི་མིང་ཐོག་སྙན་ངག་གྱེར་འདོན་ཞིག་གོ་སྒྲིག་གནང་འདུག འོན་ཀྱང། མར་མེ་དག་རླུང་གསེབ་ནས་ཤི་མ་གསོན་གྱིས་འབར་བཞིན་པའི་ཁྲོད། བོད་མི་རྣམས་ཀྱང་ཡིད་ཐང་ཆད་པ་ལྟར། མང་པོ་ཞིག་སླེབས་མི་འདུག རེད་དེ། ང་ཚོས་གྲེ་བ་གསང་ནས་བྱང་ཆུབ་སེམས་མཆོག་བཏོན་ཏེ། རུ་ཞིག་སྒྲིག་ཁུལ་གྱིས་གཉོམ་ཆུང་ཆུང་ངང་མར་མེ་རྣམས་གཙུག་ལག་ཁང་དུ་སླེབས་པར་བྱས། དེའི་མཇུག་ཏུ་སྙན་ངག་གྱེར་འདོན་གྱི་འགོ་བཙུགས་སོང། འོན་ཀྱང་གསལ་བསྒྲགས་ཀྱི་ཐོ་གཞུང་ནང་འཁོད་པ་ལྟར་རེད་མི་འདུག དེ་ནི་སྙན་ངག་པ་དག་ཀྱང་ཏག་ཏག་སླེབས་མེད་པ་དེས་རེད།
བུད་མེད་ཚོགས་པའི་ལས་འགུལ་སྤེལ་ཉིན་མ།
དགུ་བཅུ་གསུམ་གྱིས་ལས་འགུལ་སྤེལ་བའི་ཉིན་དེ་ཕྱི་ཚེས་ ༢༧ ཉིན། རྡ་ས་ས་གནས་བུད་མེད་ཚོགས་པའི་གོ་སྒྲིག་འོག་རྡ་ས་ཉིན་མོའི་སློབ་གྲྭ་རུ། ༼བཀའ་བློན་ཁྲི་བའི་འོས་བསྡུའི་ཟབ་སྦྱོང་༽ ཞེས་པའི་མིང་ཐོག་བགྲོ་གླེང་ཞིག་གནང་སོང། སྐབས་དེའི་གཙོ་སྐྱོང་བ་དབུས་བུད་མེད་ཚོགས་པའི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་རེད་འདུག ཁོང་གིས་ད་ལོ་དབུས་བུད་མེད་ཚོགས་པའི་གོ་སྒྲིག་འོག་བཀའ་བློན་ཁྲི་བའི་ཚོད་ལྟའི་འོས་བསྡུའི་ལས་འགུལ་སྤེལ་བའི་དམིགས་ཡུལ་དང་། ཚོགས་པའི་ངོས་ནས་བཀའ་ཁྲིའི་འོས་གཞི་བཏོན་ཀྱི་མེད་པའི་རྒྱབ་ལྗོངས་བཅས་བཤད་སོང། རེད་དེ། བོད་མི་ཚོ་གང་ལ་བུད་སོང་བ་ཡིན་ན། ང་ཚོ་མི་བཅུ་ཡན་མན་ཙམ་ལས་མི་འདུག་དེའི་ནང་གོ་སྒྲིག་ཞུ་མཁན་དག་ཀྱང་ཐེ་ཡོད།
ཁོང་ཚོས་སྐད་ཤུགས་ཡོད་ཚད་ཀྱིས། བོད་མི་ཚོ་བགྲོ་གླེང་ལ་ཕེབས་རོགས། གལ་ཆེན་པོ་ཡིན། ཟེར་ནས་བོས་སོང་ཡང་། སུ་ཡང་སླེབས་མཁན་མི་འདུག དུད་ཚང་ཞིག་ཙམ་མེད་པའི་བགྲོ་གླེང་བ་ང་ཚོ། རུམ་རུམ་བྱས་ནས་གོ་སྒྲིག་པས་ངོ་སྤྲོད་ཅིག་བྱས་སོང་ཡང་། དེ་ཡང་བོད་སྐད་རང་གཅར་འཕེལ་བ་ཞིག་རྒྱག་ཐུབ་མཁན་ཞིག་མི་འདུག
ནམ་རྒྱུན་མང་ཚོགས་དག་ལས་འགུལ་ལ་ཞུགས་ཀྱིན་མི་འདུག་ཟེར་ནས། ངན་སྨོད་དང་ཐེར་འདོན་བྱེད་མཁན་ནི། སྨྱུག་ཐོགས་པ་དང་། ལས་འགུལ་སྤེལ་མཁན་གྱི་ལས་བྱེད་དག་རེད་མོད། ཉིན་འདི་དག་གི་རིང་རྩོམ་པ་པོ་རྣམས་ཀྱང་ཡོང་གིན་མི་འདུག་ལ། གཞུང་དང་གཞུང་འབྲེལ་མིན་པའི་ལས་བྱེད་དག་ཀྱང་ཡོང་མཁན་ཧ་ཅང་དཀོན་པོ་རེད། འདི་ནི་ནམ་རྒྱུན་གྱི་ལས་འགུལ་དང་མར་མེའི་ཁྲོམ་སྐོར་སྐབས་དང་ཡང་འབྲེལ་བ་ཡོད།
དཔེར་ན། དགུ་བཅུ་གསུམ་ལས་འགུལ་ཚོགས་པས་འགུལ་སྤེལ་ཉིན་མ། ཁོང་ཚོའི་ལས་བྱེད་རེ་གཉིས་ཙམ་ལས་མི་འདུག་ལ། བུད་མེད་ཚོགས་པའི་ལས་འགུལ་སྤེལ་དུས་དེར། བུད་མེད་ཚོགས་པའི་བུད་མེད་ཁ་ཤས་ལས་མི་འདུག དེ་དག་ཀྱང་བགྲོ་གླེང་མ་གྲོལ་བའི་སྔོན་ཚུད་ནས་ཕྱིན་སོང། དེ་བཞིན་ནམ་རྒྱུན་གྱི་གནས་ཚུལ་ལྟར། བུད་མེད་ཚོགས་པས་ལས་འགུལ་སྤེལ་དུས་ཚོགས་པ་གཞན་གྱི་ཚོགས་མི་སླེབས་ཐུབ་ཀྱིན་མི་འདུག་ལ། དགུ་བཅུ་གསུམ་གྱིས་ལས་འགུལ་སྤེལ་དུས་བུད་མེད་ཚོགས་པའི་ལས་བྱེད་ལྟ་བུ་ཚོགས་པ་དང་ལས་བྱེད་གཞན་ཡོང་ཐུབ་ཀྱིན་མི་འདུག འོན་ཀྱང་ཁོང་ཚོས་རང་རང་གི་ལས་འགུལ་སྤེལ་ཉིན། བོད་མི་ཚོ་ཡོང་རོགས་བྱེད་ཀྱི་མི་འདུག་ཟེར་ནས་སྡུག་བཤད་བྱེད་བཞིན་འདུག དེ་ནི་རང་རང་སོ་སོའི་ས་ནས་མཐུས་ཤོར་ཤིག་ཡིན་པ་མཐོང་གིན་འདུག་ལ།
ཡང་སྙིང་ནས་བཤད་ན་ལས་འབྲས་རང་ཐོག་ཏུ་སྨིན་པ་ཞིག་ཡིན་པ་སྨོས་མེད་རེད་སྙམ།
བོད་པ་བོད་ལ་དགའ་བ་བོད་པའི་གཤིས།། རང་གི་རང་ལ་གཅེས་པ་རང་རེའི་གཤིས།།
ཁ་བཤད་ཁ་དོན་མེད་པ་ཁ་ཕོའི་གཤིས།། རེ་བའི་རེ་འདོད་དོར་བ་རེ་མེད་གཤིས།།
རང་གི་མྱོང་ཚོར་བྱུང་བ་ཞིག་ལ་སྐབས་རེའི་བཙན་བྱོལ་བོད་ཀྱི་རྒྱལ་ས་རུ་ཚོགས་པའི་ཚོགས་འདུ་ཁག་མགའ་ཚོགས་མི་མེད་པ་ནི་བོད་མི་བོད་ལ་མི་དགའ་བ་མིན། སྒྲིག་འཛུགས་ལེགས་པོ་ཞིག་མེད་པའམ་ཡང་ན་བྱེད་གཏོང་ནོར་བ་ཡིན་རྒྱུ་རེད།།