གངས་རིའི་སྲས་མོ།
འབྲོག་པ་གྲོང་བསྒྱུར་ཟེར་ནས།། ནོར་ལུག་མེད་པར་བཟོས་སོང།།
ཅང་མེད་ཁང་སྟོང་ཞིག་གིས།། ཁ་ཙམ་གསོ་ཐབས་ཡོད་དམ།།
འཆར་ལྡན་བུ་སྐྱེ་ཟེར་ནས།། བུད་མེད་སྐྱེ་སྒོ་བཀག་སོང་།།
ཕྲུ་གུ་འཕེལ་བ་བཀག་ན།། རིགས་རྒྱུད་ཇི་ལྟར་སྤེལ་ལམ།།
སྐད་ཡིག་གཅིག་གྱུར་ཟེར་ནས།། རྒྱ་ཡིག་ཁོ་ནར་བསྒྱུར་སོང་།།
རང་ཡིག་སྤྱོད་དབང་མེད་པར།། སྐད་ཡིག་ཇི་ལྟར་སྐྱོང་ངམ།།
མཚོ་བོད་ལྕགས་ལམ་ཟེར་ནས།། རྒྱ་མི་བོད་དུ་སྤོས་སོང་།།
རང་ས་རང་ལ་མི་དབང་།། རང་སྲོལ་ཇི་ལྟར་འཛིན་ནམ།།
རྒྱལ་གཅེས་ཆོས་གཅེས་ཟེར་ནས།། དགོན་པར་སྒྲིག་ཁྲིམས་བཟོས་སོང་།།
གཞན་དབང་སྒྲིག་ཁྲིམས་འོག་ནས།། ཆོས་བརྒྱུད་ཇི་ལྟར་འཛིན་ནམ།།
མི་རིགས་འདྲ་མཉམ་ཟེར་ནས།། གཉའ་གནོན་བཙན་འཛུལ་བྱས་སོང་།།
འདྲ་མཉམ་སྟོང་བཤད་བར་ནས།། མི་མང་སྡུག་གིས་མནར་སོང་།།
ཕྱི་ཕྱོགས་སྒོ་འབྱེད་ཟེར་ནས།། གསར་འགོད་རང་དབང་བཀག་སོང་།།
གསར་འགྱུར་རྫུན་མ་དག་གིས།། མི་མང་མགོ་བོ་སྐོར་སོང་།།
ཁོར་ཡུག་སྲུང་སྐྱོབ་ཟེར་ནས།། ཤིང་ནགས་བཅད་ནས་ཁྱེར་སོང་།།
རང་བྱུང་ཤིང་ནགས་སྟོང་བས།། འབྱུང་བཞིའི་གནོད་ཚབས་ཆེ་སོང་།།
དཔལ་འབྱོར་འཚོལ་སྒྲུབ་ཟེར་ནས།། གཏེར་ཁ་བསྔོག་འདོན་བྱས་སོང་།།
མཛེས་པའི་རྩྭ་ཐང་ཡངས་པོ།། ས་ནག་ཁོ་ནར་བསྒྱུར་སོང་།།
ཆོས་དད་རང་དབང་ཟེར་ནས།། བླ་མར་དད་དབང་མེད་སོང་།།
མཚན་ཙམ་སྨྲ་དབང་མེད་པར།། སྨྲ་ལྕེ་བཀག་ནས་བུད་སོང་།།
རྒྱལ་ཁབ་བདེ་འཇགས་ཟེར་ནས།། དྲག་སྤྱོད་གདུག་རྩུབ་སྤེལ་སོང་།།
སྲིད་དབང་སྒེར་གཅོད་བར་ནས།། མི་མང་སྡུག་ལ་གཏད་སོང་།།
ནུབ་རྒྱུད་གསར་སྤེལ་ཟེར་ནས།། ཁ་གཡང་སྟོང་པ་བསྒྲགས་སོང་།།
ཕྱི་ཚུལ་མིང་སྟོང་བར་ནས།། མི་མང་སྐྱོ་བས་མནར་སོང་།།
མི་རིགས་ཁ་བྲལ་ཟེར་ནས།། ཉེས་མེད་བཙོན་ལ་བཅུག་སོང་།།
གསོན་དམྱལ་སྡུག་བསྔལ་ཀློང་ནས།། ཉིན་མཚན་མཆི་མའི་བརླན་སོང་།།
རྡུང་གཅོག་འཕྲོག་གསུམ་ཟེར་ནས།། བསྙོན་འཛུགས་ཞྭ་མོ་གཡོགས་སོང་།
མེ་མདས་སོ་ཁའི་བར་ནས།། ཚེ་སྲོག་གྲངས་མེད་འཕྲོག་སོང་།།
དབང་ཆེན་དཔོན་གྱི་མདུན་སར།། བདེ་སྡུག་གླེང་ས་མེད་སོང་།།
སྲིད་གཞུང་མཁྲེགས་འཛིན་བ་ཚོར།། གནས་ལུགས་བགྲེང་ས་མེད་སོང་།།
འགྲོ་བ་མི་ཡི་ཚེ་སྲོག། རིན་ཆེན་གསེར་ལས་ལྷག་པ།།
འདི་ལྟར་མེ་རུ་འབར་བ།། ཨ་ཆད་ཨུ་ལ་ཐུག་རེད།།
དམར་པོ་མེ་ཡི་ཀློང་ནས།། དཔའ་སྐད་གླིང་ལ་བསྒྲགས་སོང་།།
ཚེ་སྲོག་རྟ་རྔ་འདྲ་བོས།། དཔང་ཡིག་གླིང་ལ་བཞག་སོང་།།
མདོར་ན་སྡུག་བསྔལ་འདི་དག། ནམ་ཡང་སེམས་ནས་བཟོད་དམ།།
དེའི་ཕྱིར་གསོན་པོར་གནས་ལས།། འཆི་ལམ་འགྲིམས་འདི་མཐོང་ངམ།
མིང་ཆེན་མཉམ་འབྲེལ་རྒྱལ་ཚོགས།། ལྟ་བའི་མིག་ཅིག་ཡོད་ན།།
ཉམ་ཆུང་བོད་མིའི་ལས་འདིར།། གཟིགས་པའི་དུས་ལ་སླེབས་འདུག།
གཟུར་གནས་མཁས་པའི་ཚོགས་རྣམས།། རྒྱུ་འབྲས་བློ་མིག་ཡོད་ན།།
ཚེ་སྲོག་དྲོན་མོ་འདི་དག། གླེང་བའི་དུས་ལ་བབ་འདུག།
སྲོག་ལྡན་འཛམ་གླིང་རྒྱལ་ཁབ་།། སྙིང་རྗེའི་སེམས་ཅིག་ཡོད་ན།།
ཚེ་སྲོག་མེ་རུ་འཐིམ་པའི།། ལས་འདིར་གཟིགས་པའི་དུས་རེད།།
སྤྱི་ལོ་༡༠༡༢ལོའི་ཟླ་༡༡ཚེས་༣ཉིན།
རྒྱ་གཞུང་བོད་ལ་གནོད་སྟངས། །
གངས་རིའི་སྲས་མོའི་སྨྲེ་ངག །
བོད་ནང་རྒྱ་མིས་བཟོས་པའི། །
དཀའ་ངལ་ཐད་ཀར་ཤོད་དུས། །
དྲང་བདེན་ཛམ་གླིང་མི་མངས། །
གཟིགས་པའི་དུས་ཚོད་ཤར་འདུག །
ཡག་མོ་བྲིས་སྣང་། ལེགས་སོ་ཟེར་རྒྱུ་ཡིན།
གངས་རིའི་སྲས་མོས་གསུངས་པ།
ཡིད་ལ་འཐད་པ་འདྲ་སོང་།
ང་ཚོ་བོད་མི་ཚང་མས།
ཚོར་བ་བཏང་སྙོམས་བསྡད་ན།
འདོད་དོན་རེ་བ་ཉག་གཅིག
རྨི་ལམ་བཞིན་དུ་ཡལ་ཡོང་།
ང་ཚོའི་སྤུན་ཟླ་རྣམས་ཀྱིས།
ཉིན་རེར་ལུས་མཆོད་ཕུལ་བ།
ཤེས་བཞིན་གདུང་སེམས་མེད་ན།
བོད་ཀྱི་བདེན་མཐའ་དེ་ནི།
ཐལ་བའི་རྡུལ་བཞིན་བརླག་ཡོང་།
གཞུང་དམངས་ཚོགས་པ་བཅས་ནས།
དཔའ་བོ་དཔའ་མོའི་འབོད་སྒྲ
མགྱོགས་ཙམ་མངོན་འགྱུར་ཡོང་ཆེད།
ལས་འགུལ་འདྲ་མིན་སྤེལ་རོགས།