གངས་སེང་།
མུ་སྟེགས་སྲིན་པོའི་སྤྱོད་པ་འམ།། བརྟུལ་ཤུགས་ཆེན་པོར་སྤྱོད་ནུས་ན།། བཟང་ངན་མེད་པ་གང་བྱེད་པ།། དེ་ནི་རྫོགས་ཆེན་སྣོད་ཏུ་བསྔགས།། ཞེས་པའི་གཞུང་ཚིག་འདི་ནི་ཐེག་པའི་ཡང་རྩེ་བླ་མེད་རྫོགས་པ་ཆེན་པོའི་ངེས་དོན་སྟོན་བྱེད་ཅིག་རེད། རྟོག་གེ་བ་རྣམས་ཀྱིས་འདི་ནི་དྲང་དོན་ཡིན་ཟེར། དེ་ལྟར་ཟེར་དོན་ནི། ཁྱེད་ཅག་གི་འདོད་པའི་ལས་འབྲས་ལ་ཡིད་ཆེས་དང་གཟབ་ནན་དགོས་པའི་རྒྱུ་མཚན་ཙམ་ལས་གཞན་པའི་གཏན་ཚིགས་གང་ཡང་མེད། ལས་རྒྱུ་འབྲས་ཟེར་བའི་སྐད་གྲགས་ཅན་དེ་ནི་མདོར་བསྡུས་ན། སོ་སོའི་ཀུན་སློང་ལ་ཐུག་ཡོད། ཀུན་སློང་ནི་སེམས་རྒྱུད་ཀྱི་བསམ་ཚུལ་ཞིག་ཡིན། མི་གང་ཞིག་ལ་བསམ་ཚུལ་བཟང་པོ་ཞིག་ཡོད་ན། མི་གསོད་ཁྲག་སྦྱོར་གྱི་ལས་ལ་ཞུགས་ཀྱང་སྡིག་པ་སྤུ་ཙམ་མེད་པ་མ་ཟད་དགེ་བ་རྣམ་པར་དག་པ་ཤ་སྟག་གསོག་གིན་ཡོད་ཟེར་བ་དང་། བསམ་ཚུལ་ངན་པ་ཞིག་ཡོད་ན། འཛམ་བུ་གླིང་གི་མི་ཚང་མ་དགོས་འདོད་ཕུན་སུམ་ཚོགས་པའི་ལྷ་ཡུལ་ཞིག་ལ་བསྐྱལ་ཡང་སྡིག་པ་འབའ་ཞིག་ལས་དགེ་བ་གཏན་མེད་ཟེར་བ་དེ་རེད། བཤད་སྟངས་འདིས་ཕྱི་རོལ་མུ་སྟེགས་པས་སྣང་སྲིད་ཀྱི་བྱེད་པོ་ཕྱྭ་དང་དབང་ཕྱུག་ལ་གཏུགས་པ་ལྟར་ལས་འབྲས་ཀྱི་བྱེད་པོ་ཀུན་སློང་ལ་གཏུགས་པ་གསལ་སྟོན་བྱས་འདུག དོན་དངོས་ཐོག་ཀུན་སློང་དེའི་གནས་ཚུལ་གང་འདྲ་ཞིག་ཡོད་ཅེས་དྲིས་ན། སུས་ཀྱང་དེ་ལ་བཟང་ངན་གྱི་རྣམ་བཞག་འབྱེད་རྒྱུ་ཡོད་པ་ཞིག་ད་བར་རྙེད་མེད་དེ། ཁ་ཅིག་གིས་དུས་ཀྱི་ཐུང་མཐའི་ཡུད་ཙམ་ཕྲ་མོ་ཆ་མེད་ཅིག་དང་། ཁ་ཅིག་གིས་རང་སེམས་རང་གིས་མྱོང་ཆ་ཙམ་དང་། ཁ་ཅིག་གིས་རང་ངོས་ནས་མ་གྲུབ་པ་སྒྱུ་མ་ལྟ་བུ་ཞིག་ལ་གཏུགས་ཡོད་ཀྱང་དེ་ཀུན་སྒྱུ་མས་སྒྱུ་མ་ལ་རྒྱབ་རྟེན་བཙལ་རྐུ་མས་རྐུ་མ་བདེན་པར་སྒྲུབ་པ་ལྟ་བུ་ལས་གཞན་པའི་རིགས་པ་ཅི་ཡང་མེད། དེ་ལ་གཞིགས་ན་ལས་འབྲས་ཀྱི་གཞི་རྟེན་མེད་བཞིན་དུ་དེ་ལ་ཆ་འཇོག་བྱེད་པ་རྐུན་ཇག་ཁྲམ་གསུམ་ལ་ཕུག་རྩ་བཅོལ་བ་ལྟར་དུ་གྱུར་མི་འདུག་གམ། དགེ་སྡིག་གི་ཕུག་རྩ་སོ་སོའི་ཀུན་སློང་ལ་རག་ལས་ཡོད་ན། རྣམ་དཔྱོད་ཀྱི་ཤེས་རབ་གལ་གནད་ཆེ་བར་བཤད་ཀྱིན་འདུག་པ་དེ་རྒྱུ་མཚན་ཅི་ཞིག་ཡོད་དེ། ཀུན་སློང་གིས་ཐམས་ཅད་དགེ་བ་འབའ་ཞིག་བསྒྱུར་ཆོག་པའི་ཕྱིར། འདི་ལ་བསམ་ན་རྒན་མོས་ཁྱི་སོ་ལ་སངས་རྒྱས་ཀྱི་འདུ་ཤེས་བཞག་སྟེ་གསོལ་བ་བཏབ་པས་རིང་སེལ་འཁྲུངས་པར་བཤད་པ་འདི་ལས་འཕྲོས་པ་མིན་ནམ་སྙམ། བརྟག་ཅིང་དཔྱད་པའི་ཚེ་དགེ་སྡིག་མ་རྙེད་ཀྱང་ལས་འབྲས་ཡང་དག་པར་ཡོད་ཟེར་བ་ནི་རྨོངས་པ་ཅན་མགོ་བསྐོར་གཏོང་བྱེད་ཙམ་མམ་གཡོ་སྒྱུའི་དྲན་འཕྲུལ་ཙམ་དུ་ཟད་དོ། སེམས་རྒྱུད་ཀྱི་ཉོན་མོངས་དུག་ལྔ་འདི་སྤང་དགོས། དེའི་གཉེན་པོ་སྦྱིན་པ་དང་བྱམས་པ་སོགས་སྒོམ་དགོས་ཟེར་འདུག་ཀྱང་། བྱམས་པ་ལ་ཇི་ལྟར་གོམས་འདྲིས་སོང་ཡང་ཞེ་སྡང་གཏན་སྤྲུག་བྱེད་ཐུབ་ཐབས་ཞིག་མེད་དེ། དཔེར་ན་ཨ་མས་བུ་ལ་བྱམས་པ་ཆེ་བ་སུ་ལའང་མེད་ཀྱང་སླར་ཡང་ཨ་མས་བུ་ལ་ཞེ་སྡང་བྱེད་པ་འཇིག་རྟེན་ན་མཐོང་ཆོས་ཡིན་པའི་ཕྱིར། མདོར་བསྡུས་ན་ལས་འབྲས་ཀྱི་རྣམ་བཞག་དང་བྱམས་རྙིང་རྗེའི་ཉམས་ལེན་བདག་མེད་རྟོགས་པའི་ཤེས་རབ་ཟེར་བ་དེ་ཀུན་རྨི་ལམ་ནང་གི་སྦྲང་རྩི་ཟོས་པའི་དགའ་ཚོར་དང་བུ་ཤིའི་སེམས་སྡུག་ཙམ་ལས་མཐར་ཐུག་གི་བདེན་པ་གང་ལའང་མེད་པར་ཐག་ཆོད་དོ། རྨི་ལམ་ཙམ་ཞིག་གིས་འབྲས་བུ་བཟང་ངན་སྦྱིན་ནུས་ན་རྨི་ལམ་ན་མི་བསད་པས་དམྱལ་བར་ཅིའི་ཕྱིར་མི་སྐྱེ། ལས་འབྲས་རྫུན་མ། དེའི་རྟེན་གཞི་ཀུན་སློང་རྫུན་མ། འཇིག་རྟེན་འདི་ན་སེམས་དག་པ་དང་མ་དག་པ་ཇི་སྙེད་བཞག་པ་ཀུན་རྫུན་མ་སྟེ། རྨི་ལམ་གྱི་སྣང་ཚུལ་ཙམ་ལས་མེད་དོ། 2012/10/3ཉིན་བྲིས།
བརྒྱ་ཆ་བརྒྱ་རེད། མངོན་པར་བསྟོད་དོ། །
སེམས་ཡུལ་ལ་གཡོ་ཞིང་བསྐུལ་བར་བྱེད་པའི་སེམས་པའི་རིགས་སུ་གནས་པ་དེ། ལས་ཀྱི་ངོ་བོ་འམ་མཚནཉིད་ཡིན་ལ། དེ་ལས་ལས་དགེ་མི་དགེ་སྣ་ཚོགས་བསགས་ནས་བདེ་སྡུག་བཟང་ངན་སྣ་ཚོགས་འདི་བྱུང་བ་ཡིན། དེ་བརྗོད་དུ་མེད་པ་ཞིག་ག་ལ་ཡིན། བརྗོད་བྱ་མ་ཡིན་པའི་ཤེས་བྱ་ཡོད་པ་འགལ་ལོ།
ཡ་ཡ།་ད་ཁྱོད་ལ་ལས་འབྲས་ཀྱི་སྐོར་ལ་ཆོས་ལུགས་པ་མ་ཡིན་པའི་དགེ་རྒན་ཆེན་མོ་བ་ཞིག་གིས་བཙོན་ལ་མ་བཅུག་ན། རྦད་དེ་རྨྱི་ལམ་དེ་ནས་ཁྱོད་བསད་ས་མིན་ས་རེད།
རྣ་བ་བརྒྱད་པ་ལགས། ཁྱོས་བཤད་པ་དེ་གྲྭ་རྒྱག་གི་ཁ་རྟ་རྒྱག་གི་རྐུབ། ཆོས་རྭའི་ནང་གི་ཚིག་སྐམ་ཟེར་བ་དེ་རེད།
མཆན་ཨང་གསུམ་པ་འབྲི་མཁན་ལགས། གནམ་ནས་ཚིག་ངན་དེ་འདྲ་ལྷུང་བ་ངོ་མཚར་ཆེ།
ལས་འབྲས་ཟེར་བ་ཀུན་སློང་གི་ཁྱད་པར་དང་འབྲེལ་བའི་བྱ་སྤྱོད་ལ་བརྟེན་ནས་བཞག་པའི་འབྲས་བུ་ལ་ཟེར། དེ་འདྲའི་ལས་དེ་ལ་ཚེ་འདིར་མཐོང་ཆོས་མྱོང་འགྱུར་དང་། སྐྱེ་བ་གཞན་ལ་མྱོང་འགྱུར། ལན་གྲངས་གཞན་ལ་མྱོང་འགྱུར་སོགས་ཡོད་པ་རེད། རྒྱུས་འབྲས་བུ་དཔོག་པ་དང་འབྲས་བུས་རྒྱུ་དཔོག་པར་བྱ་བ་ནི་དངོས་པོ་ཀུན་ལ་ཁྱབ་པ་ཞིག་ཡིན། སྐབས་འདིའི་ལས་འབྲས་ནི་ཀུན་སྤྱོད་དང་འབྲེལ་བའི་རྒྱུ་འབྲས་ལ་གོ་དགོས་པ་ཡིན། ལས་སམ་བྱ་བ་བཟང་ངན་ལས་འབྲས་བུ་བཟང་ངན་མ་འཆོལ་བར་འོངས་བ་ནི་རྒྱུ་འབྲས་ཀྱི་གོ་རིམ་ཡིན། རྗེ་མི་ལས། དོན་དམ་བདེན་པའི་དབང་དུ་ནི།།སྒོམ་པ་པོ་མེད་བསྒོམ་བྱ་མེད།།ཀུན་རྫོབ་བདེན་པའི་དབང་དུ་ནི།།ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས།།ཞེས་པ་ལྟར་ཆོས་ཐམས་ཅད་སྟོང་ཉིད་ཀྱི་རྣམ་རོལ་དུ་འཆར་བའི་ངོར་ན་ཚུགས་ཐུབ་རྡོག་རྡོག་གམ་སྲ་མཁྲེགས་རང་བཞིན་གྱི་ཀུན་རྫོབ་ཀྱི་སྣང་བ་མེད་ཀྱང་། ང་ཚོའི་སྣང་ངོར་ལས་འབྲས་ཟེར་བ་ཅི་ཡང་མེད་པའི་རྫུན་པ་ཞིག་ག་ལ་ཡིན་ཏེ། བསྙོན་མེད་དང་བསླུ་མེད་དུ་འཆར་བའི་ཕྱིར་རོ། །
་་་་ བཤད་སྟངས་འདིས་ཕྱི་རོལ་མུ་སྟེགས་པས་སྣང་སྲིད་ཀྱི་བྱེད་པོ་ཕྱྭ་དང་དབང་ཕྱུག་ལ་གཏུགས་པ་ལྟར་ལས་འབྲས་ཀྱི་བྱེད་པོ་ཀུན་སློང་ལ་གཏུགས་པ་གསལ་སྟོན་བྱས་འདུག ་་་་ཟེར་
བ་འདིའི་ཕྱུྭ་ཡི་དོན་གང་ཡིན་ནམ། གངས་སེང་ལགས།
ཡང་གངས་སེང་ལགས།
བདེན་མེད་རྟོགས་ན་ཆོས་རྣམ་རྨི་ལམ་ལྟར་སྣང་བ་གསུངས་པ་མ་གཏོགས་རྨི་ལམ་ཡིན་གསུངས་ཡོད་པ་མ་རེད་དོ། རྨི་ལམ་རེད་ཟེར་ན། རྨི་ལམ་དང་རྨི་ལམ་མ་ཡིན་པ་གཉིས་ལ་ཁྱད་པར་འབྱེད་མི་ཤེས་པར་ཤེས་རབ་འཆལ་བར་འགྱུར་བ་ཡང་སྲིད་དོ། །
ཀུན་རྟོག་མ་རིག་པའི་སྣང་བ་འདི་རྒྱུན་མ་ཆད་ཀྱི་བར་དུ། རྣམ་རྟོག་འཁྲུལ་བའི་ཆོས་ལ་གཞི་བཅོལ་ནས་མཐར་ཐུག་ཞི་བ་དམ་པའི་གོ་འཕང་ལ་འབད་བརྩོན་གནང་རྒྱུ་ལས། དང་པོ་ནས་བདེན་པ་དང་འགྱུར་བ་མེད་པ་དངོས་པོའི་གཤིས་མཐར་ཐུག་པའི་གནད་ལ་རེག་ཐུབ་པ་མིན་ནོ། །དེས་ན། དཀར་ནག་རྒྱུ་འབྲས་དགེ་སྡིག་སྤྲིན་གྱིས་སྒྲིབ། །ཅེས་གསུངས་པ་ལོས་ཡིན། །
ཡང་། བསྟན་པའི་དགྲ་བོའི་སྙིང་ཁྲག་ས་ལ་བ་བསྲེས། །རྣམ་ཤེས་མནར་མེད་གནས་སུ་མ་ར་ཡ། །ཞེས་པའི་དོན་མཐའ་དྲུག་དང་། ཚུལ་བཞིས་བཀྲལ་དགོས་པ་ལྟར་གསང་བ་སྔགས་ཀྱི་དོན་ཟབ་མོ་རྣམས་མཐའ་དྲུག་ཚུལ་བཞིས་བཀྲལ་དགོས་པའང་འགོག་མི་ནུས་ཏེ། གཞན་དུ་རིགས་ལྔའི་དམ་ཚིག་ཏུ་མ་བྱིན་པ་ལེན་པ་དང་སྲོག་གཅོད་པ་སོགས་དགོས་པར་བཤད་པ་སྒྲ་ཇི་བཞིན་པར་ཁས་ལེན་ནུས་སམ། རྣམ་རྟོག་ཕྲ་བ་རྣམས་མཐར་ཐུག་དོར་བྱ་ཡིན་པ་ཙམ་གྱིས་དང་པོ་ནས་བླང་བྱ་མིན་པར་མི་འགྱུར་ཏེ། རྒྱལ་ལ་སོགས་པའང་ཆགས་པ་ཕྲ། །ཞེས་སོགས་ཀྱི་བསྟན་དོན་བཞིན་ནོ།།
ཡང་། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ། །ཞེས་ལས་ལས་འབྱུང་བར་གསུངས་པ་དང་། དོན་གྱི་ནང་པའི་ལྟ་གྲུབ་ཟབ་མོའི་གནད་ལ་གོ་མྱོང་མེད་པར་གྲགས་པ་ཙམ་གྱི་རྗེས་སུ་འབྲངས་པའི་ནང་པ་རྣམས་ཀྱིས་ཐམས་ཅད་ཀྱི་རྩ་བ་ཅན་ཡིན་པ་དང་། ཡོད་ཚད་ལས་ལས་བྱུང་བར་འདོད་མོད། འོན་ཀྱང་དོན་ལ་མཐར་ཐུག་ན་འཁོར་བའི་རྩ་བ་བདག་ཏུ་འཛིན་པ་དང་།མྱང་འདས་ཀྱི་རྩ་བ་མེད་རྟོགས་པ་སྟེ། རྣམ་འགྲེལ་ལས། བདག་དང་བདག་གིར་འཛིན་བྱས་པ། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི། །རྒྱུ་ཡིན་དེ་ཡི་གནོད་བྱེད་ནི། །བདག་མེད་མཐོང་བ་འགལ་བ་ཡིན། །ཞེས་སོགས་ཐར་ལམ་རིགས་པས་སྒྲུབ་པ་བཞིན་ནོ།།
ཀརྡོ་གཉེར་ཕྱག་པ་ལགས། ཕྱྭ་དང་དབང་ཕྱུག་ཅེས་པའི་ཕྱྭ་ནི་མཁས་པ་ཁ་ཅིག་གིས་ཕྱི་རོལ་པའི་ཚངས་པ་ལ་གོ་དགོས་ཟེར། ཁ་ཅིག་གིས་བོན་པོའི་གཞུང་འགའ་ཤས་ནང་དུ་ཕྱྭ་རྗེ་རིང་དཀར་ཟེར་བ་ཞིག་ཡོད། དེ་ལ་གོ་དགོས་ཟེར་བའང་ཐོས་མྱངས་ཡོད་ལགས། ཁྱེད་ཀྱི་དྲི་བ་གཉིས་པའི་ལན་ནི། ངས་ལས་འབྲས་ཟེར་བ་དེ་རྨི་ལམ་ལྟ་བུ་རྫུན་མ་རེད། རྨི་ལམ་ཙམ་ལས་གཞན་པའི་དོན་བྱེད་ནུས་པ་ནི་གཏན་ནས་མེད་དོ་ཟེར་བ་ཡིན།
གངས་སེང་ལགས་ཀྱི་ལན་འདེབས་ལ་བཀའ་དྲིན་ཞེས་ཞུའོ། །
གངས་སེང་ལེགས་གྱིས། སློབ་དཔོན་དབྱིག་གཉེན་གྱིས། མཛོད་ལས། ལས་ནི་སེམས་པ་དང་དེས་བྱས། སེམས་པ་ཡིད་གྱི་ལས་ཡིན་ནོ། དེས་བསྐྱེད་ལས་དང་ངག་གི་ལས། དེ་དག་རྣམས་རིགས་རྣམས་རིགས་མིན། ཞེས་དང། ལས་ལས་འཇིག་རྟེན་སྣ་ཚོགས་བྱུང། ཞེས་སོགས་གསུངས་པ་རྣམས་ལ་ལེགས་པར་མ་བརྟའི་པའི་ལན། རྨི་ལམ་གྱི་སྣང་བསྙན་ལྟ་བུ་ཞིག་ལ། རང་གི་ལན་ལེགས་པར་མ་ཐེབ་ཚེ། ཤེས་བྱ་མིན་པ་དང།་ ་བརྗོད་མེད་སོགས་ལ་ཁ་གཡར་ནས་ཉི་མ་ཆོད་ཐབ་བྱེད་པ་ནི། གཞུང་ལུགས་ཆེན་པོ་རྣམས་ལ་ཞིབ་དཔྱོད་མེད་པའི་ལན། དེ་ལྟར་ན་ཐམས་ཅད་མཁྱེན་པ་ལ་ཡང་སྐུར་བ་འདེབ་དགོས་པ་སོགས་ཉེས་པ་མི་ཟད་པ་ཡོད་པའི་བག་ཡོད་པར་བྱས་ན་ལེགས་སོ། གཞན་ཡང་གོང་གི་མཚན་ཉིད་དེ་ནི། གདན་ས་གསུམ་གྱི་ཡིག་ཆ་ཆེན་པོ་བཞིས་མཚོན་པའི་གཞུང་ལུགས་ཆེན་པོ་རྣམས་ནས་རྒྱ་གར་མཁས་པའི་གཞུང་ལ་གཞི་བཅོལ་ནས་གསུངས་པ་ལ། ཆོས་རའི་ནང་ནས་དགེ་བཤེས་རྣམས་གྱིས་རིགས་ལམ་གྱི་གདར་ཤ་བཅད་ནས་དངོས་པོའི་གནས་ལུགས་གཏན་ལ་ཕབ་ནས་བཞག་པ་ཞིག་ལ། བོད་པ་ཡིན་པར་མ་ཟད་ནང་པ་སངས་རྒྱས་པ་ལ་དད་པ་ཡོད་ཚོད་ཅིག་གིས། ་གྲྭ་རྒྱག་གི་ཁ་དང་རྟ་རྒྱག་གི་རྐུབ་ཟེར་ལུགས་གྱི། ཁྱེད་རང་ཡང་ཤེས་ཡོན་ཆེ་ཚོད་འདྲ་འདུག་པའི་བདག་གི་ལན་དེ་ཙམ་གྱིས་ཆོག་པར་བྱ། དགོང་པ་མ་ཚོམ།
ལས་འབྲས་སུན་འབྱིན་མི་ཐུབ་སྟེ།
ནས་ཀྱི་ས་བོན་ལས་ནི་ནས་མྱུག་དེ། །
རྒྱུ་དང་འབྲས་བུ་མིག་གིས་མཐོང་བཞིན་དུ། །
ལས་མེད་འདོད་དང་ཡོད་ཀྱང་དེའི་འབྲས་བུ། །
མེད་པར་འདོད་ན་མཁས་པ་མིན་པའི་རྟགས། །
ལས་འབྲས་རྨོངས་ན་ཞིང་པའི་དགེ་ཕྲུག་གྱིས། །
བཀུར་འོས་ཀརྡོ་གཉེར་ཕྱག་པ་ལགས་ལ་ཞུ་རྒྱུར། ལས་འབྲས་སུན་འབྱིན་མི་ཐུབ་པའི་རྒྱུ་མཚན་ནི། ནས་ཀྱི་ས་བོན་ལས་ནས་མྱུག་འབྱུང་བ་མངོན་སུམ་དུ་མཐོང་བ་འདི་ཡིན་ན་ལས་འབྲས་ལ་རྨོངས་པའི་ཞིང་པ་ཞིག་་མེད་པ་མ་ཟད། ཞིང་པ་ནི་ལས་འབྲས་ཀྱི་སློབ་དཔོན་མཆོག་ཏུ་གྱུར་པ་གྲྭ་སའི་དགེ་བཤེས་ལས་ཀྱང་བཟང་བར་འགྱུར་ཏེ། ས་བོན་ལས་མྱུ་གུ་སྐྱེ་ཚུལ་གྱི་ལག་ལེན་ཞིང་པ་ལས་མཁས་ཞིག་སུ་འཇོག་ཅུང་ཟད་བསམ་དགོས་ལགས།
གངས་སེང་དགེ་བཤེས་ལས་འབྲས་ལ། །
རྨོངས་ན་ཞིང་པ་ཉིད་ལས་སློབས། །
རང་ལུས་ཕ་མ་ལས་བྱུང་ཡང་། །
བདེ་སྡུག་གང་ལས་འབྱུང་ལ་སོམས། །
བདེ་སྡུག་རྒྱུ་རྣམས་ཟས་དང་གོས། །
ཉལ་ཁང་འདོད་པ་ཤིནད་ཏུ་རྨོངས། །
གངས་སེང་རྒྱང་འཕེན་ཤ་ཚུགས་ཅན། །
ཀུ་རེ་ཡིན་ནོ་དྲྭ་གྲོགས་ལགས། །
ཀརྡོ་གཉེར་ཕྱག་པ་ལགས། འཇིག་རྟེན་ན་ཡོད་པའི་བདེ་བ་ཇི་སྙེད་ཐམས་ཅད་སྡུག་བསྔལ་དུ་བཤད་པས་ བདེ་བ་ལ་བདེ་བའི་ངེས་པ་མི་འདུག སྡུག་བསྔལ་ལ་སྡུག་བསྔལ་གྱི་ངེས་པ་མེད་དེ་བདེ་བ་ཐམས་ཅད་སྡུག་བསྡལ་ལས་བྱུང་བར་བཤད། དཔེར་ན་མེ་ནི་མེ་ཡིན་པའི་ངེས་པ་མེད་དེ་ཁྱོད་ལ་མེ་འདུག་སྟེ་ཚ་ཞིང་བསྲེག་པའི་དོན་བྱེད་ནུས་ཀྱང་མེ་བྱི་དཀར་མོ་ལ་མེ་མ་ཡིན་ཏེ། ཚ་ཞིང་བསྲེག་པའི་དོན་བྱེད་མི་ནུས། ང་རང་ཚོས་ཆུ་ནི་ལྕི་བར་ཚད་མས་གྲུབ་ཀྱང་ཉས་ཡང་བར་ཚད་མས་གྲུབ། དེ་ལྟར་ན་འཇིན་རྟེན་ན་བདེ་སྡུག་ཐམས་ཅད་ཡོད་ཚུལ་དེ་འདྲ་ཡིན་པས། དེ་ལ་བློ་གཏད་མ་འཆའ་དྲ་གྲོགས་ལགས།
བཀུར་འོས་རྣ་བ་བརྒྱད་པ་ལགས་སུ་ཞུ་རྒྱུར། རྒྱ་གར་མཁས་པས་མཚན་ཉིད་བཞག་པ་ཐམས་ཅད་གནས་སྐབས་དྲང་དོན་ཙམ་ཡིན་གྱི་ཚད་མས་གྲུབ་དོན་གཏན་ནས་མིན། དཔེར་ན་ནོག་དང་ལྐོག་ཤལ་ལྡན་པ་བ་གླང་གི་མཚན་ཉིད་བཞག་པ་དེ་ཁོ་རང་ཚོའི་མཐོང་ཡུལ་དུ་གྱུར་པའི་རྒྱ་གར་བ་གླང་ལ་གཞིར་བཞག་བྱས་པ་ཡིན་གྱི་བོད་ཀྱི་བ་གླང་ལ་ནོག་ཤལ་མེད་པར་མངོན་སུམ་དུ་གྲུབ། རྔ་མོང་ལ་ནོག་ཤལ་ཡོད་པ་ཡིན་ཡང་བ་གླང་མིན། དེ་ལྟར་ང་ཚོས་ཆོས་རྭའི་ནང་དུ་སྐད་ངར་བྱས་པ་ཐམས་ཅད་རྒྱུ་མཚན་དེ་འདྲ་ཞིག་རེད།
གངས་སེང་ལེགས། ཁྱེད་རང་གསུངས་པ་ལྟར། ཕྱིར་རྒྱ་གར་པའི་གསུང་ཡིན་ཚད་རྣམས་ལ། ཁྱབ་མཐའ་བཟུང་ནས་ཁས་ལེན་མི་རིགས་ཀྱང། འདིར་ནི་དཔལ་ནཱ་ལེནྡྲའིཔཎ་གྲུབ་བཅུ་བདུན་གྱིས་གསུང་ལ་གཞི་བཅོལ་ཞིང་དེ་ཡང། རྣམ་འབྱེད་ཀྱི་མདོ་དང། ས་ལུ་ལྗང་བའི་མདོ་དང། ས་བཅུ་བའི་མདོ་སོགས་ལ་རྟེན་ནས། ཀླུ་སྒྲུབ་དང། ཐོག་མེད་དང་། དབྱིག་གཉེནདང། ཟླ་བ་གྲགས་པ་སོགས་གྱིས་རྟེན་འབྲེལ་མདོ་འགྲེལ་དང་འཕགས་པ་ས་ལུ་ལྗང་བའི་མདོའི་འགྲེལ་བ་དང་རྣལ་འབྱོར་སྤྱོད་པའི་ས་དང་མངོན་པ་མཛོད་འགྲེལ་བ་དང་བཅས་པ་རྣམས་སུ་གསུངས་པ་ཡིན་ལ། དེ་དག་ལས ནང་བའི་གྲུབ་མཐའ་སྨྲ་བ་བཞི་ལ། ཁས་ལེན་ཅུང་མི་འདྲ་བ་ནི། ལས་སྤྱི་ཙམ་ལ་མི་མཐུན་པ་མེད་ཀྱང། བྱེ་བྲག་དུ་ལས་ངག་གི་ལས་ལ་འདོད་ཚུལ་མི་མཐུན་པ་ཅུང་ཙམ་ཡོད་དེ། བྱེ་སྨྲ་དང་ཐལ་འགྱུར་བ་གཉིས་ཀྱི་ལས་ངག་གི་ལས་གཟུགས་ཅན་དུ་འདོད་པ་མ་གཏོགས་ཁྱད་པར་གཞན་མེད་དོ། གཞན་ཡང་ཁྱེད་རང་གི་དོག་པ་དེ་ནི། གྲྭ་ས་ཁེག་གིས་ཆོས་རྭའི་ནང་དུ་ཁ་དོག་དཀར་དམར་འཛིན་གྲྭ་རྣམས་གྱིས་ཐོག་མའི་དོག་པ་ཆུང་ཆུང་ཞིག་ཡིན་ལ། དོག་པ་དེ་ནི་། བ་གླང་དང། བ་མིན་གཅིག་དུ་འཁྲུལ་བ་ཡིན་ནོ།
གྲོགས་པོ་རྣ་བ་བརྒྱད་པ་ལགས། བ་གླང་དང་བ་མིན་གཅིག་ཏུ་འཁྲུལ་གསུངས་པ་དེ་ཁྱེད་ཀྱི་དོག་པ་ཙམ་ལས་ངས་དེ་གཉིས་གཅིག་རེད་དུས་ནམ་ཡང་བཤད་མི་སྲིད།
གངས་སེང་ལེགས། བ་མིན་ཞེས་པ་ནི་བ་གླང་མ་ཡིན་པ་ཡིན་ཚད་ལ་མི་ཟེར་གྱི། བ་འདྲ་ལ་ཟེར་བ་ཡིན། བ་འདྲ་བ་གླང་དུ་འཛིན་པ་ན་ཐ་སྙད་དེ་ལྟར་བརྗོད་པ་ཡིན། དེས་ན་བ་གླང་མ་ཡིན་ན་བ་མིན་ཡིན་མི་དགོས་དེ། དཔེར་ན། ཚ་བ་ཡང་ཡིན་ལ་སྤྲེག་པ་ཡང་ཡིན་ན་ཚ་ཞིང་སྤྲེག་པ་ཡིན་མི་དགོས་པ་དང། མཛོད་ལས་ གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། ཞེས་པའི་སྐབས་སུ་བསྟན་པའི་དབྱིབས་གཟུགས་བརྒྱད་གྱི་ནང་དུ་གྱུར་བའི་ཕྱ་ལེ་བ་མ་ཡིན་ན་ཕྱ་ལེ་བ་མ་ཡིན་པ་ཡིན་མི་དགོས་པ་བཞིན་ནོ། དེ་ནི། ཚད་མ་རྣམ་འགྲེལ་ལས། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། མ་བརྗོད་ན་ཡང་འདོད་པའི་ཁྱབ། ཞེས་གསུངས་བ་ལྟར། སྒྲ་རྣམས་འདོད་པའི་དབང་གི་འཇུག་པའི་རྒྱུ་མཚན་གྱིས་ཡིན་ནོ།
གོང་གིའཆན་དུ། དབྱིབས་གཟུགས་བརྒྱད་གྱི་ནང་ཚན་དུ་གྱུར་བའི་ཕྱ་ལེ་བ་མ་ཡིན་ན་ཕྱ་ལེ་བ་མ་ཡིན་པ་ཡིན་མི་དགོས་ཞེས་པ། ཕྱ་ལེ་བ་མ་ཡིན་ན་མཛོད་ནས་གསུང་བའི་དབྱིབས་གཟུགས་བརྒྱད་གྱི་ནང་ཚན་དུ་གྱུར་བའི་ཕྱ་ལེ་བ་མ་ཡིན་པ་ཡིན་མི་དགོས་ཞེས་བཅོས་རོག
བདེ་སྡུག་རང་རང་རྒྱུ་ལས་འབྱུང་། །
དེ་ཕྱིར་སྤང་བླངས་དབྱེ་འབྱེད་དགོས། །
དགའ་དང་མི་དགའ་རྨི་ལམ་འདྲ། །
དེ་ཕྱིར་ཆགས་སྡང་བཏང་སྙོམས་མཛོད། །
རྒྱ་འབྲས་སྒྱུ་འདྲ་རྨི་ལམ་འདྲ། །
འོན་ཀྱང་བདེ་སྡུག་རྨི་ལམ་མིན། །
རྨི་ལམ་འདྲ་ན་རྨི་ལམ་མིན། །
དེ་ཕྱིར་ལས་འབྲས་མེད་དོན་མེད། །