གངས་སེང་།
མུ་སྟེགས་སྲིན་པོའི་སྤྱོད་པ་འམ།། བརྟུལ་ཤུགས་ཆེན་པོར་སྤྱོད་ནུས་ན།། བཟང་ངན་མེད་པ་གང་བྱེད་པ།། དེ་ནི་རྫོགས་ཆེན་སྣོད་ཏུ་བསྔགས།། ཞེས་པའི་གཞུང་ཚིག་འདི་ནི་ཐེག་པའི་ཡང་རྩེ་བླ་མེད་རྫོགས་པ་ཆེན་པོའི་ངེས་དོན་སྟོན་བྱེད་ཅིག་རེད། རྟོག་གེ་བ་རྣམས་ཀྱིས་འདི་ནི་དྲང་དོན་ཡིན་ཟེར། དེ་ལྟར་ཟེར་དོན་ནི། ཁྱེད་ཅག་གི་འདོད་པའི་ལས་འབྲས་ལ་ཡིད་ཆེས་དང་གཟབ་ནན་དགོས་པའི་རྒྱུ་མཚན་ཙམ་ལས་གཞན་པའི་གཏན་ཚིགས་གང་ཡང་མེད། ལས་རྒྱུ་འབྲས་ཟེར་བའི་སྐད་གྲགས་ཅན་དེ་ནི་མདོར་བསྡུས་ན། སོ་སོའི་ཀུན་སློང་ལ་ཐུག་ཡོད། ཀུན་སློང་ནི་སེམས་རྒྱུད་ཀྱི་བསམ་ཚུལ་ཞིག་ཡིན། མི་གང་ཞིག་ལ་བསམ་ཚུལ་བཟང་པོ་ཞིག་ཡོད་ན། མི་གསོད་ཁྲག་སྦྱོར་གྱི་ལས་ལ་ཞུགས་ཀྱང་སྡིག་པ་སྤུ་ཙམ་མེད་པ་མ་ཟད་དགེ་བ་རྣམ་པར་དག་པ་ཤ་སྟག་གསོག་གིན་ཡོད་ཟེར་བ་དང་། བསམ་ཚུལ་ངན་པ་ཞིག་ཡོད་ན། འཛམ་བུ་གླིང་གི་མི་ཚང་མ་དགོས་འདོད་ཕུན་སུམ་ཚོགས་པའི་ལྷ་ཡུལ་ཞིག་ལ་བསྐྱལ་ཡང་སྡིག་པ་འབའ་ཞིག་ལས་དགེ་བ་གཏན་མེད་ཟེར་བ་དེ་རེད། བཤད་སྟངས་འདིས་ཕྱི་རོལ་མུ་སྟེགས་པས་སྣང་སྲིད་ཀྱི་བྱེད་པོ་ཕྱྭ་དང་དབང་ཕྱུག་ལ་གཏུགས་པ་ལྟར་ལས་འབྲས་ཀྱི་བྱེད་པོ་ཀུན་སློང་ལ་གཏུགས་པ་གསལ་སྟོན་བྱས་འདུག དོན་དངོས་ཐོག་ཀུན་སློང་དེའི་གནས་ཚུལ་གང་འདྲ་ཞིག་ཡོད་ཅེས་དྲིས་ན། སུས་ཀྱང་དེ་ལ་བཟང་ངན་གྱི་རྣམ་བཞག་འབྱེད་རྒྱུ་ཡོད་པ་ཞིག་ད་བར་རྙེད་མེད་དེ། ཁ་ཅིག་གིས་དུས་ཀྱི་ཐུང་མཐའི་ཡུད་ཙམ་ཕྲ་མོ་ཆ་མེད་ཅིག་དང་། ཁ་ཅིག་གིས་རང་སེམས་རང་གིས་མྱོང་ཆ་ཙམ་དང་། ཁ་ཅིག་གིས་རང་ངོས་ནས་མ་གྲུབ་པ་སྒྱུ་མ་ལྟ་བུ་ཞིག་ལ་གཏུགས་ཡོད་ཀྱང་དེ་ཀུན་སྒྱུ་མས་སྒྱུ་མ་ལ་རྒྱབ་རྟེན་བཙལ་རྐུ་མས་རྐུ་མ་བདེན་པར་སྒྲུབ་པ་ལྟ་བུ་ལས་གཞན་པའི་རིགས་པ་ཅི་ཡང་མེད། དེ་ལ་གཞིགས་ན་ལས་འབྲས་ཀྱི་གཞི་རྟེན་མེད་བཞིན་དུ་དེ་ལ་ཆ་འཇོག་བྱེད་པ་རྐུན་ཇག་ཁྲམ་གསུམ་ལ་ཕུག་རྩ་བཅོལ་བ་ལྟར་དུ་གྱུར་མི་འདུག་གམ། དགེ་སྡིག་གི་ཕུག་རྩ་སོ་སོའི་ཀུན་སློང་ལ་རག་ལས་ཡོད་ན། རྣམ་དཔྱོད་ཀྱི་ཤེས་རབ་གལ་གནད་ཆེ་བར་བཤད་ཀྱིན་འདུག་པ་དེ་རྒྱུ་མཚན་ཅི་ཞིག་ཡོད་དེ། ཀུན་སློང་གིས་ཐམས་ཅད་དགེ་བ་འབའ་ཞིག་བསྒྱུར་ཆོག་པའི་ཕྱིར། འདི་ལ་བསམ་ན་རྒན་མོས་ཁྱི་སོ་ལ་སངས་རྒྱས་ཀྱི་འདུ་ཤེས་བཞག་སྟེ་གསོལ་བ་བཏབ་པས་རིང་སེལ་འཁྲུངས་པར་བཤད་པ་འདི་ལས་འཕྲོས་པ་མིན་ནམ་སྙམ། བརྟག་ཅིང་དཔྱད་པའི་ཚེ་དགེ་སྡིག་མ་རྙེད་ཀྱང་ལས་འབྲས་ཡང་དག་པར་ཡོད་ཟེར་བ་ནི་རྨོངས་པ་ཅན་མགོ་བསྐོར་གཏོང་བྱེད་ཙམ་མམ་གཡོ་སྒྱུའི་དྲན་འཕྲུལ་ཙམ་དུ་ཟད་དོ། སེམས་རྒྱུད་ཀྱི་ཉོན་མོངས་དུག་ལྔ་འདི་སྤང་དགོས། དེའི་གཉེན་པོ་སྦྱིན་པ་དང་བྱམས་པ་སོགས་སྒོམ་དགོས་ཟེར་འདུག་ཀྱང་། བྱམས་པ་ལ་ཇི་ལྟར་གོམས་འདྲིས་སོང་ཡང་ཞེ་སྡང་གཏན་སྤྲུག་བྱེད་ཐུབ་ཐབས་ཞིག་མེད་དེ། དཔེར་ན་ཨ་མས་བུ་ལ་བྱམས་པ་ཆེ་བ་སུ་ལའང་མེད་ཀྱང་སླར་ཡང་ཨ་མས་བུ་ལ་ཞེ་སྡང་བྱེད་པ་འཇིག་རྟེན་ན་མཐོང་ཆོས་ཡིན་པའི་ཕྱིར། མདོར་བསྡུས་ན་ལས་འབྲས་ཀྱི་རྣམ་བཞག་དང་བྱམས་རྙིང་རྗེའི་ཉམས་ལེན་བདག་མེད་རྟོགས་པའི་ཤེས་རབ་ཟེར་བ་དེ་ཀུན་རྨི་ལམ་ནང་གི་སྦྲང་རྩི་ཟོས་པའི་དགའ་ཚོར་དང་བུ་ཤིའི་སེམས་སྡུག་ཙམ་ལས་མཐར་ཐུག་གི་བདེན་པ་གང་ལའང་མེད་པར་ཐག་ཆོད་དོ། རྨི་ལམ་ཙམ་ཞིག་གིས་འབྲས་བུ་བཟང་ངན་སྦྱིན་ནུས་ན་རྨི་ལམ་ན་མི་བསད་པས་དམྱལ་བར་ཅིའི་ཕྱིར་མི་སྐྱེ། ལས་འབྲས་རྫུན་མ། དེའི་རྟེན་གཞི་ཀུན་སློང་རྫུན་མ། འཇིག་རྟེན་འདི་ན་སེམས་དག་པ་དང་མ་དག་པ་ཇི་སྙེད་བཞག་པ་ཀུན་རྫུན་མ་སྟེ། རྨི་ལམ་གྱི་སྣང་ཚུལ་ཙམ་ལས་མེད་དོ། 2012/10/3ཉིན་བྲིས།