བྲག་རྗེ་སྐལ།
ཆུང་བྱིས་པ་གོམ་འགྲོས་འཁྱོལ་མིན་གྱི་ཙམ་ནས།།
མགོའི་སྐྲ་ལོ་རྒྱ་ལྗང་རལ་གྲི་ཡིས་བཅད་སོང་།།
གྲོང་ན་མཉམ་བྱིས་པའི་རྩེད་ར་རུ་མ་སླེབས།།
རི་ལུང་པའི་ཕུག་གི་དགོན་པ་ལ་བརྫངས་སོང་།།
བརྩེགས་རིམ་པ་ཅན་གྱི་སློབ་ཁང་ཡང་མ་རིག །
གོས་སྒྲིག་ཆས་གྱོན་པའི་སློབ་གྲོགས་ཀྱང་མ་རྙེད།།
སྣ་དྲི་མས་གཅོད་པའི་ཧྲལ་ཧྲུལ་གྱི་ཡིག་ཉོག །
དབུག་ཧལ་ཧལ་བར་མེད་ཀློག་འདོན་ལ་བརྩོན་ཡིན།།
སྐད་ཡིག་རིགས་འདྲ་མིན་ཆུ་བཞིན་དུ་རྒྱུགས་པའི།།
དེང་བློ་དཔྱོད་ཡངས་པའི་དགེ་རྒན་ཡང་མ་བྱུང་།།
སྐེ་དྲེག་པས་གཡོག་པའི་མགོ་རྡོག་འགའི་ལྷན་དུ།།
སྐད་འགག་འགག་ཆོ་ག་ཁ་བྱང་ལ་བཏང་ཡིན།།
ཡུལ་ཀུན་དང་མཐུན་པའི་སློབ་ཆུང་དང་སློབ་འབྲིང་།།
གནས་གོ་རིམ་ཅན་གྱི་འཛིན་མཐར་ཡང་མ་ཕྱིན།།
རས་དམར་པོའི་ལྭ་རིང་ལུས་པོ་ལ་བསྒོས་ནས།།
རྔ་སྦུབ་ཆལ་ཁུར་ནས་རི་ལུང་ཀུན་གཤེགས་ཡིན།།
ལུས་ལང་ཚོ་བཀྲ་བའི་སྨན་ཆུང་གི་བུ་མོའི།།
སེམས་དམར་ཆུང་ཤོར་སའི་འཛུམ་ཆུང་ཡང་མ་མཐོང་།།
གཟན་ལྷབ་ལྷུབ་འོག་གི་གྲྭ་གཞོན་གྱི་ཞལ་ལ།།
མིག་ཁྲ་ཁྲས་ཟུར་མདའ་འཕེན་དགོས་དེ་ཐུག་སོང་།།
ཆེས་མཐོ་རིམ་གཙུག་ལག་སློབ་གྲྭ་དག་འགྲིམ་ནས།།
ཚན་རིག་དང་ལག་རྩལ་སྦྱངས་སྐལ་དེ་མ་ཐོབ།།
རྟ་ལྕག་དང་ཀོ་ཐག་དབྱུག་པ་ཡི་འོག་ནས།།
གཞུང་པོད་རྙིང་མང་པོ་བཟླ་དགོས་སུ་བྱུང་སོང་།།
རྒྱལ་ཕྱི་ནང་རང་ཡུལ་རང་ཁྱིམ་བཞིན་འགྲིམ་པའི།།
ཕྱི་ནང་གི་ཤེས་བྱའི་མཁྱེན་རྒྱ་དེ་ངར་མེད།།
ས་ཁུག་ཁུག་དགོན་ལུ་ཆུང་ཆུང་གི་ནང་དུ།།
འུད་ཆེན་པོའི་རྐང་ལག་རྡེབ་ཀྱིན་དུ་བསྡད་ཡོད།།
ཡག་གི་ཨ་རོ། སྐལ་དོན། སེམས་ཤུགས་མ་ཆགས་ད་རུང་ལོ་ཆུང་རེད། གྲྭ་ཟུར་བྱས་ན་ཆོག་གི་རེད་ཨ།
ལས་སྐལ་འདྲ་འདྲ་རེད་འདུག
ཡ་ཡ་སྙིང་རྗེ་་་་་་་་་་། ངའི་གྲོགས་པ་དེ་འདི་འདྲའི་སྡུག་ཅིག་གི་འོག་ཏུ་ཚུད་ཡོད་པ་འདྲ། ཧཧཧཧཧཧ
ངོ་མའི་སྙན་མོ་ཅིག་བྲིས་འདུག་ལ་དོན་དངོས་ཀྱང་ཡིན་པར་སེམས། བྲིས་རྩོམ་གྱི་ངར་ཤུགས་ལ་བལྟས་ན་ད་དུང་གཞོན་རབས་འདུག་པས་མང་པོ་ཞིག་གི་གོ་སྐབས་ཤོར་སོང་རུང་ལ་ལ་ཞིག་གཞི་ནས་མགོ་བརྩམ་ཀྱང་མ་འགྲིག་པ་མི་འདུག་བསམ།
ངོ་མ་སྙན་གི་ཨ་རོ་ ང་ཡང་ཁྱོད་དང་གཅིག་མཚུངས་ཀྱི་ལམ་བུ་དེ་སྙོག་ཡིན།