ཨེ་མ་ཧོ།
ཀ་བ་བུམ་པ་མཆོད་རྫས་ལྷ་ཁང་གི །
ཁ་བའི་སྲོལ་རྒྱུན་རིག་པའི་སྐུ་གསུང་རིགས།།
ག་ཚད་ཡོད་པར་ཐམས་ཅད་མེས་ཚིག་ཀྱང་།།
ང་ཚོས་སྐྱོབ་པའི་གོ་སྐབས་བྲལ་འདི་སྐྱོ།།
ཅ་ལག་ཕལ་ཆེར་ཐལ་བའི་ཕུང་པོར་གྱུར།།
ཆ་རྐྱེན་བཟང་པོའི་འདུ་ཁང་ཚིག་པ་འདི།།
ཇ་ཆང་གསོལ་སྟོན་ཆོས་སྐྱོང་མཐུ་མིན་པར། །
ཉ་ཉོག་ནང་བཞིན་མེ་དོགས་མེད་པས་ལན། །
ཏ་ཐཱ་ག་ཏའི་བསྟན་པའི་བདག་པོས་ཀྱང་། །
ཐ་དག་འཇིག་པའི་མི་རྟག་མཐའ་བཞི་གསུངས། །
ད་ནས་དལ་འབྱོར་སྙིང་པོ་ལོན་པར་སྐུལ། །
ན་ཚོད་ཁྱད་མེད་ཀུན་གྱིས་ཆོས་ལ་འབད། །
པ་ར་མི་ཏའི་སྦྱིན་འབུལ་མཆོད་གནས་དང་། །
ཕ་ཡུལ་གནོད་པའི་འབྱུང་དགྲ་འཚེ་བ་ལ། །
བ་གམ་བརླགས་པར་སྙིང་ནས་མྱ་ངན་ཞུ། །
མ་རུང་བར་ཆད་སེལ་བའི་སྨོན་ལམ་འདེབས། །
ཙ་ར་གཅོད་པའི་མེ་དོག་བག་ཡོད་དང་། །
ཚ་བསྲེག་གནོད་པའི་ཕྱི་ནང་རྐྱེན་ངན་ལ། །
ཛ་དྲག་བསལ་བའི་སྲུང་སྐྱོབ་ཀུན་ནས་གཅེས། །
ཝ་ལེར་དྲན་ཤེས་བརྟེན་པ་ཤིན་ཏུ་གལ། །
ཞྭ་སེར་བསྟན་པའི་དགོན་ཆེན་ལི་ཐང་དུ། །
ཟ་ཧོར་མཁན་པོའི་རྒྱུད་འཛིན་མཁན་རབ་མང་། །
འ་ཅག་སྐྱིད་སྡུག་གཅིག་པ་སོང་བའི་ཕྱིར། །
ཡ་ཁོག་སྡུག་གིས་ཁེངས་པ་ཉུང་ཉུང་མིན། །
ར་བ་གསེར་དངུལ་དྲ་བས་གཡོགས་ན་ཡང་། །
ལ་ལུང་ལྕགས་རིས་སྲ་མོས་གཏུམས་ན་ཡང་། །
ཤ་ཚ་སྙིང་རྗེས་བདག་སྐྱོང་བྱས་ན་ཡང་། །
ས་འདིར་མི་འཇིག་གནས་པ་གཅིག་ཀྱང་མེད། །
ཧ་ཅང་གཅེས་པའི་ལུས་ཀྱང་དོར་ངེས་པས། །
ཨ་ཁ་ང་ཚོའི་མི་ཚེ་ཡུན་ཐུང་ལ། །
བཤད་སྒྲུབ་ཕྲིན་ལས་བརྩོན་པའི་དགེ་ལུགས་པའི། །
བསྟན་པའི་སྙིང་པོ་རང་གཞན་དོན་སྒྲུབ་སྨོན། །
ལྷག་པར་གར་དབང་ཡེ་ཤེས་རྡོ་རྗེས་དཔུང་། །
གོང་འཕེལ་ལུང་རྟོགས་བསྟན་པ་དར་རྒྱས་ཤོག །
ཧ་ཅང་འགྱོད་པའི་མྱ་ངན་ཞུ་སྨོན་འདི། །
ཨ་ལགས་ཤྲྰིཿ་སྨྱོན་པས་སྙིང་ནས་ཕུལ། །
ཞེས་པ་འདི་ཡབ་ལི་ཐང་དགོན་ཆེན་གྱི་ལྷ་ཁང་མེ་རུ་འབར་བའི་གསར་འགྱུར་ངན་པ་དགེ་བཤེས་་ཆེན་པོ་བེ་རི་འཇིགས་མེད་དབང་རྒྱལ་གྱི་ངོ་དེབ་ལས་མཇལ་མ་ཐག་ཤྲྰིས་བོད་ཡུལ་གྱི་ས་ཆུ་མེ་རླུང་གི་འཇིགས་པ་ལ་སེམས་ཁྲལ་བཅས་བྲིས་པར་དགེའོ། །