མྱི་ལྟིག
མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་གི་རྒྱལ་གཅེས་པ་ག་གེ་མོ་སུ་ཡིན་རུང་ཚེ་སྲོག་རང་གི་མི་རིགས་དེའམ་རྒྱལ་ཁབ་དེའི་བདེ་སྡུག་གི་ཆེད་དུ་བློས་བཏང་བྱས་ཚེ་ཁྱོད་ལའང་དེ་ལྟར་རླབས་ཆེན་གྱི་བྱ་གཞག་ཅིག་ལ་ལག་པ་འཆང་བའི་བློ་སྤོབས་དང་སྙིང་རུས་བ་སྤུ་ཙམ་ཡང་ཁ་སེམས་གཉིས་ཀྱི་གང་ནའང་མེད་པ་དེ་ཙམ་མི་སྐྱོན་མོད། ཉེ་ལམ་༧གོང་ས་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་བརྩི་སྲུང་གི་ཆེད་དུ་གླུ་གཞས་འདུ་ཚོགས་ཤིག་ཚོགས་པ་ག་གེ་མོ་ཞིག་གིས་གྲ་སྒྲིག་བྱས་ཏེ་འཛིན་བྱང་གི་རིན་དོད་དུ་ཧིན་སྒོར་བདུན་དང་ཟུར་དུ་ཞལ་འདེབས་ཕུལ་མཁན་ཡོད་ཚེ་དེ་ལུགས་གྲ་སྒྲིག་སྟབས་བདེ་ཞིག་བྱས་འདུག དེ་དང་འགྲོགས་ཏེ་ཚོགས་པ་དང་མི་སྒེར་མགོ་བདེ་སྐོར་ཞིག་གིས་ཀྱང་ཁ་རུ་རྒྱལ་གཅེས་པ་དག་ཁྱེར་ཏེ་གླུ་ལེན་གར་འཁྲབ་དང་སྤོ་ལོའི་འགྲན་བསྡུར་སོགས་བསྡུ་བ་ནི་ཁ་ཡག་ལ་བསྐོར་ཏེ་མགོ་ཡོག་ཏུ་བཅུག་པ་རང་རེད། མི་འགྱངས་པར་ཚོགས་སྡེ་དེ་རིགས་ཀྱིས་རྒྱལ་གཅེས་པ་དག་གི་ཆེད་དུ་ཡིན་མདོག་གིས་ལོ་ གསར་རྒྱས་པ་ཞིག་གི་མཉམ་དུ་འདུ་ཚོགས་རྒྱས་པ་ཞིག་ཀྱང་བསྡུ་མི་སྲིད་པ་མ་རེད།དེར་བརྟེན་ངས་དེ་རིང་ཚོགས་སྡེ་དེ་དག་དང་མི་སྒེར་དེ་དག་ལ་སྐད་ཆ་འགའ་བཤད་འདོད་བྱུང་སོང་། ཁྱོད་ཚོའི་སེམས་བསམ་པའི་གཏིང་དང་བློ་རྒྱུ་མའི་ཁུགས་ན་རྒྱལ་གཅེས་པ་དག་ནེམ་གྱི་ལེར་འཁྱིལ་ཡོད་པ་བདེན་ན་དེ་རིང་ངམ་སང་ཉིན་ནས་བཟུང་རྒྱལ་ གཅེས་པ་དག་གི་ཆེད་དུ་གླུ་ལེན་གར་རྩེད་གྲ་སྒྲིག་བྱ་བ་ལས་སྙན་ངག་གྱེར་འདོན་དང་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱིས་མཚོན་པའི་འོས་བབ་ཀྱི་ལས་འགུལ་རེ་རྒྱལ་གཅེས་པ་དག་གི་ཆེད་དུ་སྤེལ་དང་ཟུངས་ཁྲག་གངས་འདབས་སུ་རྒྱས་ཤིང་ཟུངས་ཤུགས་རང་རིགས་ཀྱི་ཆེད་དུ་བསྟིམ་འདོད་མཁན་མང་པོ་ཞིག་གིས་ཀྱང་ཁྱོད་ཚོའི་ལས་འགུལ་རྣམ་དག་དེའམ་བྱ་འགུལ་གཙང་མ་དེར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་དང་ཡི་རངས་བྱ་ངེས། དེའི་རླབས་དང་འགྲོགས་ཏེ་ཉིས་སྟོང་བདུན་བརྒྱད་ཀྱི་ལས་འགུལ་ལྟ་བུའི་རྦ་རླབས་ཤིག་འཕྱུར་ངེས་ལ་ནུས་ཤུགས་ཀྱི་ངོས་ནས་ཀྱང་སྤོ་ལོ་འགྲན་བསྡུར་དང་གླུ་གཞས་འདུ་ཚོགས་ལས་ལྡབ་འདི་ཙམ་གྱིས་ཕན་ངེས་ཞེས་གཏིང་ཐག་མི་ཆོད་རུང་མང་པོ་ཞིག་གིས་རྣ་བས་ཉན་ས་དང་མིག་གིས་བལྟ་ས་རུ་འགྱུར་བའི་ཡིད་ཆེས་གོང་གི་ལས་འགུལ་དག་ལས་མཐོ་ས་ཞིག་ཏུ་ཡོད། དེ་ལྟར་མ་ཡིན་པར་མུ་མཐུད་དུ་གོང་མཚུངས་ཀྱི་བྱ་འགུལ་དེ་རིགས་སྤེལ་ཚེ་རང་ཉིད་ཀྱི་ངོས་ནས་རྒྱབ་སྐྱོར་དང་རྗེས་འདེད་ཡེ་ནས་མེད་པར་མཐའ་གཅིག་ཏུ་གྱེན་ལོག་གི་སྐད་ཆ་བཤད་རྩིས་ཡོད་ལ་དེ་བཞིན་བྱ་འགུལ་ཐེབས་ཆག་འདི་རིགས་བོད་ཕྱི་ནང་གི་དྲ་རྒྱ་ཁག་ཏུ་གཏང་སྟེ་ཚོགས་སྡེ་དེ་རིགས་ལ་ལན་གདབ་ཏུ་འཇུག་རྩིས་ཡོད་པས་དེ་ལུགས་གཟབ་སྣང་ཡོད་པར་མཁྱེན་མཁྱེན་ཞུ།
2012 9 11དགོང་མོ་ནོར་གླིང་གི་རང་ཤག་ཏུ