ཆུ་རླངས་འབྲུག་བྱམས།
བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་སྐབས་༡༦་པའི་ཚོགས་དུས་༧པའི་ཐོག་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་བཀའ་བློན་དུ་འོས་འདེམས་བྱུང། སྲིད་སྐྱོང་ལགས་ནས་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ཀྱི་ལོ་རྒྱུས་རྒྱས་པ་ཞིག་གྲོས་ཚོགས་སུ་ངོ་སྤྲོད་གནང། ཚོགས་གཙོ་ལགས་ཀྱིས་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་བཀའ་བློན་དུ་འདེམས་པར་དགག་བྱ་ཡོད་མེད་འདྲི་སྐབས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་དགག་བྱ་བྱུང་དེ་ཐད་ཀར་བཀའ་བློན་དུ་འོས་འདེམས་བྱུང་མེད། མཐར། སྤྱི་འཐུས་ངོ་ཡོད་༤༣ ནས་འོས་ཤོག་འཕངས་ཏེ་འོས་བླུགས། སྤྱི་འཐུས་ཚོགས་གཙོ་ལགས་ནས་འོས་མི་བླུག་རྒྱུ་ཐག་གཅོད་བྱས། འོས་ཤོག་སྟོང་པ་གཅིག་དང་རྩིས་མེད་གཉིས། རྒྱབ་སྐྱོར་མེད་མཁན་སྤྱི་འཐུས་༡༨ དང། རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་༢༡ བྱུང་ཤིང་། སྤྱི་འཐུས་ཚོགས་གཙོ་ལགས་ནས་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་བཀའ་བློན་དུ་འདེམས་ཐོན་བྱུང་བའི་གསལ་བསྒྲགས་གནང།
ལུག་རྫི་མཁན་པོ་དང། རྭ་རྫི་དགེ་བཤེས། ནོར་རྫི་སྤྱི་འཐུས་རྣམས་ཀྱིས་ལག་པས་མདུན་ཅོག་སྟེང་ཏུ་གཞུས་ནས་དགའ་བསུ་བྱས། གསར་འགོད་པ་རྣམ་གྱིས་ལག་ཏུ་པར་ཆས་འཁྱེར་ནས་བཀའ་ཤག་གྱི་ལས་ཁུངས་སུ་སོང་ནས་བདམས་ཐོན་བྱུང་བའི་བཀའ་བློན་ལ་བཅར་འདྲི་བྱས། བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་རྐུབ་སྟེགས་སྟེང་ཟུར་ཏུ་བསྡད་ནས་རྐང་པ་གཡོན་པ་གཡས་པའི་སྟེང་དུ་བཞག། ལག་གཡོན་པའི་འགྲམ་པ་སྐྱོར་བཞིན་དགའ་ཚོར་དང་བཅས་རང་ཉིད་ཀྱིས་ལོ་ངོ་བཞི་བཅུ་ལྷག་རིང་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་ཞུས་པའི་སྐོར་བཤད། བོད་ཀྱི་གསར་ཁང་ཚང་མའི་ནང་དུ་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་བཀའ་བློན་དུ་བདམས་ཐོན་བྱུང་བའི་གསལ་བསྒྲགས་བྱས། གསར་ཤོག་དང་གསར་འགྱུར་ཚང་མའི་ནང་དུ་སྟོབས་རྒྱལ་ཚེ་རིང་བསྒྲགས། སྟོབས་རྒྱལ་ཚེ་རིང་སྐད་གྲགས་ཆགས། སྟོབས་རྒྱལ་ཚེ་རིང་ལ་འཚམས་འདྲི་ཞུ་མཁན་ཧ་ཅང་མང། སྲིད་སྐྱོང་དང་བཀའ་བློན་རྣམས་ཀྱིས་སྟོབས་རྒྱལ་ཚེ་རིང་ལ་བཀྲིས་བདེ་ལེགས་ཞུས། མ་བསམ་ས་ནས། འབྲུག་སྒྲ་ཆེན་པོ་ཞིག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གྲགས། བདམས་ཐོན་བྱུང་བའི་བཀའ་བློན་ལ་བརྒྱ་ཆ་ལྔ་བཅུ་ལོན་མི་འདུག་ཅེས་ངོས་ལེན་བྱས་མེད།
གསར་འགོད་པ་ཚོ་ཡང་བསྐྱར་ཚོགས་གཙོའི་སར་བཅར་ནས་དྲི་བ་བཏང། ཚོགས་གཙོས་ང་ཚོས་དངོས་ནས་བརྒྱ་ཆ་ལྔ་བཅུ་ལོན་པ་ཞིག་ལ་ངོས་འཛིན་བྱེད་གི་ཡོད་ཟེར་ནས་བསྐྱར་བཤད་བྱས། མི་དམངས་ཚང་མ་ལྐུགས་པ་བཟོས། སྤྱི་འཐུས་ཚོ་ལྐུགས་པ་ཆགས། གསར་འགོད་པ་ཚོ་སེམས་ལ་དྲན་རྒྱུ་གཅིག་ཀྱང་མ་བྱུང་བར་མགོ་ནག་འཐོམས་མེར་སོང། བཀའ་བློན་དང་སྤྱི་འཐུས་ཚོ་མགོ་འཐོམས་ནས་བསྡད། གླང་རྒན་གྱི་རྭ་མགོར་རྡོ་ཡི་གཞུས་པ་ནང་བཞིན་བཀའ་བློན་དང་སྤྱི་འཐུས་ཚོའི་མགོའི་ནང་དུ་གློག་དམར་འཁྱུག གྲོས་ཚོགས་ནང་གི་ཡོད་ཚད་ཁ་མདོག་སེར་པོ་རུ་གྱུར། ནམ་རྒྱུན། ང་མཁན་པོ་ཡིན། ང་དགེ་བཤེས་ཡིན། ང་ཆབ་སྲིད་པ་ཡིན་ཟེར་མཁན་ཚོས་ལུང་ཚན་གྱི་ཆེད་དུ་ཤི་འཐམ་རོ་འཐམ་བྱས་ནས་ལས་རིམ་རྣམ་བཞག་ཟེར་ནས་དུས་ཚོད་གཅིག་ཀྱང་ཤོར་དུ་བཅུག་མྱོང་མེད། ད་ཐེངས་ལས་རིམ་རྣམ་བཞག་རྦད་དེ་གཏིང་བརྗེད་དུ་སོང། སྤྱི་འཐུས་ཚོ་རྫུན་གྱི་བདག་པོ་ཆགས། བཀའ་བློན་ཚོ་རྫུན་གྱི་ཁུག་མ་ཆགས། གསར་འགོད་པ་ཚོ་བདེན་རྫུན་གྱི་དབྱེ་བ་འབྱེད་མི་ནུས་པར་ཆགས་ནས་ནག་འཐོམ་མེར་སོང། མི་དམངས་ལ་མགོ་སྐོར་བཏང། དམངས་དང་གཞུང་བར་ལ་ལན་ཡག་པོ་སྤྲོད་མ་ཐུབ།
ཉིན་འགའི་རྗེས་ནས་ཁྲིམས་དྲུང་ལགས་ནས་གསལ་བཤད་རྒྱས་པ་ཞིག་མི་དམངས་ལ་འགྲེལ་བཤད་བྱས། ད་དུང་རྫུན་གྱི་བདག་པོ་དང། རྫུན་གྱི་ཁུག་མ་ཚོ་གསལ་བོ་མ་ཆགས། ནམ་རྒྱུན་གྲོས་ཚོགས་ནང་དུ་ཁྲིམས་དང་སྒྲིག་གཞི་གལ་ཆེན་པོ་གཙི་མཁན་རྣམས་ཀྱི་ཁ་ལ་རྒྱ་ནག་ནས་བཟོས་པའི་ཛིབ༼ZIP༽ བརྒྱབས་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཐེངས་གཅིག་ལྟ་སྐོར་དུ་བསྐྱོད།
གྲོས་ཚོགས་ཀྱི་ཚོགས་གཙོས་གནད་དོན་གཙོ་བོ་བཞག་ནས་ཁ་ཕྱོགས་གཞན་ཞིག་ཏུ་བསྒྱུར་ཐབས་བྱས་ནས་བཅའ་ཁྲིམས་ལུང་འདྲེན་གྱིས་ཁྲིམས་ཁང་ལ་བཅའ་ཁྲིམས་ནང་དུ་དབང་ཚད་མེད་སྐོར་བཤད། བཤད་སྟངས་འདི་ནི་ཉམས་མྱོང་ཡོད་མཁན་ཞིག་གི་བཤད་སྟངས་ཤིག་རྩ་བ་ནས་མིན། གྲོས་ཚོགས་ཀྱིས་རྫུན་བཤད་པ་དང་མགོ་མ་ཚོས་པ་དག་ཁྲིམས་ཁང་ནས་མཇུག་སྐྱོང་དགོས་པ་ཞིག་བཅའ་ཁྲིམས་ནང་དུ་གསལ་ཡོད་དམ་མེད།
གནད་དོན་ངོ་མ་ནི་བཀའ་བློན་གྱི་འོས་གྲངས་བརྒྱ་ཆའི་ལྔ་བཅུ་ལོན་འདུག་དང་མི་འདུག་རེད། གྲོས་ཚོགས་ནང་དུ་འཐུས་མི་ངོ་ཡོད་༤༣ ཡོད་རེད། སྤྱི་འཐུས་༢༡ གི་རྒྱབ་སྐྱོར་རེད། གཅིག་སྟོང་པ་རེད། གཉིས་རྩིས་མེད་རེད། སྤྱི་འཐུས་༡༨ཀྱིས་དགག་བྱ་བྱས། དཔེར་ན། སྤྱི་འཐུས་༢༡ བུད་མེད་ཡིན་པའི་དབང་དུ་བཏང་ན། བུད་མེད་སྤྱི་འཐུས་༢༡ དེས་ངོ་ཡོད་སྤྱི་འཐུས་༤༣ ཡི་ནང་ནས་བརྒྱ་ཆའི་ག་ཚོད་ཟིན་གྱི་འདུག་གམ། བྱས་ཙང། བུད་མེད་སྤྱི་འཐུས་༢༡ དེ་བརྒྱ་ཆའི་༤༨་༨% རེད། དེ་ལ་མགོ་འཐོམས་དགོས་པ་གང་འདུག་གམ། ནམ་རྒྱུན། གྲོས་ཚོགས་ནང་དུ་ཆོས་རྒྱུད་ཞེ་བྲག་པའི་སྤྱི་འཐུས་ཁག་ཅིག་ནི་ཁ་བརྡ་ལྕེ་བདེ་ཡོད་མཁན་དག་རེད། མི་ཤིག་གི་གདོང་ན་སྤུ་ཞིག་ཡོད་ནའང་མཐོང་མཁན་དག་རེད། ད་ཐེངས་གནད་དོན་འདི་ཤེས་ཡོད་ཀྱང་བཤད་འདོད་མེད་པ་རེད་དམ། ཡང་ན་རྒྱུ་ཞབས་ན་ནས་མིག་གིས་མ་མཐོང་པ་རེད་དམ། གང་ལྟར་ངོ་གདོང་ནི་གསལ་ལྷང་ངེར་ཆགས་སོང།
བསམ་བློ་ཞིབ་ཏུ་བཏང་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་རང་ཚུགས་ཡོད་མཁན་ཞིག་ཏུ་མཐོང། བྱས་ཙང། ད་ལོ་འམ་སང་ལོ་བོད་ཀྱི་བདེན་པའི་སྒྲོན་མེ་ཟེར་བའི་གཟེངས་རྟགས་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་པར་འདོད།
དེ་ལས་གནད་དོན་གལ་ཆེ་བ་ཞིག་ནི་ཚོགས་གཙོ་ལགས་ནས་བཤད་རྒྱུར། ད་ལྟའི་བར་དུ་ང་ཚོ་འདི་འདྲ་བྱས་ནས་འགྲོ་བསྡད་རེད་ཟེར། འདས་པའི་བཀའ་བློན་དུ་འདེམས་ཐོན་བྱུང་པའི་བཀའ་བློན་དེ་དག་བརྒྱ་ཆ་ལོན་འདུག་དང་མི་འདུག་དབྱེ་ཞིབ་ཞིག་ངེས་པར་དུ་བྱེད་དགོས་ཀྱི་འདུག་བསམ། ང་ཚོར་ཁྲིམས་དང་སྒྲིག་གཞི་ཞིག་གི་འོག་ཏུ་འགྲོ་དགོས་པ་མ་གཏོག་ལམ་དང་ལུགས་སྲོལ་ཤིག་ཏུ་ཕྱིན་པ་ཡིན་ན་ཧ་ཅང་ཉེན་ཁ་ཆེན་པོ་རེད། བྱས་ཙང། འདས་དོན་ལ་བསྐྱར་ཞིབ་ཞིག་བྱེད་དགོས་ཀྱི་འདུག མི་ལ་ནོར་འཁྲུལ་བྱུང་གི་རེད། ནོར་ཁྲལ་ལ་བཟོ་བཅོས་བྱས་ནས་ང་ཚོ་མདུན་དུ་བསྐྱོད་དགོས་པ་ལས། འགྲོ་སྟངས་དང་ལུགས་སྲོལ་རེད་ཟེར་ནས་འགག་བསྡད་པ་ཡིན་ན། འགན་འཁྱེར་མཁན་ཞིག་དང་ཤ་ཚ་མཁན་ཞིག་གི་སྐད་ཆ་མ་རེད། དེ་ལྟར་བྱེད་མ་ཐུབ་ཚེ་སྤྱི་ཚོགས་ཡར་རྒྱས་ཟེར་བ་ཞིག་ཡོང་དཀའ།
༄༅། ཆུ་རླངས་འབྲུག་འབྱམས་ལགས་ཀྱི་་་་རྩོམ་དེ་གནས་ཚུལ་ཚང་མ་ཞི་ལྷིང་ངེར་
ཆགས་ཚར་ནས་ཡང་སྐྱར་གནས་ཚུལ་འདི་ཐོན་པ་ནི།
རྟ་ལོ་སྔོན་མར་རྒྱུགས་ནས་་་ཐལ་འཚུབ་འདི་ལོ་ལངས་པ་ལྟ་བུ་འདུག་
ལུག་རྫི་མཁན་པོ་དང་ རཱ་རྫི་དགེ་བཤེས་ ནོར་རྫི་སྤྱི་འཐུས་ཟེར་བའི་ཟུར་ཟའི་ཐ་སྙད་འདི་དག་འདིར་མ་བཀོད་ན་ལེགས་པ་མི་འདུག་གམ་ཁ་བརྡ་
དྲ་བདག་ལགས།
ལུག་རྫི་མཁན་པོ་དང། རྭ་རྫི་དགེ་བཤེས། ནོར་རྫི་སྤྱི་འཐུས།
ཆུ་རླངས་འབྲུག་བྱམས་པས།
་
མཁན་པོ་ཐུ་མི་དང་ཞི་བ་མཚོ། དགེ་བཤེས་གུ་རུ་རིན་པོ་ཆེ་དང་མགར་སྟོང་བཙན། སྤྱི་འཐུས་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན། ཧ་ཧ།།
ཀརྡོ་རབ་འབྱམས་པས།
ཁ་བྱང་འདི་མཐོང་མ་ཐག་སྒྲུང་ཞིག་ཡིན་ཤག་རེད། ཡིན་ཡང་ནང་དུ་གསར་འགྱུར་གྱི་འབྲི་ཐབས་སྤྱད་པ་དེ་ཅུང་ཙམ་ཁ་བྱང་དང་ཐག་རིང་དུ་སོང་འདུག གཞན་ཡག་ཙམ་འདུག
ཨ་ཁ་་་་བཀའ་བློན་དགོད་རྒྱུ་ནི་དབུས་དམ་པ་ལྷ་ཡི་ཆོལ་ཁིའི་ལུང་ཚན་ནས་ཡིན། བཀའ་བློན་འོས་བླུགས་མཁན་ནི་མདོ་སྟོད་རྟའི་ཆོལ་ཁའི་ཁོངས་ནས་ཡིན། བཀའ་བློན་འོས་མིར་དགག་པ་རྒྱབ་མཁན་ནི་མདོ་སྨད་མིའི་ཆོལ་ཁའི་ཁུངས་ནས་ཡིན། ད་ཡག་པོ་རེད། དགག་པ་ཅང་ཅང་རྒྱོབས་ཨ། སྐྱོན་ཅང་ཅང་སྨྲོས་ཨ། ཁ་མཆུ་ཅང་ཅང་རྒྱོབས་ཨ།། ད་རམ་ས་ལདེ་ནི་དམ་ཉམས་ཀྱི་ས། མི་སྲོད་ཁག་སྦྱོར་གྱི་དམེ་ས། གྱོད་ཁང་། སྤྲང་འཁྱམ་ཅང་ཅང་ཞིག་གླིང་ཁ་ཞིག་གྱུར། ད་ནི་༧སྐྱབས་མགོན་༧གོང་ས་མཆོག་ལ་དྭགས་དང་རྡོ་གདན་གཉིས་དབྱར་དགུན་རེས་མོས་བཞུགས་ན་ལེགས།
༄༅། ནང་དུ་་་བཤད་དུས་་་སྟག་མོ་ལས་ངར་བ། ཕྱི་ལ་ཐུག་དུས་རི་བོང་ལ་ཞུམ་པ།
དེ་འདྲ་རང་མ་བྱེད། ཚེ་འདི་ཕྱི་དང། ལས་རྒྱུ་འབྲས་ལ་སོམས།
༄༅།ཆོས་འཁོར་ལྷ་ས་གསེར་གྱི་ཀ་བ་ཡིན། གསེར་གྱི་ཀ་བ་གས་ཆགས་མེད་པར་ཤོག།
ལྷ་སའི་ཇོ་བ་གཡུ་ཡི་གདུང་མ་ཡིན། གཡུ་ཡི་གདུང་མ་འགྱུར་བ་མེད་པར་ཤོག།
སྤར་སའི་དབྱིབས་ལ་བརྟག་ན། ལུག་དང་། རྫོང་གཉིས་ཀ གཞིས་ཀ་རྩེ་ན་བས། སྔོན་མར་ང་ཚོས་མཐོང་ས་ན། ཁང་པ་གཅིག་ཀྱང་མེད་བས། ད་དེ་རུ་འགྲོ་ན། ས་ཆ་ཁོ་རང་ངོ་ཤེས་པ་མེད་བས། ང་སྔོན་དེར་ཡོད་དུས་ཀྱི་མི་གཅིག་ཀྱང་། གཞིས་ཀ་རྩེ་ན། ལུས་ཡོད་མེད་མི་ཤེས་བས། དེ་ཀུན་ཚང་མ་མི་རྟག་པའི་ཆོས་ཅན་བས། ལས་རྒྱུ་འབྲས་བསམ་དགོས་བས།