བདག་ནི་ལོ་ན་ཉི་ཤུར་བསླེབས་པའི་གཡང་དཀར་རྫི་བོ་གཞོན་ནུ་སྟེ། །
གཉིས་འཐུང་མཆེ་བ་གཏུབས་པའི་རྗེས་འགྲོ་ཟླ་ཤེལ་ཁ་བའི་རི་ཚོམ་དང་། །
རྐང་འཐུང་ཡལ་ཀ་བསྣོལ་མར་འཁྲིགས་པའི་ལྗང་མདོག་རི་བོའི་གདགས་སྲིབ་དང་། །
འཇའ་ཚོན་མེ་ཏོག་ཚོམ་བུར་བཀྲ་བའི་མརྒད་སྤང་ཐང་ཡངས་པོའི་གཞིར། །
ཨེ་ཊ་ཀ་ཡི་ཁྱུ་དང་ལྷན་ཅིག་ལོ་ཟླའི་ཕྲེང་བ་སོར་མོས་བགྲངས། །
ཉིན་ཞིག་ཆགས་ལྡན་སྔོ་བསང་གཡེམ་མས་མཚམས་སྤྲིན་དམར་པོའི་གོས་དོར་ནས། །
དགུ་ཚིགས་དོ་ཤལ་མགུལ་བར་དཔྱངས་ཤིང་སྐར་ཚོགས་སྟོང་གི་རྒྱན་སྤྲས་ཏེ། །
བཅུ་དྲུག་ལང་ཚོའི་དཀྱིལ་འཁོར་རྫོགས་པའི་མཛེས་སྡུག་ཟླ་བ་གཞོན་ནུ་དེར། །
ཡིད་འོང་ཞལ་གྱི་གནམ་རུའི་རྒྱུད་ལས་ཟུར་མིག་ཉག་ཕྲན་འཕེན་པའི་དུས། །
བདག་གིས་གཡང་དཀར་ཁྱུ་ཡི་འགྲམ་ནས་རྨི་ལམ་དགའ་མའི་འགྲམ་ཆང་འཐུངས། །
གློ་བུར་གནམ་ལྕགས་ཐོག་གི་སྒྲ་ཡིས་རྨི་ལམ་གྲོང་ཁྱེར་རྨག་མེད་བཅོམས། །
མགོ་བོ་དགྱེ་ནས་མཁའ་ལ་ལྟ་དུས་སྤྲིན་སྔོན་འཁྲིགས་པའི་ལྡིང་ཁང་ནས། །
གློག་ཞགས་དམར་པོ་ས་རུ་འཁྱུག་ཅིང་སྦྲང་ཆར་ཟིལ་མ་འཇོ་བར་རྩོམ། །
དུས་དེར་ཡིད་ལ་གཅེས་ནོར་འཁོར་ནས་མིག་ཞགས་འཛིན་མའི་གཞིར་འཕངས་ཚེ། །
ཀྱི་ཧུད་བདག་གི་གཡང་དཀར་ལུག་ཁྱུ་འདི་རུ་ནམ་མཁའི་པད་མོ་བཞིན། །
ཀུན་རྟོག་ཡིད་ཀྱི་ཆུ་གཏེར་ངོས་སུ་འཚབ་འཚུབ་རྦ་རླབས་འཕྱུར་བཞིན་དུ། །
དཀར་འཇམ་བལ་གྱི་འུར་ཆ་བཟུང་ནས་གང་སར་ལུག་ཁྱུའི་རྨིག་རྗེས་བཙལ། །
སྐབས་དེར་ཟླ་གཞོན་བཞུས་པའི་ཆབ་རྒྱུན་ཆར་བར་བསྡོངས་ནས་འཇོ་བ་ན། །
བདག་གི་གོས་སྟན་གཉིས་གོ་ཆོད་པའི་ཕྱིང་དཀར་ལྭ་བའི་སྤུ་རྩེ་ནས། །
དྭངས་གཙང་ཆུ་ཐིགས་དལ་བ་དལ་བུར་ལྷམ་མེད་རྐང་བའི་ཡོལ་གོར་འབབ། །
ས་འཛིན་མཐོན་པོའི་ཉིན་སྲིབ་ཀུན་ནས་ལུག་ཁྱུའི་རྗེས་ཙམ་མ་རྙེད་པས། །
རྔུལ་ཆུའི་དོག་པ་ལག་པས་འབྱིད་བཞིན་དར་ཅིག་ངལ་དུབ་གསོ་བའི་དུས། །
མཐོན་མཐིིང་མཁའ་རུ་ཚོམ་བུར་བཀྲ་བའི་སྐར་ཚོགས་ལུག་གི་ཁྱུར་འཁྲུལ་ནས། །
དགའ་བ་འབུམ་གྱིས་རབ་ཏུ་མྱོས་ཏེ་འུར་རྡོ་མཁའ་རུ་འཕངས་པའི་ཚེ། །
སྨིན་དྲུག་ཁྲ་མོས་རྫི་བོ་ཁྱོད་ནི་ཤིོན་ཏུ་གླེན་ཞེས་ཁྲེལ་དགོད་བྱེད། །
གཡང་དཀར་ལུག་ཁྱུའི་འབའ་སྒྲ་སྙན་མོ་རྣ་བར་ལྷུང་ལ་སྙིང་ནས་རེ། །
དབུགས་ཐེངས་གཅིག་གིས་སྔོ་མེར་འཁྱིལ་བའི་ཁྲི་གཤོག་རྒྱལ་མོའི་འགྲམ་དུ་བསླེབས། །
ཕར་ལ་བལྟས་ཚེ་ཡ་མཚན་མིན་ནམ་ང་ཡིས་བཙལ་བའི་ལྟོ་འཕྱང་ཁྱུ། །
པད་རྩ་འཚོལ་བའི་ངང་ངུར་ཇི་བཞིན་མཚོ་མོའི་དབུས་ན་ཐར་ཐོར་བཀྲམ། །
གོམ་པའི་འདེགས་འཇོག་ཕར་ལ་བསྒྱུར་ཚེ་དེ་ཡང་རླབས་ཀྱི་ཕྲེང་བར་བསུབས། །
ཀྱེ་ཧུད་འདི་ནི་ལྷ་འདྲེའི་འཕྲུལ་ལམ་གཡོ་ཅན་སྤྱང་ཀིའི་གདུག་རྩུབ་ཡིན། །
བདག་གི་ཡིད་ནི་སོམ་ཉིས་བཅིངས་ཤིང་དབུགས་རིང་ནར་ནར་འབྱིན་པའི་དུས། །
སྐྱ་རེངས་བུ་མོས་མུན་པའི་གོས་དང་རྒྱུ་སྐར་ཕྲེང་བ་དོར་བྱས་ནས། །
མཚམས་སྤྲིན་གཞོན་ནུར་འཁྱུད་དང་ལྷན་ཅིག་ཉི་མ་དམར་པོའི་མེ་ཕུང་སྦར། །
ཨེ་མ་བདག་གི་གཡང་དཀར་ཁྱུ་དེ་སྐར་ཚོགས་བཞིན་དུ་གནས་འདིར་མཆིས། །
ཀྱེ་ཀྱེ་ང་ཡིས་དབྱར་དགུན་སྟོན་དཔྱིད་ཁ་ཆར་འདྲེས་མའི་ལོ་ཟླའི་ནང་། །
དཔྲལ་བའི་མིག་དང་ཁོག་པའི་སྙིང་བཞིན་གཅེས་པར་བསྐྱངས་པའི་ལྟོ་འཕྱང་ཁྱུ། །
ད་གཟོད་བདག་གིས་རྙེད་པའི་དགའ་བ་ཡུལ་གྱིས་བསྐལ་བའི་ཕ་དང་མར། །
འཕྲད་པའི་བུ་ཡི་སེམས་ཀྱིས་མཚོན་མིན་འདི་ནི་གངས་རིའི་འཇིག་རྟེན་དུ། །
འཚོ་ཞིང་གནས་པའི་རྫི་བོ་གཞོན་ནུའི་དྭངས་གཙང་སེམས་ཀྱི་སྙན་ངག་གོ།
༡༩༩༢ལོའི་སྦྲང་ཆར་དེབ་གཉིས་པའི་སྟེང་དུ་བཀོད།
སྙན་པོ་ཞིག་བྱུང་། ཇ་དཀར་པོ་སྤྲི་འདྲ་པོ་ཞིག་འཐུང་བ་དང་ཨ་ན་མ་ན་རེད། དབུགས་ཐེངས་གཅིག་གིས་བྐླགས་པ་ཡིན། ཉེ་ཆར་ནས་ང་རང་སྙན་ངག་ཅེས་པ་འདིར་ཡི་ག་འགག་བསྡད་ཡོད། ཕལ་ཆེར་སྙན་ངག་ལ་བསྐྱར་དུ་སྤྲོ་སྣང་ཞིག་རྐང་འཇབ་ལག་འཇབ་ཀྱིས་སླེབས་ངེས་རེད།
ང་ལ་མཚོན་ན་སེམས་པ་འདི་སྙན་ངག་གི་དྲང་ཐད་ན་ཡོད་མེད་ཀྱི་ཉི་མ་ཞིག་འདུག གལ་སྲིད་ཡོད་པའི་ཉི་མ་ཞིག་ལ་ཁེལ་ན་སྙན་ངག་མེ་ལོང་མའི་རྩ་ཚིག་དེ་ཚོས་ཀྱང་བྲོ་བ་ཁྱད་པར་ཅན་ཞིག་སྟེར་གྱིན་འདུག སྙན་ངག་ཉམས་སུ་མྱོང་བའི་སེམས་ཚོར་དེ་རིགས་ནི་ཆོས་པ་ཞིག་གིས་མི་རྟག་པ་སྒོམ་པ་དང་འདྲ་སེ་འདུག ཁོའམ་མོའི་རྒྱུད་ལ་མི་རྟག་པའི་ཚོར་བ་ཤུགས་དྲག་དེ་བསླེབས་པའི་ཉིན་མོར་གང་སྣང་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དེས་ཟིན་ཡོང་གི་རེད། སྙན་ངག་ལ་དམིགས་པའི་ཚོར་བ་དེ་ཡང་འདི་འདྲ་ཞིག་ལོས་ཡིན་བསམས།
སྔོན་ཆད་ང་རང་སྙན་ངག་ལ་ཨ་གསར་འདྲ་པོ་ཞེ་དྲག་ཡོད། སྙན་ངག་མང་པོ་ཞིག་བྲིས། ཁ་ཤས་ཀྱིས་ཡག་པོ་འདུག ཡག་པོ་མི་འདུག་ཟེར་བ་འདྲ་པོ་མང་པོ་ཞིག་བྱུང་། གང་ལྟར་སེམས་ཤུགས་མ་ཆགས་པར་མུ་མཐུད་དུ་བྲིས་པ་དང་། སྙན་ངག་གཅིག་གི་དོན་དུ་ནོར་གླིང་ནས་གངས་སྐྱིད་བར་རྐང་ཐང་དུ་སོང་མྱོང་། རྐྱེན་ཅི་ཡིན་མི་ཤེས། བར་སྐབས་ཤིག་ནས་ངས་སྙན་ངག་འབྲི་ཤེས་ཀྱི་མི་འདུག སྙན་ངག་ཅིག་བྲིས་ནའང་རང་གིས་བྲིས་པ་དེ་ཆོ་མེད་ཅིག་ཏུ་མཐོང་། དེ་ནས་སྙན་ངག་འབྲི་མཚམས་བཞག་པ་རེད། བར་གསེང་རེ་ཡོད་དུས་དེབ་འདྲ་མིན་ལ་ྐློག་འདོད་ཀྱི་གོམས་གཤིས་ཤིག་ཆགས། གོམས་ཤུགས་བཟང་པོ་འདི་རྒྱུན་འཁྱོངས་བྱས་ཏེ་མི་ལོ་དྲུག་བདུན་ཞིག་འགོར་སོང་། ཁ་སང་དེ་རིང་སྙན་ངག་རེ་ྐློག་དགོས་ཀྱི་འདུག སྐབས་རེར་སྙན་ངག་གྱེར་འདོན་རེ་བྱས་ན་སྐྱོ་དྭངས་ཀྱི་འདུག་སྟེ། རྒད་མོས་ཁྱེད་སྨྱོས་ཚར་བ་རེད་ཅེས་གཤེ་གཤེ་གཏོང་གི་འདུག ལོ་གཅིག་སོན་པའི་བུ་ཆུང་སྐྲག་སྟེ་ངུ་ཁ་ཆོད་ཀྱི་མི་འདུག
ནོར་བཅོས། སྙན་ངག་གཅིག་གི་དོན། སྙན་དེབ་གཅིག་གི་དོན་དུ།
ངས་དེབ་གསར་བ་དེ་ཚོ་ཀློག་དུས་ནག་ཁུང་ནང་ལ་ཁ་སྟོང་བ་རུ་བསྡད་པ་ལྟ་བུ་མ་ཡིན་པར། ཁང་པའི་དཀར་ཆ་གསལ་དུ་བཏང་བ་དང་དྲོད་ཚད་ཀྱང་རན་པ་ཞིག་བྱས། དེ་ནས་ཤིང་ཏོག་གི་ཁུ་བ་རང་ཉིད་དགའ་ཤོས་རེ་འཐུང་ཞོར་བཀླགས་པ་ཡིན་ན་ངོ་མ་བྲོ་བ་ཞིག་རྙེད་ཀྱི་འདུག གོ་སྐབས་འགྲིགས་ཚེ་དབྱར་ཁ་ཚ་བ་ཆེ་དུས་གོན་པ་ཐུང་ཐུང་རེ་གྱོན་ནས་རྩྭ་ཐང་དུ་ཁ་སྦུབ་ཏུ་བསྡད་ནས་བཀླགས་ན་ཡང་ཚོར་བ་ཁྱད་པར་བ་རེ་འདུག དེ་མིན་སྙན་ངག་ཡག་པོའི་གྲས་རང་ཉིད་ཀྱིས་གྱེར་འདོན་ཐེངས་གཅིག་བྱས་པ་དེ་སྒྲ་བླངས་ནས་ཡང་ཡང་ཉན་ན་ཡང་སེམས་གཏིང་ལ་སིམ་འགྲོ་རྒྱུ་ཞིག་འདུག
འགལ་བ་རུ་འཛིངས་པའི་ལུག་རྫིའི་རྨི་ལམ།
སྐར་ཚོགས་ཁྲ་ལམ་མེར་ནམ་མཁའི་དབྱིངས་སུ་འཚེར།
ཟླ་བ་དཀར་གསལ་ལེར་ནམ་མཁའི་དབྱིངས་སུ་གསལ།
དགུ་ཚིགས་སྐྱ་ཤར་རེར་ནམ་མཁའི་ཕ་མཐར་བསྲིངས།
དཔེ་མི་སྲིད།
འགལ་བ་རུ་འཛིངས་པའི་ལུག་རྫིའི་རྨི་ལམ།
གློ་བུར་དུ་ཐོག་ཞགས་འཕེན་ཞིང་གློག་དམར་ས་རུ་འཁྱུག
འུག་པའི་མིག་ཡོད་མི་སྲིད་ཀྱང་།
མཚན་ནག་གི་སྤྲིན་པ་སྔོན་པོ་ཡིན་པ་མཐོང་།
དཔེ་སྲིད་དམ།
གློག་དམར་ས་རུ་འཁྱུག་སྐབས་སྦྲང་ཆར་ཟིལ་མ་འབབ་པ།
དཔེ་མི་སྲིད།
ཆར་ནག་འབབ་པའི་མཚན་ནག་ཏུ།
ནམ་མཁར་སྐར་མ་མཐོང་མི་སྲིད།
འགལ་བ་རུ་འཛིངས་པའི་ལུག་རྫིའི་རྨི་ལམ།
ནམ་མཁའི་སྐར་ཚོམ་ལུག་གི་ཁྱུ་རུ་འཁྲུལ།
གོམ་གསུམ་མིག་གིས་མཐོང་དཀའི་མཚན་ནག་དེར།
རང་གི་ལུག་ཁྱུ་ངང་བས་པད་རྩ་འཚོལ་བཞིན་མཚོ་མོའི་དཀྱིལ་དུ་ཐོར་བ་མཐོང་།
རླབས་ཀྱི་ཟེགས་མས་དེ་ལྟར་མིན་པའི་གོ་བརྡ་ཁྱོད་ལ་སྤྲོད་པའང་མཐོང་།
ངོ་མ། ་་འདི་ནི་ལྷ་འདྲེའི་འཕྲུལ་་ ཞིག་ཡིན་ལས་ཆེ།
འགལ་བ་རུ་འཛིངས་པའི་ལུག་རྫིའི་རྨི་ལམ།
དེ་མིན་འཇུ་ཕེན་དང་ཁོ་རི་ཡའི་རྩོམ་པ་པོ་ཚོའི་བྱེད་སྟངས་བཞིན་སྒྲ་ལེན་འཕྲུལ་ཆས་ཆུང་ཆུང་ཞིག་ལུས་དང་འབྲལ་མེད་དུ་ཁྱེར་ནས་གང་སར་འགྲོ་བཞིན་ཡོད་ལ། ཚོར་བ་ཁྱད་པར་བ་རེ་དང་ཚིག་གྲུབ་ཡག་ཙམ་རེ་སེམས་ནང་ཤར་མ་ཐག་ལམ་སེང་སྒྲ་ཕབ་ནས་འཇོག་གི་ཡོད། ཕྱིར་ནང་ལ་འབྱོར་ནས་སྒྲ་ཕབ་པའི་ཚིག་དེ་ཚོའི་སྐོར་ལ་ཡང་དང་སྐྱར་དུ་བསམ་གཞིན་བྱས་པ་ཡིན་ན་དེས་རྩོམ་ཡིག་འབྲི་རྒྱུར་རོགས་པ་ངེས་ཅན་རེ་བྱེད་ཀྱི་འདུག དྲ་གྲོགས་རྣམ་པས་ཤེས་གསལ་བཞིན་སྒྲ་ཕབ་འཕྲུལ་ཆས་དེ་ཚོར་ཨ་སྒོར་༢༠ ནས་༥༠ཙམ་རེད་འདུག་ནས་དེ་ཙམ་གྱི་གོང་ཆེན་པོ་ཡང་མ་རེད་ལ། ཆེ་ཆུང་ནི་མཛུབ་མོ་གཉིས་གཤིབས་ཀྱི་ཚད་ལས་མི་འདུག
ཁྱེད་ཀྱིས་སྙན་ངག་ྐློག་སྟངས་དེར་བལྟས་རྗེས། མི་གཅིག་གིས་ང་ལ་བུད་མེད་ཅིག་ལ་འཁྲུག་སྦྱོར་བྱེད་དུས། ཉམ་ཆུང་རྐུན་པས་ཁ་ཟས་ཟ་ཟ་ལས། ཐང་ཆེན་པོ་ཞིག་ཏུ་སོང་སྟེ། འཁྲུག་སྦྱོར་བྱེད་ཞོར་དུ་མཁའ་མཐའི་སྐོར་ཚོགས་ལ་ལྟ་བཞིན་འཁྲུག་པ་སྤྱད་ཚེ། བདེ་བ་བླ་མེད་ཐོབ་ཀྱི་རེད་ཅེས་བཤད་མྱོང་བ་དེ་དྲན།
མགོན་པོ་ཕྱག་གཉིས་པས་རང་མོས་སྙན་ངག་ཡག་པོ་ཞིག་བྲིས་འདུག སྙན་ངག་འདི་ལས་སྔོན་ཆད་ཁོང་གིས་དུར་འཇུག་སྐོར་ལ་བྲིས་པའི་སྙན་ངག་དེ་ཡག་པོ་འདུག སྐད་ཆ་འདི་ཁ་ནས་ཤོར་སོང་། དགོངས་དག
དེ་ལོས་ཡིན། བདེ་སྡུག་བར་མའི་ཚོར་བ་ཅི་ཞིག་ཉམས་སུ་མྱོང་དུས་སུ་དེའི་ཕྱི་རོལ་གྱི་ཆ་རྐྱེན་ལ་ལྟོས་ཚབས་ཤིན་ཏུ་ཆེན་པོ་ཡོད། དེ་ལ་དམིགས་ནས་རིགས་བཞིའི་ཕྱག་རྒྱར་སྤྱོད་པའི་དུས་ཀྱི་མལ་ཆས་ཀྱི་ཁ་དོག་དང་རེག་བྱ་སོགས་རེ་རེ་བཞིན་ཀྰམསུཏྲ་རུ་བསྟན་འདུག
ཕ་ཡུལ་རྒྱབ་ལ་བསྐྱུར་ནས། །
མི་ཡུལ་པང་དུ་ལེན་དུས། །
སྐྱིད་སྡུག་འདྲེས་མའི་འཚོ་བ། །
དབྱར་གྱི་ནམ་ཟླར་འདྲ་བྱུང་། །
ཐོབ་ཤོར་འཚོལ་སྙེགས་བར་ནས། །
བགྲང་བྱའི་ལང་ཚོ་ཡལ་ཐལ། །
ཕྱིར་དྲན་ལོ་ཟླ་རིང་མོ། །
དགུན་འཁྱག་བ་མོར་འདྲ་བྱུང་། །
ལས་ཀྱིས་བསྐོས་ཐེངས་ཤིག་གིས། །
ཡུལ་ཐག་རྒྱང་གིས་ཆོད་ཐལ། །
དྲན་གདུང་མཆི་མའི་ཐིགས་པ། །
སྟོན་མཇུག་སྡོང་ལོར་འདྲ་བྱུང་། །
ཉིན་སྲིབ་དབྱེ་མཚམས་ཆེ་ཡང་། །
འཛམ་གླིང་ཉི་མ་སེར་པོའི། །
འོད་སྟོང་བདེ་དྲོད་སྙོམ་པོ། །
དཔྱིད་ཀྱི་དཔལ་མོར་འདྲ་བྱུང་། །
རྡ་རམ་ས་ལར་ཁ་བ་དང་པོ་བབས།།
རྡ་སའི་མི་རྣམས་གངས་ཀྱི་རྩེད་མོ་རྩེད།།
ཁ་བ་རེ་རེ་ཨ་མའི་མིག་ཆུ་འདྲ།།
ལུས་པོ་གྲང་ཡང་སེམས་ལ་དྲོད་ཅིག་འཁྱིལ།།
ངས་ལོ་ངོ་མང་པོའི་སྔོན་དུ་བརྩམས་པའི་གཞས་ཚིག་ཅིག་གི་ཆ་ཤས་ཤིག་ཡིན་ཞིང་འཕྲོས་དྲན་པའི་ཡུལ་ན་མི་འདུག ད་ངོ་མ་རྒས་རྟགས་འཇིགས་པོ་དེ་ལུས་སེམས་གཉིས་ཀྱི་སྟེང་ལ་བསླེབས་འདུག
གལ་སྲིད་གླེན་པ་ལུག་གིས་ཁ་བརྡ་དྲ་ཚིགས་སུ་རྩོམ་ཡིག་ཅིག་བཀོད་འདོད་བྱུང་ན། མཆན་གྱི་ཚུལ་དུ་མ་ཡིན་པར་ཐད་ཀར་རྩོམ་ཡིག་གི་ཁོངས་སུ་འགོད་ཐབས་ཡོད་དམ། ཡོད་ན་མི་སུ་རུང་ཞིག་གིས་ང་ལ་གསལ་འདེབས་ཤིག་བྱེད་རོགས་གནོང་།
དྲིན་ཆེན་འབྲི་མོའི་འོ་མ་འཐུང་བཞིན།།
པགས་རྩགས་ནང་ནས་ལུས་ཟུངས་རྒྱས།།
གཡང་དཀར་ལུག་གི་འབའ་སྒྲ་ཉན་བཞིན།།
འབྲོག་ཐང་ཞིག་ནས་གཉོམ་ལག་རྒྱས།།
ཡ་ཁའི་སྟེང་ལ་སྣབ་ཅིག་དྲུད་ནས།།
སློབ་གྲྭ་ནང་ལ་ངུ་བཞིན་མངགས།།
ཨ་མའི་བཙེམས་པའི་རྒྱབ་ཁུག་ནང་ལ།།
ཀ་ཁ་བླུག་ནས་འཛིན་གྲྭར་སོང་།།
ཉན་འདོད་མེད་པའི་སློབ་ཁྲིད་སྐབས་ལ།།
ཅོག་ཙེ་སྔས་སྟེ་གཉིད་ནས་བསྡད།།
ཤིན་ཏུ་བཙན་པོའི་དགེ་རྒན་ལགས་ཀྱིས།།
མགོ་ལ་རྒྱུགས་པས་བསྣུན་ཏེ་དཀྲོགས།།
སུན་སྣང་ཆེ་བའི་སློབ་ཁྲིད་གྲོལ་རྗེས།།
རང་དང་འདྲ་བའི་སྣབ་ལུག་འགའ།།
རྩེད་རྩེད་མཐའ་ལ་རྒྱས་རེས་ཤོར་ནས།།
སེན་འཐབ་རྒྱབ་ཤུལ་རྟག་ཏུ་ཡོད།།
སྔ་དགོངས་གཉིས་ཀར་འབའ་ལོ་རྩེད་ནས།།
སེན་མོའི་སྒང་ལ་རྐོ་ཤུལ་བབས།།
ཤོག་བུ་ལྟེབ་པའི་པོ་ཏ་བརྒྱབ་ནས།།
དཔུང་པ་ལ་ཡང་ན་ཟུག་བྱུང་།།
གད་པ་མང་པོའི་ནང་ལ་སོང་ནས།།
སྐྱུང་ཕྲུག་མཆུ་དམར་ཚང་ནས་བཏོན།།
ཨ་བྲའི་ཁུང་ལ་ཕུ་ཤུགས་བརྒྱབ་ནས།།
སེམས་ཅན་དེ་མང་པོ་བསད།།
སློབ་ཆུང་ལོ་ལྔ་དེ་ལྟར་རྫོགས་རྗེས།།
སློབ་འབྲིང་ནང་ལ་འཛུལ་རྒྱུགས་སྤྲད།།
ལུག་ཁྱུ་འཚོ་བའི་ཕྱི་དྲོ་ཞིག་ལ།།
རྒྱུགས་དེ་འཕྲོད་པའི་བརྡ་ཐོ་འབྱོར།།
འབའ་འབའ་ལུག་གུ་འཚོ་རྒྱུ་བཞག་ནས།།
སློབ་འབྲིང་ནང་ལ་འགྲོ་རྩིས་བྱས།།
འབྲི་མོའི་འོ་ཞོ་འཐུང་མཚམས་ནས།།
གྲོང་ཁྱེར་ཕྱོགས་ལ་འགྲོ་རྒྱུར་སྐྱོ།།
ཨ་མས་བརྫངས་པའི་མར་ལོ་རྡོག་ཅིག།།
རུམ་ལ་བསྡུས་ནས་འགྲོ་རྩིས་བྱས།།
གཡག་རྒན་སེར་ཐོའི་སྒལ་བར་ཞོན་ནས།།
ས་ཕྱོགས་དེ་ལ་སྐྱོ་བཞིན་སོང་།།
སློབ་འབྲིང་ནང་ལ་སླེབས་པའི་ཉིན་མོར།།
གཙང་སྦྲ་དོད་པའི་གྲོང་བུ་ཚོས།།
འབྲོག་ཕྲུག་ཟེར་ནས་བལྟད་མོ་བལྟས་པས།།
སྤྲོ་དང་ངོ་ཚ་མཉམ་དུ་ལངས།།
རབ་བེ་རིབ་བེ་སྣ་ཚོགས་སྦྱོང་བཞིན།།
སློབ་འབྲིང་རིང་མོ་ངང་གིས་བསྐྱལ།།
ས་རྡུལ་ནང་ལ་སྐོར་རྒྱུགས་བྱེད་བཞིན།།
སྤོ་ལོ་རྩེད་ནས་སྐད་གྲགས་བཞག།
ངེས་མེད་ངང་དུ་སློབ་འབྲིང་རྫོགས་རྗེས།།
སློབ་ཆེན་ཞིག་ཏུ་རེ་བ་བཅིངས།།
ལམ་འགྲོ་རྒྱུགས་ནས་རྨི་ལམ་དེ་ཡང་།།
ཉིན་མ་གཅིག་ལ་མངོན་དུ་གྱུར།།
ཤ་བཟན་གཅིག་གི་རིན་པ་ཁྱེར་ནས།།
གྲོང་ཁྱེར་དེ་ལ་སྤོབས་པས་སོང་།།
ཞི་བར་གནས་པའི་སློབ་རྭ་དེ་རུ།།
ཕོ་རོག་བཞིན་དུ་འགྱིང་ནས་སོང་།།
དེར་ཡང་མཁོ་མིན་མང་པོ་སློབ་བཞིན།།
ལོ་ངོ་འགའ་ཞིག་ཆུད་ཟོས་བཏང་།།
མི་རིགས་མང་བའི་སློབ་གླིང་དེ་རུ།།
ལ་རྒྱ་ཟེར་ནས་གླེན་རྟགས་བཞག།
ཉིན་ཞིག་བློ་བུར་རྐྱེན་གྱིས་བསྐུལ་ཏེ།།
ཕ་ཡུལ་གངས་ལྗོངས་བསྐྱུར་རྩིས་བྱས།།
གསང་བའི་ལམ་ནས་དངུལ་ཞིག་སྒྲིག་རྗེས།།
ལྷ་སའི་ཕྱོགས་ལ་དངོས་སུ་ཐོན།།
ཉིན་ཞག་མང་པོར་སྣུམ་འཁོར་ཞོན་ནས།།
ཡངས་པའི་མཚོ་སྔོན་མཇལ་བཞིན་ཡོང་།།
བར་མཚམས་ཤིག་ལ་བྱེ་ཐང་སེར་པོའི།།
དཀྱིལ་ནས་གཤགས་ཏེ་མུ་མཐུད་རྒྱུགས།།
ལྡིང་ལ་ཆེན་མོའི་རྩེ་ལ་སླེབས་ཚེ།།
དབུགས་ཀྱང་ཐུང་ནས་ཐུང་དུ་སོང་།།
ཁ་ངོ་སྐམ་ནས་སེར་ཐག་ཆོད་ཀྱང་།།
ལྷ་སའི་ཕྱོགས་ལ་མུ་མཐུད་རྒྱུགས།།
ཞོགས་པ་ཉི་མ་རྩེ་ཤར་ཞིག་ལ།།
པོ་ཏ་ལ་ཡི་གསེར་ཏོག་མཇལ།།
བསང་དང་སྤུས་ཀྱི་དྲི་བཟང་ཚོར་བས།།
ད་བཟོད་ལྷ་སར་སླེབས་པ་ཤེས།།
ཆ་རྒྱུས་མེད་པའི་ལྷ་སའི་གྲོང་ནས།།
ཡིད་ཆེད་བྱེད་སའི་གྲོགས་ཤིག་བཙལ།།
དངངས་སྐྲག་ཆེན་པོས་རེ་བ་བྱས་མཐར།།
ཚོང་དཔོན་ཞིག་གིས་བདག་པོ་བརྒྱག།
ཤ་ཚ་ཆེ་བའི་ཚོང་དཔོན་ཁོང་གིས།།
ཁ་བརྡ་བྱས་ནས་འགོག་ཐབས་བྱས།།
གླག་ཕྲུག་འདྲ་བའི་འབྲོག་ཕྲུག་ང་ལ།།
ཤར་དུ་འཕུར་རྒྱུར་འགོག་ཐབས་བྲལ།།
གཉན་འཕྲང་མང་པོ་ཐབས་ཀྱིས་བརྒལ་ཏེ།།
བལ་བོའི་སྣེ་ལེན་ཁང་ལ་འབྱོར།།
སྐྲ་ལོ་གཏུབ་པའི་བོད་མོ་ཞིག་ལ།།
ཡང་ཡང་བལྟས་ནས་ཡ་མཚན་སྐྱེས།།
དྲི་མ་བརྒྱངས་པའི་སྣུམ་འཁོར་ནང་ལ།།
བལ་བོའི་མི་དང་འཚང་བཞིན་ཡོང་།།
ཚ་བས་བསྲེག་པའི་ལྡི་ལིར་འབྱོར་ནས།།
འབུ་ཡིས་ཟོས་པའི་རྨ་མང་བརྒྱབ།།
ད་དུང་སེམས་ཀྱི་རེ་བ་ཆེ་བས།།
རྡ་རམ་ས་ལ་མགྱོགས་པོ་ཡོང་།།
ཁ་ཞེང་ཆེ་བའི་ཁང་ཆེན་ཞིག་ཏུ།།
ཉལ་ཁྲི་སྦྱར་བའི་ནང་དུ་བསྙལ།།
ཆོལ་ཁ་གསུམ་གྱི་ས་ནས་ཡོང་བའི།།
འབྲོག་པ་འབྲོག་མོས་འགྱིང་ནས་འགྲོ།།
གསར་དུ་འབྱོར་བའི་བུ་ཕྲུག་མང་པོ།།
སྐད་ཅོར་བརྒྱག་བཞིན་སྐོར་རྒྱུགས་བྱེད།།
ཉིན་མ་རེ་རེ་སུན་སྣང་ཆེ་བས།།
ཟླ་བཟང་ཟ་ཁང་ནང་ལ་རྒྱུགས།།
དངུལ་ལྷག་ཚང་མ་དེ་ལ་བསྐྱལ་རྗེས།།
ལག་པ་སྟོང་པའི་ངང་དུ་ལྷག།
སྐད་དང་དངུལ་གྱིས་རང་མགོ་མ་ཐོན།།
རྡ་རམ་ས་ནས་སེམས་པ་སྐྱོ།།
ཐེངས་གཅིག་མི་ཡི་རྐང་འོག་ལྷུང་བས།།
སྤོབས་པའི་མགོ་བོ་དམའ་རུ་སོང་།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དེ་རུ་སུ་དང་གང་ལ་རེ་མེད་པས།།
སླར་ཡང་ནུབ་ཕྱོགས་ས་ལ་འགྲོ་འདོད་སྐྱེས།།
སྡུག་སྡུག་འཚོ་བ་ལོ་འགའ་བསྐྱལ་བའི་རྗེས།།
རྨི་ལམ་གཉིས་པ་དེ་ཡང་ལག་ཏུ་འབྱོར།།
གྲོང་དང་གཉེན་མའི་བསྐྱེལ་མ་མེད་པའི་ངང་།།
གསར་དུ་ཐོབ་པའི་མཐོང་ཆེན་ཕུར་བཞིན་དུ།།
སླར་ཡང་ལྡི་ལི་ཕྱོགས་ལ་རྒྱུགས་ནས་སོང་།།
སེམས་ཀྱི་རྨི་ལམ་སྔར་ལས་མང་དུ་སོང་།།
འཕུར་རྩལ་ཅན་གྱི་ལྕགས་བྱའི་ནང་བསྡད་དེ།།
སྣ་ཚོགས་རྨི་ལམ་ལེན་དུ་ནུབ་ལ་བསྐྱོད།།
ནུབ་ཞག་གཅིག་གིས་རེ་བའི་ཡུལ་དེར་སླེབས།།
འབྱོར་བའི་དང་པོར་སྣང་བ་སྤྲོ་བས་བསྒྱུར།།
མཁོ་བའི་དངོས་པོ་ཡོད་ཚད་འབད་མེད་དང་།།
འདོད་པའི་བདེ་སྐྱིད་མ་ལུས་ཐོབ་པར་སེམས།།
འོན་ཀྱང་མངར་མོས་བཏུམ་པའི་ཏིག་ཏ་བཞིན།།
ལོ་དང་ཟླ་བ་བཞིན་དུ་་ཁ་རུ་སོང་།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
འདི་ནི་སྟག་སྨྱོན་རྟོགས་པ་བརྗོད་པའི་གཏམ། །
འདི་ནི་མི་རྐྱང་ཁེར་རྒྱུག་བྱས་པའི་གཏམ། །
འདི་ནི་ཁྱི་རྒན་སྟག་གིས་དེད་པའི་གཏམ། །
འདི་ནི་ཡུལ་གྱར་བོད་མིའི་མི་ཚེ་ཞིག
གཏམ་འདི་དཀྱུས་མའི་མི་ཡི་འདྲ་འབགས་ལས། །
གསང་གསུམ་ཆེ་བ་བརྗོད་པའི་རྣམ་ཐར་མིན། ◌◌྄ྭ།
འདི་ནི་སྐྱིད་སྡུག་གཏམ་གྱི་ཕྲེང་བ་ལས། །
འཕྲིལ་ལས་དུས་སུ་བབ་པའི་གནམ་ཆོས་མིན། །
འདི་གང་དྲན་སེམས་ཀྱི་རི་མོ་ལས། །
ལ་རྒྱའི་ཆེ་ཚུགས་བསྲུངས་བའི་དཔའ་གཏམ་མིན། །
འདི་ནི་ཉམས་མྱོང་བདེན་པའི་སྐད་ཆ་ལས། །
ཁ་ཁོགས་འགལ་བའི་ནེ་ཙོའི་མ་ཎི་མིན། །
སྟག་སྨྱོན་ཐང་ཐང་མེད་པ་ཆགས་པ་རྒྱུ་མཐོང་སོང་ང་།
སྟག་སྨྱོན། ང་ཡང་སྐྱུང་ཁ་མཆུ་དམར་གྱི་ཚང་བསྔོགས་ཏེ་སྐྱུང་ཕྲུག་གསོ་མྱོང་མཁན་ཞིག་ཡིན་པས། ཁྱོའི་རྩོམ་ཀློག་ཞོར་དང་དགོད་ཞོར་དུ་ཆུང་དུས་ཀྱི་སྤྱོད་པ་ཁག་ཅིག་ལ་ཕྱིར་དྲན་བྱས།
སྐྱུང་ཕྲུག་གསོ་མཁན་ཚོ་ད་ལྟ་བོད་རྒྱལ་ཁབ་ཀྱི་བདག་པོ་ཆགས་འདུག་ག མུ་མཐུད་སྲ་ལ་བྱོས།
ཨ་བྲ་འཛིན་སྟངས།
ཨ་བྲ་འཛིན་པར་མི་གཉིས་དགོས། ཨ་བྲ་ཁུང་བུར་འཛུལ་བ་མཐོང་བ་དང་ལམ་སང་རྒྱུགས་ཕྱིན་ནས་གཅིག་གིས་ཁུང་སྒོ་ནས་ལག་པ་ནང་དུ་བརྒྱུས་ཏེ་ལག་པ་བཟེད། གཞན་དེས་ཁུང་སྣེ་གཞན་པ་དེ་བཙལ་ནས་དེ་ནས་ཚུར་ཕུ་རྒྱབ་པ་ཡིན་ན་ཨ་བྲ་ཕྱིར་འཁོར་ཏེ་ལག་བཟེད་མཁན་དེའི་ལག་ནང་འཛུལ་བ་དང་ལམ་སང་འཛིན་དགོས། མཚམས་རེར་ཨ་བྲས་ཁྱེད་རང་གི་མཛུབ་མོར་སོ་རྒྱབ་ཏེ་ཁྲག་དམར་ནར་རེ་འབྱུང་བ་ཡང་ཡོད། དེ་མིན་ཁྱེད་རང་གི་སྟོད་ལྭའི་ཕུ་རུང་ཁུང་སྒོར་བཅུག་ཏེ་ལག་པ་གཅིག་གིས་ཕུར་ཁ་སྡོམ་ཆོག་ཆོག་བྱས་བསྡད། ལག་པ་གཞན་དེས་ཕུ་རུང་གི་སྐེད་ཙམ་ནས་བསྡམས་ཏེ་བསྡད། ཨ་བྲ་ཕུ་རུང་ནང་རྒྱུགས་པ་དང་ལམ་སང་ཕུར་ཁ་བསྡམ་ནས་འཛིན་ཆོག ད་རུང་སྐྱུང་ཁ་འཛིན་སྟངས་ཡང་ཡོད་ཀྱང་དེ་བཤད་པར་དུས་ཚོད་མི་འདུག་པས་གཞན་ཞིག་ནས་བཤད་རོགས། ཁ་གསབ་ཡོད་ན་ངས་བྱེད་ཆོག
ཚིག་དོན་གཉིས་ཀའི་ཆ་ནས།།
ཀླུ་འབུམ་སྨྱོན་པ་རྒྱལ་འདུག།
ཀློག་སྟངས་བྲོ་བའི་ཆ་ནས།།
ཚེ་རིང་བུ་ལོ་རྒྱལ་འདུག།
སྟག་ཕྲུག་སྨྱོན་པའི་སྙན་ངག།།
དོར་ཤུལ་རྒྱ་མཚོར་འདྲ་འདུག།
མགོན་པོ་ཕྱག་གིས་བྲིས་པའི།།
ཨ་བྲ་འཛིན་སྟངས་འདི་འདྲས།།
སྟག་ཕྲུག་སྨོན་པ་འཛིན་པ།།
སྟག་ཕྲུག་ཨབ་ཕྲུག་འཛིན་ན།།
མགོན་པོའི་ཕྱག་དབང་ཞུ་རོགས།།
དབུགས་ཐེངས་གཅིག་གིས་བྲིས་པའི་འབྲོག་རྒན་གྱི་སྒྲུང་འདི།།
སུ་ལ་མ་ལྟོས་མ་བཤུས་ཐོལ་བྱུང་གི་གཏམ་ཡིན།།
རྒྱལ་དང་འགྲན་རྩོད་བསམ་པའི་སྡོམ་པ་དེ་བརྗེད་ནས།།
མཚར་པོའི་ཚིག་རིས་ཨེ་ཡོང་ཨུ་ཚུགས་ཀྱང་བརྒྱབ་མེད།།
རྐུབ་དང་འོ་དབྱིབས་མཚར་བའི་མཛེས་མ་ཡི་ལུས་བཞིན།།
གཞན་གྱི་སེམས་དབང་འཕྲོག་པའི་ཉམས་འགྱུར་ཡང་དོད་མེད།།
དོན་བཟང་ཉིང་ཁུ་ལྟེམ་པའི་ལེགས་བཤད་ཀྱང་མིན་པར།།
རིགས་མཐུན་གྲོགས་པའི་ཚོགས་ལ་ཞལ་རྩེད་ཙམ་ཞུས་ཡིན།།
སྤྱིར་ང་རང་ཆུང་དུས་བྱ་བྱིས་འབའ་འབུ་གསོད་རྒྱུར་སྔོན་མའི་བག་ཆགས་སད་པ་ཞིག་ཡིན། དེའི་ཁ་སྣོན་ལྟ་བུར་ལོ་རེ་རེའི་དབྱར་གནང་གཏོང་དུས་ང་ཚོའི་སློབ་གྲྭས་སློབ་མ་རེ་རེར་ཕྱིར་སློབ་གྲྭར་ལོག་དུས་ཨབ་རའི་ཨམ་ཅོག་གང་མང་ཁྱེར་ཤོག སུའི་ཨམ་རའི་ཨམ་ཅོག་མང་ན་དེ་ལ་བྱ་དགའ་སྤྲོད་ཀྱི་ཡིན་ཞེས་ཁྲལ་ལྟ་བུ་ཞིག་འཇོག་གི་རེད། དེའི་ཕྱིར་བྱིས་པ་ནི་བྱིས་པའི་བསམ་བློ་ཞིག་གིས་ཚོས་བསྡད་ཡོད་པ་དང་སྐྱེ་བ་སྔོན་མ་ནས་གསོད་གཏུབ་ཀྱི་སྡིག་ཁ་མ་གང་བ་ཞིག་ཡིན་དུས། ཡུལ་ལ་ལོག་ནས་ཨབ་ཁུང་དུ་ཆུ་བཤོ་བ་དང་དུ་བ་བདུག་པ། ཕུ་རྒྱག་པ་དང་རྒྱ་འཛུགས་པ། རྡོ་གཞུ་བ་དང་འཐེན་མདའ་སྤྱོད་པ་སོགས་ཀྱིས་སློབ་གྲྭས་བཞག་པའི་ཁྲལ་དེ་འཁྱོལ་ཐབས་སྣ་ཚོགས་ཤིག་བྱས་པ་ཡིད་ལ་དྲན་གི་འདུག སྙིང་རྗེ། བྱ་བྱེའུ་འབའ་འབུ་དེ་ཚོར་ཡང་གཅེས་པའི་སྲོག་རེ་རེ་ལས་མེད་པ་རེད། སྐབས་རེར་ཨབ་ཁྲལ་གྱི་གྲངས་ཀ་མ་ལོངས་དུས་ཨབ་རའི་རོ་རེ་རྙེད་ན་དེ་ཚོའི་ཨམ་ཅོག་བྲེགས་ནས་ཁྱེར་འགྲོ་གི་ཡོད། སེམས་ཅན་དེ་ཚོའི་དོན་དུ། ༀ་མ་ཎི་པདྨེ་ཧྰུྃ། ༀ་མ་ཎི་པདྨེ་ཧྰུྃ། ༀ་མ་ཎི་པདྨེ་ཧྰུྃ།
སྦལ་བས་གླུ་ལེན་སྟངས།
སྦལ་བར་གླུ་ལེན་དུ་འཇུག་པ་ལ་སྦལ་ཁ་ཤས་འཛིན་དགོས། སྦལ་བ་སྐོར་ཅིག་ཐག་ཉེ་སར་བང་བསྒྲིགས་རྗེས་སྦལ་བ་གཅིག་གི་ཁར་ཚ་ཅུང་ཙམ་བསྒོས་ཚེ། སྦལ་བ་དེས་གླུ་ལེན་པ་ཡིན། སྐབས་དེར་སྦལ་བ་གཞན་དག་ཚོས་ཀྱང་སྐད་ངག་ཡོད་ཚད་བཀུག་ནས་གཞས་དབྱངས་སྙན་མོ་ཞིག་སྒྲོག་གི་རེད། གལ་སྲིད་སྐབས་ལ་ལར་སྦལ་བས་གླུ་ལེན་ཁ་མ་ཉན་ན། རེ་རེ་བཞིན་རྡོ་འོག་ཏུ་གཅིར་དགོས། དེ་ནི་ལོ་རབས་བརྒྱད་ཅུ་བའི་མདོ་སྨད་འབྲོག་ཕྱོགས་ཀྱི་ཕྱུགས་རྫི་ཆུང་ཆུང་རྣམས་ཀྱི་རྩེ་སྲོལ་གྱི་ཆ་ཤས་ཤིག་རེད། ཁྱེད་ཚོ་ཕྱུགས་རྫི་ཕོ་མོ་རྣམས་རི་སྒང་ནས་རྩེ་སྲོལ་སྐོར་ལ་བཤད་རྒྱུ་འདྲ་མེད་དམ།
འདི་ནི་ཅུང་ཚིག་བཙོག་འདྲ་ཞིག་རེད་དེ་བྱིས་པའི་བྱ་སྤྱོད་ཡིན་པས་འདིར་བཤད་ན་མི་རུང་བ་མ་རེད་བསམས། ཐེངས་ཤིག་ང་ཚོ་ཞ་ཞིས་ཞི་ལི་ཞི་མོ་མང་ཉུང་མེད་པ་ཞིག་ནོར་རྫི་ཡིན་ནམ་བེའུ་རྫི་ལ་སོང་། ནམ་ཟླ་དབྱར་ཁ་ཡིན་པས་མང་ཆེ་བས་ལྭ་བ་ཐར་རྐྱང་རེ་ལས་གོན་མེད། ཞི་མོ་ཚོར་ལྭ་བའི་ནང་ན་རྐང་ཤུབ་མེད། དེར་ཞ་ཞི་མ་རབས་སུ་ཞིག་གི་ཡིད་ལ་ཤར་བའི་རྩེད་མོ་སྟེ། ཞ་ལི་རེ་དང་ཞི་མོ་རེ་རེ་བྱས་ནས་ཁ་གཏད་དུ་ལངས། དེ་ནས་ཞི་ལི་ཚོས་རྐང་ཤུབ་རྐང་མགོར་འཕངས། ཞི་མོ་ཚོས་ལྭ་བའི་སྐེ་རགས་བཤིགས་ནས་འདོམ་བསྟན། ཞི་ལི་རྒན་པ་ཞིག་གིས། ཡ་ད་ཚང་མས་མཇེ་ཚད་བྱོས་ཟེར་ནས་ཞི་ལི་ཚོའི་དེ་འགྲེང་ཡོད་མེད་ལ་ལྟ་ཞིབ་བྱས ཞི་མོ་རྒན་པ་ཞིག་གིས། ཡ་ད་ཚང་མས་གཉའ་ཚད་བྱོས་ཟེར་ནས་ཞི་མོ་ཚོའི་བརླ་སྒོ་ཕྱེ་ཡོད་མེད་ལ་ལྟ་རྟོག་བྱས། དེ་ནས་ཁོ་གཉིས་ཀྱིས་མཉམ་དུ་སྐད་མཐོན་པོས། གཅིག་གཉིས་གསུམ། གཡོབས། ཟེར་དུས་ཞི་ལི་ཞི་མོ་ཚང་མ་རང་རང་གི་ཁ་གཏད་དེ་དང་མཉམ་དུ་ས་ལ་ཉལ་ནས་ཅིག་བྱེད་ཁུལ་བྱས་པ་རེད། དེ་ནས་སྐར་མ་བཅའ་བཅུ་ཞིག་གི་རྗེས་ནས་ཚང་མས་བྱེད་མཚམས་བཞག་སྟེ་སྒོར་སྒོར་བྱས་ནས་བསྡད་དེ་རང་རང་གི་ཉམས་མྱོང་སྟེ། ངའི་དེ་ཚ་སོང་ཁོའི་དེ་ཤི་སོང་ལྟ་བུ་གཅིག་གིས་གཅིག་གི་ཞན་ཆ་རྗོད་རེས་བྱས། དེ་ནས་ཡུལ་ལ་ལོག་ནས་རང་རང་གི་ཕ་མ་ལ་ཡང་ངོ་ཚ་བྱེད་རྒྱུ་མ་ཤེས་ནས་དེ་ལུགས་དམར་རྗེན་དུ་བཤད་པ་རེད། ཨ་ཨ། དེང་སང་བསམས་ན། སྣང་བར་གང་དྲན་ལས་པའི་འདྲེ་ཕྲུག་དག་དག་རེད། མི་ལས་དགུ་ལས་བྱེད་པའི་ཐེའུ་ཕྲུག་རྐྱང་རྐྱང་རེད།
ཧ་ཧ་ཧ་ཧ་ཧ་ ཧ་ཧ་ཧ་ཧ་ཧ་
ཀླུ་སྨྱོན་སྤུ་ཁ། ཁྱོའི་གསེང་ན་འདི་མིན་ཅི་ཡོད། ཧ་ཧ་ཧ་ཧ་ཧ་ ཧ་ཧ་ཧ་ཧ་ཧ་
དེ་ནས་་་་
ལྕགས་རྒྱ་འགྲམ་ནག ཁྱོས་ལྟོས། ད་ཁ་བརྡ་ཚང་གིས་གླུ་ལེན་མགོ་རྩོམ་གྱི་འདུག ལུག་ཀྱང་འབའ་ན་འདོད།
ད་འབྲོག་པའི་བྱིས་པ་རྩེ་སྲོལ་སྐྱུར་ཞོག ཉེ་སྔོན་རྒྱ་གཞུང་གིས་གསར་འགོད་གསལ་བསྒྲགས་དེ་ལས་འཕྲོས་ཏེ། བོད་མི་རིགས་ཀྱི་རེ་བ་གང་བསྲིང་ཡོད་པ་དང་། དུས་རབས་འདིའི་ནང་བོད་ལ་ཐར་པ་ཡོད་དམ་མེད་པ་སོགས་ལ་བགྲོ་གླེང་རེ་བྱོས་དང་། ད་ངོ་མས་འདུག་མི་ཐུབ་ཀི
ྐླུ་སྨྱོན་གྱིས་སྟོན་མཇུག་གི་སྙན་ངག་ཅེས་པ་ཞིག་ངས་གཉན་ཆེན་ཐང་ལྷ་ཚགས་པར་རྙིང་པ་གཅིག་གི་སྟེང་ནས་བྐླགས་པ་ཡིན། དངོས་ཡོད་ཀྱི་གནས་སྟངས་དང་སྒྱུ་རྩལ་གྱི་སྣང་བསྙན་བསྡེབས་པའི་ཚིགས་བཅད་དེ་ཧ་ཅང་སྙན་པོ་ཞིག་ཏུ་ཚོར་སོང་། ཡིན་ན་ཡང་སྙན་ངག་དེ་ྐླུ་སྨྱོན་གྱི་དེབ་ཚོའི་ནང་དུ་བཀོད་མེད་པ་འདྲ། ཉེན་ཁ་ཆེ་སེ་འདུག དཔེར་ན། སྟོན་མཇུག་འདི་རུ་རྒྱལ་ས་རྡི་ལིར་རྒྱལ་ཚོང་པ་དང་ལག་དམར་འདུས། ། ཞེས་པ་ལྟ་བུ་འདུག དེ་བཞིན་ནུབཕྱོགས་སུ་བསྐྱོད་པའི་གཏམ་ཡིན་ནམ་ཞིག་རྩོམ་པ་པོ་རྡ་རམ་ས་ལར་བསྐྱོད་ཚུལ་དེ་ཡང་སྙན་པོ་འདུག དཔེར་ན། མཚམས་སྤྲིན་དམར་པོའི་ཤམ་བུ་ཡིས། །ས་འཛིན་སྒེག་མོའི་མྱོས་བུམ་བཀབ། །ལྟ་བུ་དང་། མི་ཡུལ་བཙུགས་པའི་སྲིད་གཞུང་འདིས། །མི་ལོ་བཞི་བཅུར་དཀའ་བ་སྤྱད། །མི་རིགས་ཤིག་གི་རྩ་དོན་ཆེད། །མི་རབས་ཕྱི་མར་ས་བོན་བཏབ། །ཞེས་པ་ལྟ་བུའི་ཚིགས་བཅད་སྙན་མོ་དེ་ཚོ་ཐེངས་གཅིག་བྐླགས་པ་ཙམ་གྱིས་བློ་ངོར་ཚེགས་མེད་དུ་སླེབས་ཀྱིན་འདུག རྩོམ་དེ་ཁྱེད་ཀྱིས་དེབ་ཀྱི་ནང་དུ་དཔར་བསྐྲུན་བྱས་ཡོད་དམ།
ཉིད་ཀྱིས་གོང་དུ་བརྗོད་པ་འདི་ཚོ་དེབ་ཧྲུལ་དེ་ཚོའི་ནང་ལ་མེད། ཆོས་ཚོགས་འདིའི་དཔེ་མཛོད་ཁང་དུ་ཡང་གཉན་ཐང་གང་འཚམ་ཞིག་བསླེབས་འདུག་པས་སྐབས་རེ་ཀློག་གི་ཡོད། དེ་ཚོའི་སྟེང་གི་རྩོམ་རྙིང་ཁ་ཤས་ཁ་བརྡ་ཚང་ལ་ཕུལ་ན་བསམས།
སྟོན་མཇུག་གི་སྙན་ངག་ཅེས་པ་དེའི་ནང་གི་ཚིག་གཅིག་རང་དྲན་པ་ནི། སྟོན་མཇུག་འདི་ལ་གྲྭ་པ་ཨ་ནེས་ལུམ་བྷི་ནི་ཡི་སྨོན་ལམ་དྲན། །ཞེས་པ་དེའོ།།
ཚ་འདེབས་སའི་སྦལ་བ་ཐོག་མ་དེ་ཀླུ་སྨྱོན་གྱི་ཁ་ཆགས་སོང་ན། ཁོའི་རྗེས་ལ་གླུ་ལེན་མཁན་གྱི་སྦལ་བ་སྐོར་ཞིག་ཡོང་གི་རེད། ཁྱོད་ཡིད་མི་ཆེས་ན་ལྟོས་དང་། ད་ང་ནི་བྲོས་འགྲོ་གི་ཡིན། དེ་མིན་ཁྱོས་རྡོའི་བར་ལ་གཅུར་ནས་བསད་ཡོང་བསམ་ནས་ཞེད་སྣང་འདུག
ཁྱེད་ཅག་གིས་འདི་མོ་འདི་བཤད་ན། ངས་དོན་གྲུབ་རྒྱལ་གྱིས་བྲིས་པའི་བརྩམས་སྒྲུང་སྟེ་ཤ་དང་རུས་པའི་བརྩེ་གདུང་ཞེས་པ་དེ་དྲན་བྱུང་།
བོད་རིགས་བོད་རྒྱ་ཡིག་རིགས་གཉིས་ཀྱིས་རྩོམ་འབྲི་མཁན་འཇམ་དཔལ་རྒྱ་མཚོས་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར་ཞེས་པ་ཞིག་བརྩམས་ཡོད་འདུག་པས། དེའི་སྐོར་ནས་བཤད་རྒྱུ་རེ་ཨེ་ཡོད།
ཨོ། ཧེ་རིགས་རྒྱ་ཡིག་གིས་རྩོམ་འབྲི་མཁན་ཀྲང་ཁྲིན་ཀྲིས་བརྩམས་པའི་རྟ་ནག་ཅང་ཤེས་ཀློག་མྱོང་མཁན་རེ་འདིར་ཨེ་ཡོད། གལ་སྲིད་ཡོད་ན་བརྩམས་སྒྲུང་དེས་བག་ཆགས་ཇི་འདྲ་ཞིག་བཞག་སོང་། ང་ལ་མཚོན་ན་ཟས་ཟ་མར་བྲོ་བ་མེད་པའི་ཚད་དུ་ཐེངས་འགར་བསྐྱལ་སོང་། བརྩམས་སྒྲུང་དེ་གློག་བརྙན་དུ་ཡང་ཕབ་འདུག་ལ་ངོ་མ་ལྟ་རྒྱུ་འདུག
དེ་འདྲའི་སྐོར་ལ་ཅི་ཡང་བཤད་རྒྱུ་མེད། ལྕགས་རྒྱ་འདི་མཐོང་རྒྱ་ཅན་ཞིག་ཡིན་འདྲ་བས། རེ་རྒྱག་རྒྱུ་ཡོད་ན་ཐང་། ང་རང་རྩོམ་རིག་དང་རིག་གནས་ལོ་རྒྱུས་སོགས་ཧ་ཅང་དགའ་ཡང་། དུས་བབ་དང་གོ་སྐབས་ཀྱིས་ང་ལ་དེ་འདྲའི་གུ་ཡངས་སྤྲོད་ཀྱི་མི་འདུག དེའི་ཕྱིར་ནམ་ཡང་ལག་ཏུ་ལོན་པ་ནི་ཐན་ཐུན་ཞེས་པ་དེ་ལས་མ་འདས། ང་ངོ་མ་སྐྱོ་གི
རྟ་ནག་ཅང་ཤེས་བོད་ཡིག་ཏུ་བསྒྱུར་མཁན་ནི་རེབ་གོང་ལྕང་སྐྱ་བ་རྡོ་རྗེ་བཀྲ་ཤིས་ཡིན་ན་ཁོས་དེང་སྐབས་འཇིགས་མེད་བོད་སྨན་ཀུང་སི་ཟེར་བ་དེར་བྱ་བ་སྒྲུབ་བཞིན་འདུག གང་ལྟར་རྟ་ནག་ཅང་ཤེས་ཀྱི་ནང་དུ་ནང་སོག་རྩྭ་ཐང་དུ་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་རྗེས་དྲན་གྱི་རྟ་རྒྱུགས་དུས་ཆེན་ཞིག་ཡོད་ཚུལ་བྲིས་འདུག་པས། དེའི་སྐོར་ནས་ཅིག་ཤེས་ན་འདོད།
རྟ་ནག་ཅང་ཤེས་ལ་ལོ་ཉི་ཤུའི་ཡར་སྔོན་ཞིག་ལ་བལྟས་པ་ཡིན་ན་ཡང་ད་ལྟ་ཡང་ངའི་སེམས་གཏིང་ཞིག་ལ་ཟུག་འདུག རྩོམ་དེ་ངོ་མ་འབྲི་མཁན་དང་སྒྱུར་མཁན་གཉིས་ཀ་རིག་གནས་ལ་བྱང་ཚད་ལྡན་པའི་སྐྱེ་བོ་གཉིས་ཀྱི་མཛུབ་བར་ནས་ཐོན་པ་ཡིན་དུས་ཅིག་མི་འདྲ་གི
ཀྲང་ཁྲིན་ཀྲིའི་གྲགས་པ་འབར་བའི་རྩོམ་ཡིག་བྱང་ཕྱོགས་ཀྱི་གཙང་བོ་ཞེས་པ་དེ་ཀྲུང་གོའི་རྩོམ་རིག་ལོ་རྒྱུས་ཞེས་པའི་ནང་དུ་ཡང་བཞག་ཡོད་འདུག་ལ། ཀྲུང་གོའི་རྩོམ་རིག་ལོ་རྒྱུས་ཞེས་པའི་ནང་དུ་བཞག་འདུག་པའི་རྩོམ་ཡིག་ཚང་མ་རྒྱ་ཡིག་གིས་བྲིས་པ་དག་དག་ཡིན་ཚུལ་འདུག
ངས་གོང་དུ་བྲིས་པའི་འགལ་བ་རུ་འཛིངས་པའི་ལུག་རྫིའི་རྨི་ལམ་ཟེར་བ་འདི་ལུག་རྫིའི་སྙན་ངག་ནང་ཡ་འགལ་མ་འགལ་ཆགས་པ་དེ་ཚོའི་སྐོར་དཔྱད་བརྗོད་ཐུང་ཐུང་ཞིག་ལས་གང་ཡང་མིན། ཁྱེད་ཚོས་ཡང་སྐྱར་ལུག་རྗིའི་སྙན་ངག་ཞིབ་ཀློག་ཅིག་བྱོས་དང་། ཧོབ་ཏེ་བལྟས་ན་སྙན་མདོག་ཁ་སེ་ལ་ཞིབ་ཀྱིས་གཞལ་ན་ཧ་ལས་རྒྱུ་གང་ཡང་མི་འདུག མི་རེ་རེའི་དགའ་སྣང་ལོགས་སུ་རེད། ང་འདིར་སྙན་ངག་ལ་སྐར་གྲངས་ཤིག་རྒྱག་བཅུག་ན་སྟག་སྨྱོན་གྱི་སྙན་ངག་ལ་སྐར་གྲངས་མང་ང་སྟེར་ས་རེད། སྤོབས་པས་ཀླུ་སྨྱོན་གྱི་སྙན་ངག་ཅིག་ལས་་སྙན་པའི་དཔེ་མཚོན་དུ་བཀོད་པ། ་་མཚམས་སྤྲིན་དམར་པོའི་ཤམ་བུ་ཡིས། །ས་འཛིན་སྒེག་མོའི་མྱོས་བུམ་བཀབ། །་་ ཟེར་ན་སྙན་སྙན་འདྲ་བ་ཞིག་རེད་དེ་ལམ་སང་སེམས་ལ་རི་མོ་བཞིན་འཆར་རྒྱུ་གང་ཡང་མི་འདུག སྟག་སྨྱོན་གྱི་སྙན་ངག་འདིའི་ནང་། ཚིག་ཕྲེང་རེ་རེ་བཞིན་དུ་དོན་དངོས་གསོན་པོ་རེ་རེ་རེད།
ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་བ། དེ་ལྟར་མཁས་པའི་ཚིག་ནི་ལྐུགས་འགྱུར་བས་གསུངས་པ་ལྟར་ང་ཚོས་དོན་དངོས་ཀྱི་འཚོ་བ་དེ་ཚོ་འབྲི་མ་ཤེས་པར་བསྡད་ཡོད་པ་རེད། སྒྱུ་རྩལ་ཟེར་བ་འདི་ཡང་མཐར་དེད་ན་དངོས་པོའི་གཤིས་དང་སེམས་ཚོར་སོགས་འབྲི་འདོད་པ་གང་ཞིག་མཚོན་ཐབས་ཀྱི་ཚིག་རྩལ་ལ་འགྲེལ་ན་མ་འགྲིགས་པ་ཨེ་ཡོད། རབ་བཏགས་ཟེར་བ་དེ་ཚོ་ཡང་བཤད་དགོས་པའི་དོན་དངོས་ཤིག་མཚོན་ཐབས་ཁོ་ནའི་ཆེད་དུ་ཡིན་པ་ལས་གཞན་གང་ཡང་མིན། དཔེ་བཞག་ན། སེམས་པ་སྐྱོ་བའི་སྐད་ཆ། རི་མ་འདབས་ལ་བཤད་པས། རི་བོ་ས་རྡོ་ཡིན་ཡང་། མགོ་ཡིས་འགྱོགས་འགྱོགས་གནང་བྱུང་། ཟེར་བ་འདི་ཡང་དོན་དངོས་ལས་རིང་དུ་ཕྱིན་པ་དཔེ་མི་སྲིད་པ་ལྟ་བུ་ཞིག་ལ་གོ་བ་བླངས་ན་ནོར་བ་རེད། ཚིག་གང་ཞིག་གིས་ཀྱང་མཚོན་ཐབས་བྲལ་བའི་སེམས་ནང་གི་སྐྱོ་གདུང་རི་འདྲ་བ་དེ་མཚོན་པའི་ཆེད་དུ་ཚིག་འདི་འདྲ་ཞིག་བེད་སྤྱོད་བཏང་ནས་མཚོན་ཐབས་བྱས་པ་རེད། སེམས་ཚོར་ཐུན་མོང་མ་ཡིན་པ་ཞིག་སྟེར་བའི་སྐབས་ཁྱེད་ཀྱི་སྙན་ངག་ཡག་པོ་བྱུང་ཡོད་པ་རེད་སྙམ། དེ་མིན་རྣ་བར་སྙན་སྙན་འདྲ་བ་ཁོ་ནར་སྙན་ངག་ཡག་པོ་རེད་ཟེར་ནས་བཤད་དཀའ།
དེ་བཞིན་ཀྲུང་གོའི་གནའ་རབས་རྩོམ་རིག་དང་ཀྲུང་གོའི་ཉེ་རབས་རྩོམ་རིག ཀྲུང་གོའི་དེང་རབས་རྩོམ་རིག་གསུམ་གའི་ནང་དུ་མི་རིགས་ཀྱི་ཁྱད་པར་མ་ཕྱེས་པར་ཡིག་རིགས་ཀྱིས་ཁྱད་པར་ཕྱེ་སྟེ་རྩོམ་པ་པོ་རྒྱ་མི་དག་དང་གྲངས་ཉུང་མི་རིགས་ཡིན་པ་ཀྲང་ཁྲིན་ཀྲི་དང་མ་ལ་ཆིན་ཧྥུ་ལྟ་བུས་རྒྱ་ཡིག་གིས་བྲིས་པའི་བརྩམས་ཆོས་གྲགས་ཅན་དག་བསྡུས་ཡོད་འདུག
རྒྱལ་དབང་ལྔ་པ་ཆེན་པོའི་འབྲས་བུ་སྔ་བའི་རྒྱན་གྱི་དཔེ་བརྗོད།
ལང་ཚོ་དར་བབས་འདོད་ལྡན་གཞོན་ནུ་དག།
སྨིན་ལེགས་ལུས་ཕྲར་དགྱེས་དགུར་རབ་སྤྱད་ནས།།
སླད་ནས་མཛེས་ཤིང་སྡུག་པའི་རྣམ་འགྱུར་ལ།།
མི་བཟད་ཆགས་མྱོས་དྲག་པོ་ཅི་ཡང་འཕེལ།།
ཞེས་པ་འདི་རིགས་དེང་དུས་སློབ་གྲྭ་ཆེ་འབྲིང་གི་དགེ་རྒན་བྱེད་བཞིན་པའི་རབ་བྱུང་བ་དག་དང་དགེ་རྒན་གདོང་ལྤགས་སྲབ་པའི་རིགས་ཀྱིས་སློབ་གྲྭ་བ་བུ་བུ་མོ་ན་གཞོན་ཚོར་ཇི་ལྟར་ཁྲིད་ན་ལེགས། ཡང་མིན་ན་འདིའི་ཐད་ཀྱི་ཤོག་བུ་དག་ལ་ལྕགས་མཛེར་བརྒྱབ་སྟེ་ཁ་ཕྱེ་མི་ཐུབ་པ་བཟོ་དགོས་སམ།
ཀྲུང་གོ་ཡིན་ན་དགྲ་བོ་ཡིན་ན་དེའི་གྲགས་ཅན་མི་སྣའི་ཁོངས་སུ་འགྲོ་དགོས་ན་དང་པོ་གུང་ཁྲན་ཏང་ལ་བསྟོད་གླུ་ལེན་དགོས་པ་འདྲ། ཡེ་ཤེས་ཁྱོས་བོད་ན་ཡོད་དུས་གུང་ཇག་ལ་བསྟོད་གླུ་བླངས་ཨེ་མྱོང་། གོ་ཐོས་ལ་རོང་བོ་སྙན་གྲགས་ཡིན་ན་དེས་བསྟོད་གླུ་ཞེ་དྲག་བླངས་ཡོད་རེད་ཟེར། བདེན་པ་ཨེ་ཡིན་མི་ཤེས།
སྟོན་མཇུག་གི་སྙན་ངག་ཅེས་པ་དེ་ངས་རྡེ་ར་རྡུན་ན་ཡོད་དུས་ཤིག་ལ་མཐོང་བྱུང་། སྟོན་མཇུག་གི་སྙན་ངག་འདི་ལས་མཐོང་ཐུབ་པ་ཞིག་ནི་རྩོམ་པ་པོའི་གནས་བབ་དང་བསམ་བློ་གཏོང་སྟངས། བོད་ཀྱི་གནས་སྟངས་ཆབ་སྲིད་གནས་བབ། རྒྱལ་སྤྱིའི་གནས་བབ་སོགས་སྟོན་མཇུག་གི་དུས་ཤིག་དང་སྦྱར་ནས་བྲིས་ཡོད་སྟབས་རྩོམ་པ་པོའི་སེམས་ཁམས་ཀྱི་ཚོར་སྣང་དང་བསྡེབས་པའི་ཚིག་གི་སྒྱུ་རྩལ་དེས་རྩོམ་ྐློག་གིན་ྐློག་གིན་བསམ་བློ་གཏོང་གིན་བྱས་ྐློག་དགོས་པ་ཞིག་དང་། རྩོམ་དེ་བྐླགས་ཚར་ཚར་རྗེས་དབུགས་རིང་ཞིག་བཏང་ནས་བསམ་བློ་བཏང་ནས་ཏོག་ཙམ་གྲག་འགུལ་མེད་པར་ལུས་འགྲོ་བ་ལྟ་བུ་ཞིག་བྱུང་སོང་། ངས་སྙན་ངག་དེ་བྐླགས་པ་ལོ་མང་པོ་ཞིག་གི་སྔོན་རེད། རྒྱུ་རྐྱེན་གང་ཡིན་མི་ཤེས་ཀྱང་ད་ལྟ་བར་དུ་ང་རང་འགྲོ་སྡོད་ཀྱི་གནས་སྐབས་མང་པོ་ཞིག་ལ་སྟོན་མཇུག་གི་སྙན་ངག་ནང་གི་ཚིག་རྐང་རེ་ཟུང་རེ་སེམས་ངོར་འཆར་ཡོང་གིན་འདུག་ ྐླུ་སྨྱོན་གྱིས་སྙན་ངག་འདི་ཁ་བརྡར་གཏོང་ཐུབ་ན་ང་ཧ་ཅང་དགའ་ངེས་རེད།
ངས་མཚོ་སྔོན་བོད་ཡིག་གསར་འགྱུར་གྱི་སྟེང་དུ་སྤེལ་བའི་རྩོམ་ཡིག་ཕལ་མོ་ཆེ་ཞིག་ལག་འབྱོར་བྱུང་བའི་ནང་དུ་ཅང་མཐོང་རྒྱུ་མི་འདུག གཞན་སྦྲང་ཆར་དང་ཟླ་ཟེར། གངས་རྒྱན་མེ་ཏོག་དང་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་སོགས་ཀྱི་སྟེང་བཀོད་པ་དག་གི་ནང་དུ་མེད་ཐག་ཆོད་ཡིན། གོ་བ་ལོག་པར་བླངས་ན་གང་ཤེས། ངས་བོད་ནང་དུ་ཡོད་དུས་གཙོ་ཆེ་བ་བརྩམས་སྒྲུང་འབྲི་རྒྱུར་འབད་པ་ཡིན་ལ། དེ་ཡང་གཙོ་བོ་མི་དང་མིའི་བར་གྱི་འགལ་ཟླའི་སྐོར་ནས་རྩལ་དུ་བཏོན་པ་འདྲ་བོ་ཞིག་ཏུ་སྣང་། FBIཡིས་འདྲི་གཅོད་བྱས་ན་ཡང་ལན་གཅིག་མཚུངས་ཡིན།
མགོན་པོ་ཕྱག་གཉིས་ཀྱིས་བཤད་པར་གནས་ལུགས་འདུག སྤྱིར་བཏང་ང་ནི་ལུག་རྫི་ལོ་ཆུང་ཞིག་ལ་ཆར་འབེབས་ཐོག་བརྒྱག་གི་ཛ་དྲག་གི་གནས་ཚུལ་ཞིག་བྱུང་བའི་སྐབས་ཀྱི་སེམས་ཀྱི་ཚོར་སྣང་དང་ཉམས་མྱོང་ཀློག་འདོད་ཤིན་ཏུ་ཆེ་མོད། ཡིན་ནའང་གོང་གི་ཀླུ་སྨྱོན་གྱི་སྙན་ངག་དེ་ལས་ཚོར་སྣང་ཅི་ཡང་མ་བྱུང་། ཀླུ་སྨྱོན་ཁྱོད་ལ་ཆོས་དང་འཇིག་རྟེན་གང་ཐད་ནས་མ་དགའ་ཞེ་སྡང་སྤུ་ཙམ་མེད་མོད། འདི་ནི་དྲང་གཏམ་བཤད་པ་ཙམ་ཡིན། ཁྱོའི་དཔེ་དེབ་དེ་ཚོ་བཀླགས་ཀྱང་མ་མྱོང་ལ། ཀློག་སའང་མ་རེད། དེ་ལས་ཁ་སྔོན་རྩོམ་ཡོན་ལེན་དུ་སོང་སྐབས་སྦྲགས་ཁང་དུ་འཕྲད་པའི་དོན་རྐྱེན་དེ་དང་། ད་སྔོན་བྱིས་དུས་ཀྱི་མཐུན་འཇུག་གི་སྒྲུང་བཤད་པ་དེ་གཉིས་མ་ཤི་བར་དུ་བརྗེད་ས་མ་རེད། རྫོད་ཚིག་གི་མཛེས་ཉམས་ཙམ་མིན་པར་བསྟན་བྱའི་ནང་དོན་ལ་སྙིང་ཁར་ཆུ་འཁྱག་འཕོ་བ་ལྟ་བུའི་གཟེར་ཞིག་མེད་ན། གློ་མཆིན་སྦྱོར་བའི་ལྷོད་ཅིག་དགོས་ཀྱི་འདུག དེ་ནི་སྐལ་བཟང་ལྷ་མོའི་དྲང་སྲོང་བསྟི་གནས་ཀྱི་རྩོམ་སྟངས་ལྟ་བུ་རེད། ཡིན་ནའང་ངའི་མཐོང་སྣང་གི་ཡ་ང་བའི་གནས་སྟངས་ཞིག་ནི་་ཁྱོད་ནི་ད་དུང་སྤྲུལ་སྐུ་དང་སྤྱོད་བཟང་སོགས་ཕྱི་ཤུན་རིམ་པ་བརྒྱ་ཡིས་་བཏུམས་པའི་འགྲིག་འོག་གི་མི་ཞིག་རེད་འདུག་པས། ཁྱོས་ཀློག་པ་པོ་ཚོར་ཉན་འདོད་ཡོད་པའི་སྐད་ཆ་མང་པོ་ཞིག་བཤད་རྒྱུར་དངངས་སྐྲག་ཆེན་པོས་འཁུམས་འདུག
ལྟས་ངན། དེ་ལྟར་ན་བོད་མཁས་པའི་སྙན་འགྲེལ་ལས་རྒྱུའི་རྒྱན་གྱི་དཔེར་བརྗོད་ཅིག་ཏུ། མེ་ཏོག་ལམ་ལ་བགྲོད་པར་མ་བྱས་ཤིང་། །གཞོན་ནུའི་བརླ་ཡི་འཁྲི་ཤིང་མ་བསྲུབས་ཤིང་། །ཡལ་འདབ་ལྔ་པས་བསྐྱོད་པར་བྱས་མིན་པར། །དྲན་པའི་ཀ་ཆེན་འགྱེན་འདི་སྣང་བ་སྐྱོ། །ཞེས་པ་འདི་འགྲེལ་ཚུལ་ཞིག་གང་དུ་ཡོད།
ཨ་རོ། ྐླུ་སྨྱོན་དང་སྤོབས་པ་གཉིས་ལགས། བསྟན་འཛིན་ཤེས་རབ་ཀྱིས་བྲིས་པའི་སྟོན་མཇུག་ཅེས་པའི་སྙན་ངག་ཚིགས་བཅད་བཞི་ནོར་ལྡེའི་སྟེང་དུ་བཀོད་ཡོད། ནག་མོ་ཁོལ་གྱི་སྤྲིན་གྱི་ཕོ་ཉ་འབྲི་འབྲི་བྱས་ཡོད། གང་ལྟར་སྙན་པོ་ཞིག་ཡོད།
རྒྱལ་དབང་ལྔ་བ་ལ་འདི་འདྲའི་ཉམས་མྱོང་དམར་རྗེན་འབྲི་རྒྱུ་ཡོད་དོན་ག་རེ་ཡིན་ནམ། གཅིག་བྱས་ན་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་འདྲ་བོ་ killer ཞིག་འཁྲུངས་རྒྱུའི་སྔོན་བརྡ་མིན་འགྲོ། ཆོས་དགེ་ཚོས་སྙན་ངག་ཁྲིད་དུས་ངོ་ཚོ་བྱེད་མི་རུང་ཟེར་རམ། ཡང་ན་རྒྱལ་བ་རིན་པོ་ཆེའི་བཀའ་རེད་ལབ་ན་ཅི་འདྲ་འདུག དེ་མིན་ན་མགོ་མར་ལ་སྒུར་ཁུལ་བྱས་ནས་སྐད་དམའ་བོ་བྱས་ཏེ་ཧ་ཅང་ཁག་པོ་འདུག་མདོག་མདོག་བྱེད་ཞོར་ལ་བཤད་འཇོག་དགོས་པ་རེད།
ཨ་རོ། སྤོབས་པ། རྒྱན་འདིའི་སྐོར་ལ་བཤད་རྒྱུ་མང་པོ་ཞིག་ཡོད། ཕུན་ཚོགས་ཚེ་རིང་གིས་བྲིས་པའི་ལོ་རྒྱུས་དེབ་ཐེར་ཀུན་གསལ་མེ་ལོང་ནང་གི་རྒྱལ་དབང་ལྔ་བའི་སྐོར་གཟིགས་མྱོང་ན། བཤད་རྒྱུ་མང་པོ་ཞིག་ཡོད་པ་དེ་དྲན་གི་རེད། དེ་མིན་འདིར་མང་པོ་མི་བཤད།
སྙན་ངག་དང་རྩོམ་ཡིག་ཅིག་དངོས་ཡོད་ཀྱི་གནས་སྟངས་དང་ཐག་ཉེ་མིན་གྱི་སྐད་ཆ་དེ་གཙོ་བོ་རྩོམ་པ་པོའི་ནང་སེམས་ཀྱི་འཇིག་རྟེན་དེ་འབྲི་བཞེངས་བྱེད་ཐུབ་མིན་གཙོ་བོའི་སྒྱུ་རྩལ་གྱི་ཐུན་མིན་ཁྱད་ཆོས་ཤིག་ཡིན་པ་འདྲ། དེ་མིན་ཕྱིའི་དངོས་ཡོད་ཀྱི་ཉམས་སྣང་དཔེར་ན་ཁྱིའི་སྒྱོ་རྒྱག་སྟངས་ཤིག་བྲིས་ཡོད་ན་ྐློག་པ་པོའི་མཇེ་ལངས་ནས་གཡག་ར་འདྲ་བ་ཞིག་ཆགས་ཐུབ་པ་ཞིག་ཡོད་ན་དེ་ཡང་རྩོམ་གྱི་སྒྱུ་རྩལ་མ་རེད་ཅེས་བཤད་ག་ལ་ཐུབ། མགོན་པོ་ཕྱག་གཉིས་པས་སྙན་ངག་གི་སྒྱུ་རྩལ་དེ་ནང་སེམས་ཀྱི་བློས་བསླངས་ལ་གཙོ་བོར་འཛིན་གྱིན་མེད་པ་འདྲ།
དགེ་ཆོས་ཀྱིས། མི་ཕམ་བཙུན་པས་གསན་ནས་བྲིས་པ་དང་།།དགེ་ཆོས་འཆལ་པོས་མྱང་ནས་བྲིས་པ་གཉིས།།བྱིན་རླབས་གནད་ཀྱི་ཚན་ཁ་མི་འདྲ་བ།།ཆགས་ལྡན་ཕོ་མོས་ཉམས་སུ་མྱོང་ན་ཤེས།།ཞེས་བཤད་འདུག ད་ཁྱོད་ཚོས་བལྟས་ན་རྒྱལ་དབང་ལྔ་པ་དང་བོད་མཁས་སོགས་ཀྱིས་བྲིས་པ་དེ་བྱིན་རླབས་གནད་ཀྱི་ཚན་ཆུང་ཡོད་པའི་མྱོང་སྣང་འདྲ་འདུག་གམ། ངས་ནི་རྒྱོ་རྒྱག་གིན་རྒྱག་གིན་ཆགས་ཉམས་ཅན་གྱི་རྩོམ་ཞིག་འབྲི་ཁུལ་བྱས་ན་ཡང་དགེ་སློང་ཚོས་སྙན་ངག་ལ་དཔེར་བརྗོད་བྲིས་པ་དེ་ཚོ་ལས་དྲག་ཅིག་འབྲི་ཐུབ་ས་མ་རེད།
ཨོ་བསྟན་འཛིན་ཤེས་རབ་ནི་རྡོ་སྦིས་དགེ་བཤེས་ཀྱི་སྤྲུལ་སྐུ་དེ་རེད། དེའི་སྐོར་ནས་ང་ལ་སྒྲུང་ཞིག་ཡོད། དེ་ནི་༡༩༩༥ལོའི་སྟོན་ཁ་ཞིག་ཡིན། ངས་རང་གིས་བྲིས་པའི་དགེ་འདུན་ཆོས་འཕེལ་དང་རྡོ་སྦིས་དགེ་བཤེས་གཉིས་ཀྱི་ལོ་རྒྱུས་དེ་ཁྱེར་ནས་སྐབས་དེའི་འབྲས་སྤུངས་ཁྲི་ཆེན་བསྟན་པ་བསྟན་འཛིན་མཆོག་གི་གཟིམ་ཤག་ཏུ་བཅར་བ་ཡིན། ཁོང་གི་སྐབས་དེར་འབྲས་སྤུངས་ལོ་རྒྱུས་ཤིག་རྩོམ་འབྲི་གནང་བཞིན་ཡོད་ལ་གོང་སྨོས་ལོ་རྒྱུས་དེ་གཉིས་ང་རང་ཀླུ་འབུམ་པ་ཞིག་ཡིན་པའི་ཆ་ནས་ངའི་ལས་འགན་དུ་སྤྲད་པ་ཡིན་བསམས། ངས་ཁོང་གི་མདུན་དུ་པུས་མོ་བཙུགས་ནས་རང་གིས་བྲིས་པའི་ཤོག་ལྷེ་དེ་ཚོ་ཕུལ་བ་ཡིན་ལ། ཁོང་གིས་ཐུགས་རྗེ་ཆེ་དེར་ཏོག་ཙམ་བཞུགས་གསུངས་པ་དང་། དེ་ནས་ང་ལ་གཟིགས་ཙམ་དང་སྤྱན་ཟུང་བཙུམས་ཙམ་རེ་གནང་གིན་འདུག ངས་དེ་སྔོན་ཁོང་གི་གཟིམ་ཤག་ཏུ་བཅར་ནས་ཁོང་ལ་མཇལ་མ་མྱོང་བས་ཏོག་ཙམ་འཚབ་སྣང་འདྲ་ཞིག་སྐཡེས། དེ་ནས་ཁོང་གིས་ང་ལ་ཁྱེད་ཀྱིས་རྡོ་སྦིས་དགེ་བཤེས་ཀྱི་སྤྲུལ་སྐུ་ལ་ལན་ཞིག་གནང་ཐུབ་ས་ཨེ་རེད་གསུང་བྱུང་བས་ལགས་སོ་ཞུས་པ་ཡིན། ཁོང་གིས། རྡོ་སྦིས་སྤྲུལ་སྐུ་དེ་སྐུ་གོང་མ་དེ་ལྟ་བུ་ཞིག་ཡོང་རྒྱུ་ཧ་ཅང་དཀའ་ན་ཡང་སྐུ་གོང་མའི་ཞབས་འདྲེན་མ་ཞུས་པ་ཞིག་ངེས་པར་དགོས་ཀྱི་རེད། ཐུན་མོང་རིག་གནས་གལ་ཆེ་གི་རེད་དེ་གཙོ་ཆེ་བ་དེ་གཞུང་ཆེན་མོར་སློབ་སྦྱོང་བྱེད་རྒྱུ་རེད་ཅེས་ངས་ལབ་ཀྱི་འདུག་ཅེས་ཁོང་ལ་གསུངས་རོགས་གསུངས་བྱུང་བས་དེ་ལ་ཡང་ལགས་སོ་ཞུས་པ་ཡིན། དེ་ནས་ཁོང་གིས་ཡུད་ཙམ་ཐུགས་བསམ་བཏང་སྟེ་བཞུགས་མཐར་ང་ལ་ཐད་ཀར་གཟིགས་ཏེ། ཁྱེད་ཀྱིས་ཁ་ཏོན་འདོན་དགོས་ཀྱི་འདུག ཁྱེད་ཀྱིས་ཁ་ཏོན་འདོན་དགོས་ཀྱི་འདུག ཅེས་ལན་འགའ་གསུངས་པ་མ་གཏོགས་གཞུང་ཆེན་མོར་ལྟོས་གསུང་གིན་མི་འདུག དེ་ནས་ཁོང་མཉམ་བཞག་ལྟ་བུ་ཞིག་གི་དབྱིངས་སུ་བཞུགས་སོང་བས་ང་ཡང་ག་ལེར་ཡར་ལངས་ནས་ཁོང་གི་གཟིམ་ཆུང་གི་ཕྱིར་ཐོན་པ་ཡིན།།ཁོང་སྤྱིར་བཏང་བྱས་ན་སྐུ་ཤ་ཞན་པོ་ཞིག་ཡིན་ན་ཡང་འབྲས་སྤུངས་ཚོགས་ཆེན་གྱི་གྲྭ་སྟོང་ཕྲག་ཁ་ཤས་ཀྱི་དབུས་སུ་ཁྲི་སྟེང་དུ་བཞུགས་དུས་གནས་བརྟན་འདུལ་བ་འཛིན་པ་ཞུ་བ་དེ་ཁོང་འདྲ་ཞིག་ལོས་ཡིན་བསམ་པའི་གཟི་བརྗིད་ཆེན་པོ་ཞིག་ཡོད་ལ། ཟབ་མོ་སྟོང་བ་ཉིད་ཀྱི་ལྟ་བ་ཡང་ཐུགས་རྒྱུད་ལ་འཁྲུངས་ཡོད་པ་ཡོངས་གྲགས་ཡིན། གངས་སྦལ་རྒྱ་བོས་འབྲས་སྤུངས་ཚོགས་ཆེན་ལ་རྒྱལ་བ་བྱམས་པའི་སྐུ་བརྙན་ཞིག་གི་གཟུངས་བཞུགས་སུ་དོལ་སྔགས་སྣ་ཚོགས་བླུགས་པ་ཞིག་ཕུལ་བའི་རྫུན་རྐུབ་ཀྱང་འབྲས་སྤུངས་ཁྲི་བ་ཁོང་གི་མངོན་ཤེས་ཀྱིས་གཟིགས་ནས་ཐེར་འདོན་གནང་བ་ཡོངས་གྲགས་ཡིན་པ་དང་། བོད་ས་མ་ཤོར་གོང་ལ་རྒྱལ་བའི་དབང་པོ་དང་ལྷན་ཅིག་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་གནང་མཁན་ཞིག་ཀྱང་རེད་འདུག བློ་ཕམ་པ་ཞིག་ལ་ལོ་ཤས་གོང་དགོངས་པ་ཞི་དབྱིངས་སུ་མནལ་ཟིན།།
དེ་འདྲ་ཞིག་ཡིན་པ་འདྲ། དབྱིན་ཇིའི་བྱིས་པ་ཚོའི་ཁྲོད་དུ་ཧ་རའེ་ཕོ་ཊིའི་གློག་བརྙན་ལ་ལྟ་བ་ལས་དེབ་ཀློག་རྒྱུར་དགའ་བོ་འདུག་ཅེས་རྩོད་པ་རྒྱག་པའི་གནས་ལུགས་དང་གཅིག་པ་འདྲ་ཞིག་འདུག
སྡེ་སྲིད་མགོ་ལེབ་དེ་རྒྱལ་དབང་ལྔ་བའི་བུ་ཡིན་པའི་བཤད་ཚུལ་ཞིག་ཡོད་པ་རེད། བོད་ཀྱི་ལོ་རྒྱུས་ཐོག་ཏྰ་ལའི་བླ་མའི་དགོངས་ཚུལ་ཟེར་བའི་དབྱིན་དེབ་དེའི་ནང་ཡང་བཤད་ཚུལ་དེ་བཀོད་འདུག་བསམ། བོད་མཁས་ཀྱིས་རྒྱལ་དབང་ལྔ་བར་ཟུར་ཟ་མཛད་པའི་སྙན་ངག ་་ལུས་གྲིམ་རྐང་བ་བརྒྱད་པའི་ཤ་ཚུགས་ཀྱིས་་ ཟེར་བ་འདིར་འགྲེལ་ཚུལ་གཉིས་ཡོད་པ་རེད། གཅིག་སེང་གེ་རྐང་བ་བརྒྱད་པས་བཏེགས་པའི་ཁྲི་དང་། གཞན་དེ་ནི་ཕོ་མོ་གཉིས་ཀྱི་རྐང་ལག་བརྒྱད་ལ་འགྲེལ་སྐད། ཁོང་ལ་གསང་བའི་ཟུར་མོ་དེ་འདྲ་ཡོད་པའི་སྐད་ཆ་འདུག་ག བདེན་མིན་མི་ཤེས།
བཀྲ་ཤིས་ཟླ་བ་དང་ཨ་ལེ་སོགས་ཀྱི་བརྩམས་སྒྲུང་ཕར་འཇོག་རོགས། ཁྱེད་ཚོ་མང་ཆེ་བ་ཞིག་ཨ་རི་དང་ཁེ་ན་དྲར་ཡོད་པ་འདྲ། བྱིན་ཇུའི་སྐད་ཡིག་ཡག་པོ་ཡོད་ཀྱི་རེད། དྲིན་ཆེན་ཚོ། ཁྱེད་ཚོས་ཨ་རིའི་སྙན་ངག་པ་གྲགས་ཅན་ Walt Whitman གྱིས་མཛད་པའི་ Leaves of Grass ཞེས་པའི་རང་མོས་སྙན་ངག་དེ་བསྒྱུར་ཐུབ་མཁན་འདྲ་མེད་དམ། ཐུགས་རྗེས་གཟིགས།
གངས་སྦལ་གྱིས་བྱམས་པ་གདན་འདྲེན་བྱེད་སྐབས་ཁྱོད་འབྲས་སྤུངས་སུ་ཡོད་དམ། གངས་སྦལ་དེ་དེ་འདྲའི་སྤྱང་པོ་མ་རབ་རེད་འདུག ད་ཡིན་ན་ཁོ་ས་པཎ་གྱི་སྤྲུལ་སྐུ་ཡིན་ཟེར་གྱི་ཡོད་རེད་ཟེར།
དེ་ནི་ཁོ་རང་གྲགས་པ་འབར་བྱེད་ཀྱི་སྙན་ངག་དང་ཁོའི་ཤིང་རྟའི་སྲོལ་འབྱེད་ཀྱི་ཚབ་མཚོན་སྙན་ངག ཁོ་རང་ལས་ཁུངས་ནས་ཕྱིར་འབུད་བྱེད་གཞིའི་སྙན་ངག་གསུམ་ག་རེད།
མགོན་པོ་ཕྱག་གཉིས་ལགས། ཁྱེད་རང་ལོ་རྒྱུས་ལ་སྤྲོ་སྣང་ཆེན་པོ་ཡོད་པ་འདྲ། རང་རྣམ་དཱུ་ཀུ་ལའི་གོས་བཟང་ྐློག་རོགས། སྡེ་སྲིད་ཀྱི་ཁ་སྐོང་དེ་མ་ྐློག་ན་ཆོག འདིར་མང་པོ་བཤད་དགོས་དོན་མི་འདུག
སྙན་ངག་བསྒྱུར་ཟེར་རྒྱུ་ཅུང་ཉེན་ཁ་ཅན་ཞིག་རེད་འདུག ཡང་མིན་ན་སྙན་ཆ་བརླགས། ཡང་མིན་ན་ལོ་ཙཱ་བ་ཁོ་རང་སྙན་ངག་པ་འདྲ་བོ་ཞིག་ཡིན་ཚེ་ཁོ་རང་གིས་སྙན་ཆ་འདྲ་བོ་ཞིག་འཇུག་ཁུལ་བྱས་ནས་རྩོམ་ཡིག་གི་ནང་དོན་ཇི་བཞིན་མ་ཡོང་བ་སོགས་ཀྱི་ཉེན་ཁ་འདུག དེར་བརྟེན་ངའི་གྲོགས་པོ་རྒྱ་གར་མཐོ་སློབ་ཏུ་འགྲོ་མཁན་ཁ་ཤས་ཤིག་གིས་རྔ་བ་ཤེས་རབ་ཀྱིས་ཐའེ་གོར་གྱི་སྒྲུང་རིང་ཞིག་བསྒྱུར་བ་དེ་ཡང་སྒྱུར་གཞི་དང་འབྱོར་མིན་གྱི་རྙོགས་དྲ་ཞིག་ཤོད་སྡོད་གྱིན་འདུག
ཚེ་རིང་གི་བུ། ཁྱོད་ཀྱིས་སྐྱིད་པོ་དེ་འདྲ་མ་བཤད། དུ་ཀུ་ལའི་གོས་བཟང་འདི་ྐློག་ཆོག་ཆོག་དེ་འདྲ་ཞིག་མི་འདུག ཟླ་བ་གཅིག་ལ་ཤུགས་བསྒྲིམས་ལ་ཐེབས་ཆག་ཅིག་བྐླགས་ཚར་ས་རེད་མོད་དེའི་ཚིག་སྦྱོར་དེ་ལས་སླ་པོར་ཤེས་པ་ཞིག་རེད་མི་འདུག ཏཱའི་སི་བྱང་རྒྱལ་གྱི་ཞལ་ཆེམ་མཐོང་བ་དོན་ལྡན་དང་དུ་ཀུ་ལའི་གོས་བཟང་འདི་ཚོའི་ཚིག་སྦྱོར་དེ་མཁའ་འགྲོའི་བརྡ་ཡིག་འདྲ་བ་ཞིག་རེད། བུ་རྒོད་པོ་ཞིག་མིན་ན་གླགས་ཁེལ་ས་ཞིག་མ་རེད་ཡ།
སྤོབས་པ་ལགས། ཁྱེད་རང་བདེན། འོན་ཀྱང་། སྙན་ངག་ཅེས་པ་འདི་བསྒྱུར་ཁག་པོ་རེད། དཔེར་ན། མི་ཞིག་གིས་བྲིས་པའི་ཆུ་ཚོན་རི་མོ་ཞིག་མི་གཞན་ཞིག་གིས་འབྲི་བ་དང་ཨ་ན་མ་ན་རེད། ཏག་ཏག་ཅིག་ཡོང་གི་མ་རེད་དེ། མ་བསྒྱུར་བ་ལས་བསྒྱུར་བ་དགེ་མཚན་ཡོད་པར་མཐོང་། ཁ་སང་རྒྱ་ནག་གི་ལྔ་བཞིའི་ལས་འགུལ་སྐབས་ཀྱི་སྙན་ངག་པ་ཀོ་མོ་རེས་བྲིས་པའི་སའི་གོ་ལ། ངའི་མ་ཡུམ་ཞེས་པ་བོད་སྐད་དུ་བསྒྱུར་ཡོད་པ་དེ་ཅིག་བྐླགས་པ་ཡིན། ཁྱུང་ཆེན་མྱ་ངན་ལས་འདས་པ་ཞེས་པའི་སྙན་ངག་དེ་བསྒྱུར་ཡོད་མེད་མི་ཤེས་ཏེ། མ་གཞི་ནས་སྙན་ངག་དེ་ཡག་པོ་འདུག་བསམས་སོང་།
དེ་དུས་ཚ་བ་ཆེ་ལུགས་ལ་དཔྱད་ན་དགུན་མགོ་ཞིག་ཡིན་ཚོད། གང་ལྟར་དོལ་གླིང་གཡུལ་འགྱེད་ད་དུང་མགོ་བཙུགས་མེད། ཉིན་གུང་ཞིག་ལ་གྲྭ་མང་དགོན་འདབས་སུ་གཤར་གིན་འདུག སྐད་ཆ་ཞིག་དྲིས་པར་རྒྱལ་བ་བྱམས་པ་གདན་འདྲེན་བྱེད་རྒྱུ་རེད་ཟེར། གྲྭ་པ་ལྔ་བརྒྱ་དྲུག་བརྒྱ་ཞིག་ལམ་ཁ་ཕྱོགས་གཉིས་སུ་དམར་ཉོག་གེར་འདུག སྐབས་ཤིག་བླ་རྒན་རྒྱ་བོ་མགོ་དམར་ཞིག་དང་ཕྱི་རྒྱལ་སྐྱེས་པ་འགའ་དང་སྐྱེས་དམན་འགའ་བསླེབས་སོང་ལ། ཕྱི་རྒྱལ་བ་ཚོས་བརྙན་འཕྲིན་འཕྲུལ་ཆས་རེ་གཉིས་ཀྱིས་གྲྭ་དམངས་བརྙན་ཕབ་བྱེད་བཞིན་ཡོང་གིན་འདུག དེ་ནས་བླ་རྒན་དེའི་རྒྱབ་ལོགས་ཤིག་ཏུ་བོད་དུ་ཐོ་ལ་ཅི་ཟེར་བའི་རླངས་འཁོར་དམར་གོག་ཆེན་པོ་ཞིག་གི་ནང་དུ་རྒྱལ་བ་བྱམས་པའི་སྐུ་ཞིག་གདན་འདྲེན་བྱས་ནས་ཕེབས་སོང་། འདུ་ཁང་ནང་ལ་བསླེབས་དུས་གྲྭ་ཚང་ཚོགས་པ་འཚོགས་སོང་ལ་བླ་རྒན་རྒྱ་བོ་དེ་དང་ཕྱི་རྒྱལ་སྐྱེས་དམན་དེ་ཚོས་ལག་པས་ཕྱག་རྒྱ་ཚོགས་བྱེད་ཞོར་གླུ་དབྱངས་ཡིན་ནམ་ཆོས་དབྱངས་ཡིན་མི་ཤེས་པ་ཞིག་དུས་ཚོད་གང་འཚམ་ཞིག་ལ་བཏང་སོང་། དེ་ནས་ཅུང་མ་འགོར་བར་ཚོགས་པ་དེ་ཡང་གྲོལ་སོང་། རྗེས་སུ་ཤེས་གསལ་ལྟར་ན་དེ་དུས་གངས་སྦལ་གྱིས་གྲྭ་ཚང་བེད་སྤྱོད་ཀྱིས་ཁོ་རང་ལ་ཕེབས་བསུ་བྱེད་པའི་གློག་བརྙན་བཟོ་བཞིན་པ་འབྲས་སྤུངས་གྲྭ་མང་གིས་མ་མཁྱེན་པ་རེད། གངས་སྦལ་དེ་དེ་ཙམ་གནག་སེམས་ཆེན་པོ་རེད། དེའི་སྐབས་ཀྱི་རྒྱལ་བ་བྱམས་པའི་སྐོར་གོང་དུ་ཞུས་ཚར། ཨ་ཨ། ད་ལག་པ་ན་གིན་འདུག་ལ་མིག་ཀྱང་ཚ་གིན་འདུག མྱི་ལོན་ཡིན་ན་འདིས་ཅི་དཀའ་ཀི་ཡ།
རྔ་བ་ཤེས་རབ་མ་རེད། རྔ་བ་ཆོས་གྲགས་རེད།
ཀོ་མོ་རོ། ཀོ་མོ་རོ། ཀོ་མོ་རོ། ཧ་ཧ་ཧ། འབིག་ནི་འབིག་རེད། ཁོ་ལ་ཁག་མི་འདུག
དུ་ཀུ་ལའི་གོས་བཟང་འདི་ྐླུ་སྨྱོན་གྱིས་ྐློག་མ་ཐུབ་ན། ང་ཚོས་ལྕོགས་ས་མ་རེད། ྐླུ་སྐྱོན་འདིས་མཁའ་འགྲོའི་བརྡ་ཡིག་རྐྱང་རྐྱང་གཟིགས་ནས་གོམས་ཡོད་ཀྱི་རེད། ྐླུ་སྐྱོན་གྱིས་འགྲེལ་བ་ཞིག་འབྲི་དགོས་པ་འདྲ། འོན་ཀྱང་། ཕྱག་གཉིས་པ་འགྲེལ་བ་ཡང་འགྲེལ་ཟེར་བ་འདི་ཚོར་དགའ་བོ་མེད་པ་ལྟ་བུར་འདུག
ཁྱེད་ཚོས་རྔ་བ་ཆོས་གྲགས་ཀྱིས་བསྒྱུར་བའི་སྒོ་ར་ཟེར་བ་དེ་བཤད་ཀྱི་ཡོད་དམ།
གོས་བཟང་གི་ནང་དུ་རྒྱུ་ནོར་འབུལ་བའི་གྲངས་ཀ་རྫོགས་མཐའ་མེད་པ་ཞིག་བྲིས་འདུག་པས་ངོ་མ་ཀློག་མི་ཐུབ། རྒྱུ་ནོར་ཐོ་འགོད་རིག་པའི་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་བྱེད་མཁན་བྱེད་མཁན་ཚོར་ཕན་ཤས་ཆེ།
དུ་ཀུ་ལའི་གོས་བཟང་འདི་མཁས་པ་རྒན་པ་ཚོས་ལུང་འདྲེན་མང་པོ་བྱེད་ཀྱིན་འདུག ཧ་ཅང་གནད་ཅན་ཞིག་ལོས་ཡིན། ངས་ཀྱང་ཕོ་གསར་གྱི་ཧམ་པ་ལ་ཚོད་འཛིན་མེད་སྟབས་དེབ་དང་པོ་དེ་བྐླགས་ཁུལ་བྱས་པ་ཡིན། མཚམས་རེར་འབུལ་བ་གང་བྱུང་གི་ཐོ་རེ་ཡོད་པ་འདྲ་བོ། མཚམས་རེར་ཕྱག་མཛོད་ལ་ལེ་བརྡ་བྱེད་ཀྱིན་ཡོད་པ་འདྲ་བོ། མཚམས་རེར་ཁོ་རང་གི་བསམ་ཚུལ་ཞིག་གསུང་གིན་ཡོད་པ་འདྲ་བོ། ད་འདི་ལྷ་ས་བ་ཞིག་གིས་བྐླག་ན་ཅིག་གོ་རྒྱུ་རེ་མེད་ན་ང་ཚོ་ལྟ་བུ་ལ་མཚོན་ན་འདིའི་ཚིག་སྦྱོར་ཁོ་ནས་དབུགས་རྔ་ལེན་འཇོག་གིན་འདུག ངའི་དགེ་རྒན་གྱིས་ཁོས་ཟླ་བ་གཉིས་ལ་ཤུགས་བསྒྲིམས་ནས་ཡང་བྐླགས་བསྐྱར་ྐློག་བྱས་རྗེས་ཡག་པོ་འདྲ་ཞིག་བྱུང་སོང་ཟེར་གྱིན་འདུག ྐླུ་སྨྱོན་གྱིས་ཀྱང་འདི་ལ་ཤུགས་མ་བསྒྲིམས་ན་ལས་སླ་པོ་མེད།
བོད་ཀྱི་བླ་མ་ཞིག་གི་ལོ་རྒྱུས་ལ་ཚངས་དབྱངས་པའི་གསང་རྣམ་དེ་ངོ་མ་སྙན་མོ་ཞིག་འདུག ཆོས་དད་པ་ཞིག་གིས་མཇལ་ན་དེ་ཙམ་གྱི་བྱིན་རླབས་ཆེ་བ། ལྗོངས་རྒྱུ་བ་ཞིག་གིས་བཀླགས་ན་ཡང་དེ་ཙམ་གྱི་ས་རྒྱུས་མང་པ། ལོ་རྒྱུས་པ་ཞིག་གིས་དཔྱད་ན་ཡང་དེ་ཙམ་གྱི་རིན་ཐང་ཡོད་པ། སྙན་ངག་པ་ཞིག་གིས་བལྟས་ན་དེ་ཙམ་གྱི་སྙན་ཆ་དོད་པ་ཞིག་འདུག
རྣམ་ཐར་བཙན་པོ་མ་དེ་ངེད་ཅག་གི་དཔེ་མཛོད་ཁང་དུ་མེད། ང་དེབ་འདིའི་ཆེད་དུ་རྡ་སའི་དཔེ་མཛོད་ཁང་དུ་ཕྱིན་པ་ཡིན། མིག་ཤེལ་གྱོན་པའི་གསར་ཟུར་གཟུགས་ཐུང་ཞིག་གིས། ཁྱོད་ལ་དེབ་དེའི་ག་རེ་བྱེད་ཟེར། ངས་ང་ལ་རྒྱབ་ལྗོངས་འདྲ་མེད། ང་ཚོའི་དཔེ་མཛོད་ཁང་དུ་དེབ་དེ་མེད་རབས་དང་། དེབ་དེ་ྐློག་འདོད་ཡོད་རབས་བཤད་པ་ཡིན། མཐར་ཨུ་ཚུགས་འདྲ་པོ་ཞིག་བྱས་ནའང་ང་ལ་གཡར་མ་སོང་། དེ་ནས་ངས་ཨ་ལགས་ཤིག་ལ་ཞུས་པ་ཡིན། ཁོང་གིས་ང་ལ་དེབ་དེ་གཡར། རྡ་སའི་བོད་ཀྱི་དཔེ་མཛོད་ཁང་གིས་མི་འདྲ་མི་འདྲ་དེབ་གཡར་གྱི་མི་འདུག རྒྱུ་མཚན་ག་རེ་ཡིན་ནམ།
རྣམ་ཐར་ཞིག་ཏུ་གསང་རྣམ་རྩོམ་པ་པོ་ལྷ་བཙུན་པནདིཏ་དེ་སྡེ་སྲིད་སྐྱེ་བ་ཡིན་ལུགས་འདུག་ལ། གང་ལྟར་ལས་ཤིག་གིས་མཐའ་མར་ཁོང་ཡང་སོག་དཔོན་ཞིག་གིས་མ་ཉེས་ཁ་གཡོག་བྱས་ནས་སྐེ་བཅད་དེ་བགྲོངས་འདུག
ྐླུ་སྨྱོན་ཁྱོད་ཀྱིས་ཁ་མཚར་བརྩེ་ན་ཡིན་རྒྱུ་རེད། རྗེ་ཚངས་དབྱངས་པའི་གསང་རྣམ་དེ་རྫུན་བཤད་མི་ཤེས་མཁན་ཞིག་གིས་རྫུན་བཤད་པ་ལྟ་བུ་ཞིག་ལས་རྣམ་ཐར་ཞིག་གི་ཡིད་ཆེས་བྱེད་ཐུབ་པ་ཞིག་འདུག་གམ། ཆེན་མི་མགོ་མེད་མཁན་ཞིག་དང་ཐུག་ཚུལ་ལྟ་བུ་ཡིན་ན་དེང་དུས་ཀྱི་ྐླད་ཆེན་མེད་ན་འཚོ་ཐབས་མེད་པའི་ལྟ་ཚུལ་དང་བསྟུན་ནས་ཅི་ལྟར་འགྲེལ།
ཨ་ཚེ་རིང་གི་བུ། དེས་ན་ཁྱོད་ཀྱིས་བཙན་པོ་མ་ཡིན་ནམ་དེ་བྐླགས་སམ། དེའི་ནང་དུ་སྡེ་སྲིད་སངས་རྒྱམ་པའི་མགོ་གཅོད་མཁན་གྱི་གྲས་སུ་འཇམ་དབྱངས་བཞད་པ་ཐེ་བའི་དཔང་རྟགས་ཡོད་རེད་ཟེར། དངོས་གནས་དེ་ལྟ་བུ་རེད་དམ། དེ་འདྲ་ཡོད་ནས་མི་དེ་ཚོས་གཞན་ལ་སྟོན་མི་ཐུབ་པ་རེད་ཟེར་བ་ཙམ་ལས་རྣམ་ཐར་དེ་གསང་རྒྱ་བྱེད་དགོས་པའི་རྒྱུ་མཚན་གཞན་གོ་མ་མྱོང་།
སྡེ་སྲིད་དེ་ཡང་སོག་དཔོན་བུད་མེད་ཅིག་གིས་བསད་པ་མ་རེད་དམ། སྐེ་གཅོད་དུས་ཁྲག་དཀར་པོ་ཐོན་པའི་ལོ་རྒྱུས་འདུག་ག ལྷ་བཟང་ཁན་དང་འཇམ་བཞད་འདི་ཚོ་མི་ཡག་པོ་ཏག་ཏག་མ་རེད་སྙམ།
འདི་ལ་ཐེ་ཚོམ་མི་དགོས་པ་ཞིག་རེད། ཀླད་ཆེན་མེད་ན་མི་སྲོག་མི་འཚོ་ཞེས་པ་དེ་ནི་ཚན་རིག་པ་དང་སྨན་པ་ཁ་ཅིག་གི་བཤད་སྟངས་ཤིག་རེད། རྒྱལ་ཁབ་གང་ཡིན་མི་ཤེས་པ་ཞིག་ཏུ་བྱིས་པ་ཀླད་ཆེན་གཏན་ནས་མེད་པར་དེའི་ཚབ་ཏུ་ཆུ་རྐྱང་རྐྱང་མ་གཏོགས་མེད་པ་ཞིག་བཙས་པ་ཡང་མི་དཀྱུས་མ་བཞིན་ལས་དབང་པོ་སྐྱོན་ཅན་གྱི་རྟགས་མཚན་མེད་ལུགས་འཁོད་འདུག
རེད། ཚེ་རིང་གི་བུ་ངས་ཀྱང་དེ་ལྟར་བསམ་བཞིན་ཡོད་མོད་དེའི་སྐབས་ཀྱི་ལོ་རྒྱུས་ཀྱི་དངོས་བསྟན་ལ་ཡང་འཇམ་དབྱངས་བཞད་པ་སྡེ་སྲིད་ཕྱོགས་སུ་མ་ལངས་པ་གསལ་པོར་ཡོད་རེད། ཡིན་ན་ཡང་ལ་ལས་རྣམ་ཐར་བཙན་པོ་མའི་ནང་དུ་སྡེ་སྲིད་དང་འཇམ་བཞད་ཀྱི་འགལ་བ་གསལ་བོ་འཁོད་ཡོད་རེད་ཟེར་མཁན་འདུག གལ་སྲིད་ཁྱེད་ཀྱིས་རྣམ་ཐར་དེ་བྐླགས་ཡོད་ན་དེའི་སྐོར་གང་མི་འདུག་གམ།
ྐླུ་སྨྱོན་ལགས། ྐླད་ཆེན་མེད་པའི་མི་ཞིག་ཡོད་ཅེས་པ་དེ་ཁུངས་ཚད་ལྡན་ཡོད་པ་ཞིག་ཨེ་ཡིན་ནམ། ཨོ། ངས་ཁྱོད་ལ་དྲི་བ་འབྲེལ་མེད་ཅིག་འདྲི་འདོད་བྱུང་། དེང་སང་གཉན་ཆེན་ཐང་ལྷ་ག་འདྲ་ཡོད་རེད། གྲོངས་ཟིན་པ་རེད་དམ་འཚོ་བཞུགས་གནང་ཡོད་རེད། ལོ་ཤས་སྔོན་ངས་སྐད་ཆ་ཞིག་ཐོས་གསལ་ལྟར་ན་ྐླུ་སྨྱོན་སོང་ཚུན་ནས་གཉན་ཆེན་ཐང་ལྷ་ཡང་ཐང་ཐང་མི་འདུག་ཟེར་བ་ཞིག་ཐོས་བྱུང་། དེའི་སྐོར་གང་གོ་བྱུང་ངམ།
འགལ་བ་དེའི་ཕྱོགས་སུ་འཇམ་བཞད་གཅིག་པོར་གླེང་འགེལ་བྱས་ན་འགྲིག་པ་ཨེ་ཡིན་ན། སྡེ་སྲིད་རང་ཉིད་ཀྱང་དབང་ཤེད་ཅན་ཞིག་ཡིན་པས་རང་གིས་གང་འདོད་དེ་ལས་མཁན་ཞིག་ཡིན་པ་ནི་སྐབས་དེའི་ལོ་རྒྱུས་སུ་ལྷ་སར་བསླེབས་པའི་བུད་མེད་རྣམ་པ་མཛེས་པོ་ཡོད་པ་ཞིག་ཕྱིན་སྡེ་སྲིད་ཀྱིས་མ་སྤྱད་པ་ཞིག་མེད་ལུགས་བྲིས་འདུག་པ་དེས་ཀྱང་ཤེས་ཐུབ། བུད་མེད་དེ་ཚོར་ཡང་ཁྱོ་ག་ཡོད་ཀྱི་རེད་ལ་དགའ་རོགས་ཀྱང་ཡོད་ཀྱི་རེད། ཡིན་ན་ཡང་སྡེ་སྲིད་ཀྱིས་དེ་ཚོར་རྡོག་རོལ་བཏང་ནས་བུད་མེད་དེ་ཚོ་ལོངས་སུ་སྤྱད་པ་རེད། དེ་ནས་འཇམ་དབྱངས་བཞད་པ་ཨ་མདོ་བ་ཞིག་ལྷ་ས་ནས་སྐད་གྲགས་ཆོད་པ་རེད། དེ་ལ་སྡེ་སྲིད་དབུས་པ་ཞིག་ཡིན་པའི་ངོས་ནས་དེ་ཙམ་མ་དགའ་ཡིན་སྲིད་པ་དང་། གྲུབ་མཐའི་ཡིག་ཆའི་ཕྱོགས་ནས་སྡེ་སྲིད་ཀྱིས་མཁས་གྲུབ་རྗེའི་ཡིག་ཆར་དགག་པ་བྱེད་བཞིན་པ་དང་འཇམ་བཞད་ཀྱི་རྒྱབ་སྐྱོར་བྱེད་བཞིན་པ། འཇམ་བཞད་མདོ་སྨད་ལ་ཕེབས་ན་སྦྱིན་བདག་ལྟེ་བ་དེ་སོག་པོ་ཚོ་ཡིན་པ་དང་། སྡེ་སྲིད་ཀྱི་དགྲ་ལྟེ་བ་དེ་སོག་པོ་ཚོ་ཡིན་པ་སོགས་ཀྱིས་འགལ་ཟླ་འདི་དག་ཡོང་བ་མ་གཏོགས་འཇམ་བཞད་གཅིག་བུས་མ་བྱས་མ་འགྲིག་པ་ཞིག་ཡིན་ཚོད་མི་འདུག
ཟླ་གཉིས་གསུམ་ཞིག་གི་གོང་ལ་རྩོམ་སྒྲིག་པ་དཀོན་མཆོག་ལ་ཉིག་ཡོར་ནས་སྐད་ཆ་ཞིག་དྲིས་པ་ཡིན། མཚམས་རེར་འདོན་བཞིན་འདུག་ལ་སྐབས་རེར་གོ་རྒྱུ་མི་འདུག་ཟེར། ང་འདི་རུ་སླེབས་ཙམ་ཞིག་ལ་འདི་གར་ཡང་རེ་ཟུང་འབྱོར་གྱིན་འདུག་མོད་རྗེས་ཤིག་ནས་ཆད་སོང་།
རིག་རྒོད་སྤོབས་པ་ལགས། རྣམ་ཐར་བཙན་པོ་མའི་ནང་དུ་འཇམ་བཞད་སྡེ་སྲིད་ཀྱི་ཕྱོགས་སུ་ལངས་མེད་པ་འདྲ་པོ་ཞིག་ཡོད་བསམས་སོང་། ངས་འདིའི་སྐོར་ལ་ཟིན་ཐོ་ཞིག་བཏབ་ཡོད། ང་ལས་ཀར་ཡོད། སང་ཉིན་རྙེད་ན་མཆན་བུ་བཏབ་ཆོག རྣམ་ཐར་བཙན་པོ་མ་ལོ་བཅུ་གྲངས་ཤིག་གི་སྔོན་དུ་བྐླགས་པས། སེམས་ན་རབ་རིབ་ཏུ་གྱུར་འདུག
རབ་རིབ་འདིར་གཞིར་བཅོལ་ནས་འོལ་ཚོད་ཀྱིས་བཤད་མ་སྤོབས། ཉེ་ཆར་རེབ་གོང་པ་འཇིགས་མེད་བསམ་གྲུབ་ཀྱིས་ལྷ་བཟང་ཧན་དང་འཇམ་དབྱངས་བཞད་པ་གཉིས་ཀྱིས་ངན་འབྲེལ་བྱས་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་པ་ཞེས་པའི་དཔྱད་རྩོམ་བྲིས་ཡོད་ཚོད། དེ་རེག་ན་ཡག་པོ་ཡོད་ཀྱི་རེད།
རྒྱལ་དབང་མཆོག་གིས་སོག་རིགས་ཚོར་ཐུགས་མཉེས་པོ་གནང་གི་འདུག དེ་ནི་ས་སྐྱ་བ་དང་འགྲོ་འགོན་འཕགས་པ་སོགས་སོག་པོ་ཚོར་ཆོས་ཕྱོགས་དང་སྲིད་ཕྱོགས་ཀྱི་འབྲེལ་བ་ཡོད་པ། དེ་ནས་རྒྱལ་དབང་སྐུ་ཕྲེང་གསུམ་པ་སོག་ཡུལ་དུ་འཁྲུངས་པ། ད་དུང་གུ་ཤུ་ཧན་གྱིས་རོགས་འདེགས་འོག་དགའ་ལྡན་ཕོ་བྲང་བཙུགས་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས། གོང་ས་མཆོག་གིས་སོག་རིགས་ཚོར་དམིགས་བསལ་གྱིས་ཐུགས་མཉེས་པོ་གནང་གི་ཡོད་ཀྱི་རེད་སྙམ། ཁྱེད་ཚོས་བསམ་ན་དེ་འདྲ་ཨེ་རེད་དམ།
ྐླུ་སྨྱོན། ད་ཡིན་ན་ཡང་བསྐྱར་གཉན་ཆེན་ཐང་ལྷ་བསྐྱར་གསོ་བྱེད་དགོས་པ་མ་རེད་དམ། ཁྱེད་ཀྱིས་མགོ་བྱས། ང་ཚོས་མཐའ་བསྐྱོར་ན་དེ་ལས་ཀ་དེ་འདྲ་ཞིག་བྱེད་ཐུབ་རྒྱུ་མ་རེད་དམ། བལ་ཡུལ་འདི་བོད་རིགས་འདུས་སྡོད་ཅུང་ཆེ་བའི་ས་ཁུལ་ཞིག་ཡིན་སྟབས་དེ་འདྲའི་ལས་ཀ་རེ་བརྩམས་ན་ཕན་ཐོགས་ཡོད་རྒྱུ་རེད། ཁྱེད་ལ་དེ་འདྲའི་འཆར་གཞི་འདྲ་མེད་དམ།
དེང་སྐབས་ངའི་གཉན་ཆེན་ཐང་ལྷ་དེ་ངའི་ཨེམ་ཨེན་ཨི་སུའི་ནང་གི་རང་དབང་གི་ཟིན་བྲིས་དེ་ཡིན། ད་ལོ་ན་སོ་རྒས་ཚར་བས་སྔོན་མ་ནང་བཞིན་གྱི་ལུས་ཤུགས་སེམས་ཤུགས་དེ་འདྲ་མི་འདུག རྗེས་མར་སྦྱིན་བདག་རེ་རེག་ན་གཉན་ཆེན་ཐང་ལྷ་དྲ་ཚིགས་ཤིག་གཉེར་ནས་སྲིད་དབང་སྒེར་གཅོད་པ་ཞིག་བྱེད་བསམས་ཀྱང་ལོ་ནའི་བབ་ཀྱིས་དེ་ཡང་དཀའ་མོ་རེད་ཡ། གཙོ་ཆེ་བ་གསར་བུ་ཚོས་ཤུགས་རྒྱོབས།
རེད། ཁྱེད་ཀྱིས་གཉན་ཆེན་ཐང་ལྷ་ཡིན་ན་གང་ལྟར་དྲྭ་ཚིགས་ཤིག་གཉེར་བའམ་དུས་དེབ་རེ་གཉེར་ཐུབ་ན་ཡག་པོ་ཡོད་ས་རེད་བསམ་པ་ཞིག་ངའི་ཡིད་ལ་ཡང་ཡང་ཡང་འཁོར་ཡོང་གིན་འདུག ཁྱེད་ལ་རྩོམ་རིག་གི་ཕྱོགས་སུ་འཇོན་ཐང་དམིགས་བསལ་ཞིག་ཡོད་པ་དེ་ལག་ལེན་རྒྱ་ཆེ་ཙམ་ཐུབ་ན་བསམ་གྱིན་འདུག སེམས་ཤུགས་ཆག་རྒྱུ་ག་ལ་ཡོད། ད་ནི་ཁྱེད་ཀྱང་མཐོང་ཐོས་ཤེས་རྒྱ་ཆེ་རུ་སོང་བ་དང་ལོ་ནའི་བབ་ལ་བསམ་ཀྱང་གང་ཅིར་སྟོབས་ཤུགས་ཡོད་པའི་སྒང་རེད། མང་པོ་ཞིག་གིས་བཟའ་ཚང་མི་སོས་ནས་ལུས་ཡོད་རེད། ཁྱེད་ལ་དེ་ལྟ་བུ་ནི་མི་འདུག
སྐུལ་མ་ཐེབས་སོང་། ཐུགས་རྗེ་ཆེ།
ཨ་རོ། ངའི་དྲི་བ་འདི་ཡང་འབྲེལ་མེད་ཅིག་ཡིན། ད་སོ་མ་ངའི་གྲོགས་པོ་ཞིག་གིས་ཕ་ཡུལ་ནས་གཡག་གཅིག་ལ་རྒྱ་སྒོར་ལྔ་སྟོང་རེ་རེད་ཟེར་བས། ད་ཡིན་ན་གཡག་རྒན་ཚོར་ཡང་མནའ་མ་ཞིག་གི་གོང་ཚད་གནས་ཀ
དེ་འདྲ་ཞིག་ཡིན་ངེས་རེད། ངའི་ཕ་ཡུལ་གྱི་ཁྱིམ་ཚང་ཕལ་མོ་ཆེས་གཡག་རྒན་ཚོ་བཙོང་བཙོང་ནས་ད་ཡིན་ན་གཡག་ཆེ་གྲས་དེ་འདྲ་མཐོང་རྒྱུ་དཀོན་པོ་རེད་ཟེར།
རང་རེའི་འབྲོག་པའི་འཚོ་ཐབས་འདི་དངོས་གནས་དཀའ་ལས་ཆེན་པོ་འདུག བོད་མི་ཚོས་ཆོས་ནི་སྲོག་བཞིན་བརྩི། གཡག་རྒན་ལུག་རྒན་ཚོའི་སྲོག་མ་བཅད་ན་ནི་འཚོ་ཐབས་མེད། དེ་ལ་འཚེར་སྣང་ནི་སྐྱེས། གཡག་གཅིག་ལ་རིན་གོང་དེ་ལྟར་ཡིན་ལུགས་ལ་བལྟས་ན་སྤྱིར་བཏང་རྒྱ་ནག་ནང་གི་དངོས་རྫས་ཚང་མའི་རིན་གོང་ཧ་ལས་པ་ཞིག་འཕར་ཡོད་པ་ཨེ་ཡིན་ནམ།
ངའི་ནུ་བོས་བཤད་པ་ལྟར་ན། སྐབས་ཤིག་ལ་རྒྱ་ནང་ནས་ཀུ་ཤུ་རྒྱ་མ་གང་རེར་རྒྱ་སྒོར་ལྔ་བཅུ་བྱས་སོང་ཟེར།
ད་ཡིན་ན་སེམས་ཅན་ཐམས་ཅད་གཅེར་བུར་འཕུད་ས་རེད་ཀོ
རྒྱ་ནག་ནང་གི་རྒྱ་མི་མང་པོ་ཞིག་ཕྱུག་པོ་ཆགས་ཡོད་ན་ཡང་རང་རེའི་ས་ཁུལ་ལྟ་བུ་ལ་ད་དུང་ཡང་དཔལ་འབྱོར་གྱི་ཡོང་སྒོ་གང་ཡང་རག་གི་མེད་པ་འདྲ་བས་དངོས་རྫས་གོང་འཕར་ན་དངོས་གནས་སྙིང་རྗེ་རེད་ཡ། ས་ཁུལ་ལ་ལ་ཞིག་ན་དབྱར་རྩ་དགུན་འབུ་འདིས་ཡོང་སྒོ་ཏོག་ཙམ་རག་གི་ཡོད་ས་རེད། དེ་ཡང་བོད་མི་ཚང་མས་རག་པ་ཞིག་དང་ཁྱིམ་ཚང་ཚང་མས་རག་པ་ཞིག་མ་རེད།
ཨ་ཡོ་ཤེ་། དེ་རིང་ཨ་རིའི་ལུང་པར་ཆུ་ལོག་བརྒྱུགས་པ་འདྲ། རྒད་པོ་ཁ་བདེ་དེ་ཚོ་ཡོང་རྒྱུ་མི་འདུག ངས་རྒྱ་གར་གྱི་མཚན་གྱི་ཆུ་ཚོད་གཉིས་པ་བར་དུ་བསྒུག་བསྡད་པ་ཡིན། སྐད་ཆ་གསར་བ་རེ་དང་སྤྲོ་སྣང་ཅན་རེ། ཡང་ན་དོན་གནད་ཅན་རེ་གོ་ན་འདོད་ཀྱང་དེ་རིང་ཁྱེད་ཚོས་ང་ལ་གོ་སྐབས་སྤྲད་མ་སོང་། དྲག་གི་ནམ་ཞིག་ངས་རང་དྲ་ཚིགས་གཉེར་ནས་སྒེར་གཅོད་བྱེད་མོ།
གྱི་བོད་ཡིག་གི་ཡིག་ གཟུགས་བཀོལ་རོགས། ཁྱེད་ཀྱིས་མིང་དང་གློག་འཕྲིན་ཁ་བྱང་རང་འཇགས་སུ་སྤྱད་ཚེ། ཁྱེད་ཀྱི་མཆན་བུ་ཐོག་མ་ལ་དག་མཆན་ཐོབ་རྗེས། མཆན་བུ་རྗེས་མ་རྣམས་དག་མཆན་ལ་སྒུག་མི་དགོས་པར་རང་བཞིན་གྱིས་དྲ་དེབ་ཏུ་འཁོད་ འགྲོ་བ་བཅས་དགོངས་འཇགས་