རྩོམ། ཡུས་ཅེ། སྒྱུར། ནགས་ཤོད་སད་མི།
སྤྱི་ལོ ༢༠༡༢ ལོའི་ཟླ་བ ༥ པའི་ཚེས ༣༠ ཉིན། བོད་ཀྱི་བུད་མེད་ཅིག་གིས་སླར་ཡང་འཛམ་ཐང ༼ སི་ཁྲོན་རྔ་པ་ཁུལ་འཛམ་ཐང་རྫོང ༽ དུ་རང་སྲེག་བྱས་ནས་ལྔ་ལམ་དུ་བཞུད། ཉེ་བའི་ཟླ་འགའི་རིང་བོད་མིའི་རང་སྲེག་གྲངས་འབོར་ཞེ་གཅིག་ལ་འཕར་ཚར། ༼ བོད་ནང་སོ་བརྒྱད་དང་། བོད་ཕྱི་གསུམ ༽ དེའི་ཁྲོད་ནས་མི་སུམ་ཅུ་ཐམ་པ་གྲོངས་ཟིན། ༼ བོད་ནང་ཉེར་བརྒྱད་དང་། བོད་ཕྱི་གཅིག ༽ དེ་དག་ལས་བུད་མེད་དྲུག་དང་། བཙུན་མ་གསུམ སློབ་ཕྲུག་བུ་མོ་གཅིག་བཅས་ཚང་མ་སྐུ་གཤེགས་པ་རེད།
བོད་མིས་རྒྱུན་ཆད་མེད་པར་ཡ་ང་བའི་རང་སྲེག་བྱས་པའི་སྐོར། རྒྱ་གུང་ཁྲན་པས་བཏང་འཛིན་བྱས་པའི་སྨྱན་སྦྱོར་སྡེ་པས་འབྲུ་གཅིག་འགོད་ཀྱི་མེད། རྒྱ་ནག་མི་དམངས་ཕལ་ཆེ་བས་ཀྱང་དོ་སྣང་བྱེད་ཀྱི་མེད་པ་སྟེ། བག་རྩེད་པ་ཚོ་སྔ་མ་ལྟར་བག་རྩེད་རྩེ་བཞིན་ཡོད་ལ། གཞས་པ་ཚོ་ནམ་རྒྱུན་ལྟར་གཞས་གཏོང་གིན་ཡོད། ཚོང་དོན་པ་ཚོ་དུས་ལྟར་ཚོང་ལས་གཉེར་གིན་ཡོད་དུས། བོད་མི་འདས་གྲོངས་ཀྱི་གནས་ཚུལ་འདི་ཧ་ལམ་གོ་ལ་གཞན་ཞིག་གི་གནས་ཚུལ་ཡིན་པ་ལྟར་སྣང་། གལ་ཏེ་མི་རིགས་ལྔ་བཅུ་ང་དྲུག་ནང་མི་གཅིག་ལྟར་ཤ་ཚ་ཡོད་ཟེར་ན། ཅིའི་ཕྱིར་དུ་བོད་མིའི་རང་སྲེག་འདི་རྒྱ་ས་རུ་གྲག་འགུལ་ཅུང་ཟད་ཙམ་ཡང་མེད་པ་རེད།
འདི་ནི་རྒྱ་ནག་སྤྱི་ཚོགས་ན་ཙིས་ཅན་དུ་འགྱུར་རྒྱུའི་སྔ་ལྟས་རེད། སྤྱི་ཚོགས་ཤིག་གིས་ཚེ་སྲོག་གི་མ་མཐའི་བརྩི་འཇོག་དང་རིན་ཐང་བོར་འགྲོ་དུས། གཅིག་སྡུད་དབང་འཛིན་པ་ཚོས་རྐང་རིང་ལག་རྐྱང་གིས་བྱ་ངན་སྤེལ་ཆོག པཱོ་ཤིས་ལེའི་དོན་རྐྱེན་ལྷག་མ་ཐག་རྒྱལ་ཕྱི་ནང་གི་མི་གང་མང་མང་ཞིག་ཚོར་འདུ་འཁྲུགས་པའི་སྨན་བཟས་པ་བཞིན་སྐད་འབོད་བྱས་དོན། ཧུའུ་ཝན་གཙོ་བྱས་པའི་སྒྱུར་བཅོས་ཤོག་ཁག་ལ་རྒྱལ་ཁ་ཐོབ་སོང་། གང་མགྱོགས་ཆབ་སྲིད་བཅོས་སྒྱུར་མགོ་ཚུགས་གི་རེད་ཅེས་བརྗོད། མི་འདི་ཚོ་སྤྲེའུ་ལྟར་བདག་པོ་ཚང་གི་ཆ་འཇོག་མེད་པའི་ཇུས་ངན་གྱིས་མགོ་བོ་འཐོམ་དུ་བཅུག་ཡོད།
འོན་ཏེ། ཆབ་སྲིད་བཅོས་སྒྱུར་མགོ་བརྩམས་པའི་ཤུལ་རྗེས་ཤིག་མཐོང་རྒྱུ་མེད་ཁར། ༼ དྲུག་བཞིའི ༽ སྐབས་རྐྱེན་འདས་སོང་བའི་ཁྱིམ་མིར་ལྟ་སྲུང་དང་གཉའ་གནོན་ཡང་རྒྱུན་ཆད་མེད། རྒྱ་གུང་ཁྲན་པས་དངོས་གནས་ཆབ་སྲིད་ལ་འགྱུར་བ་གཏོང་རྒྱུའི་འདོད་འདུན་ཡོད་མེད་ནི་ཁོས ༼ ཡོངས་ཁྱབ་འགྲོ་མིའི་ཐོབ་ཐང ༽ ངག་སྐྱོར་ཐུབ་མིན་མ་རེད་ལ། ཁོས་ཕུས་ཤིན་ཅིང་གི་སྙན་ངག་སྐྱོར་མྱོང་ཡོད་མེད་ཀྱང་མ་རེད། དེ་ནི་སྤྱིར་བཏང་གི་མི་བུ་རེ་རེའི་ཚེ་སྲོག་ལ་མཐོང་ཆེན་བྱེད་མིན་ལ་རག་ལས་ཡོད། ཝན་ཅཱ་པོས་རང་སྲེག་བོད་མིར་ཚིག་ངན་སྨྲས་པ་དང་སྦྲགས་ཏེ་ཏཱ་ལའི་བླ་མའི་ངན་བསྐུལ་ཕོག་པར་བརྗོད་ཚེ། ཁོ་པའི་མཛེས་འཆོས་ཀྱི་སྒྱུར་བཅོས་རྦད་དེ་མ་རྩ་རྡིབ་པ་རེད།
ཧུའུ་ཝན་གྱི་སྤྲང་རྩེད་ལྟ་བུའི་སྲིད་དབང་མཇུག་རྫོགས་ཁ་འདིར་ཡང་། སྔར་ལྟར་ཧུའུ་ལ་ཕུག་གིས་མགོ་གཡོག་མགོ་སྐོར་བྱེད་པ་དང་། དེ་ནས་མ་འགྲིག་ན་དབྱུག་པའི་ལམ་རྙིང་གིས་ཞབས་ཞུ་བྱེད་ཀྱི་ཡོད། འདི་ནི་ཁྲིམས་སྲིད་མཁས་པ་ཁྲན་ཡོན་མེའི་བཀའ་གསུང་ཁོ་ན་ལྟར་སྟེ། ཁང་པ་ནག་པོའི་ནང་དུ། ཁྱོད་ལ་ཙག་ཐུར་ཞིག་སྤར་བ་ལས། སྒེའུ་ཁུང་ཕྱེ་མི་འདོད། ཕྱི་ལོགས་ནི་ཉི་འོད་རབ་ཏུ་འབར་ཡོད་གསུངས། དེ་ཁོ་ན་སྟེ། སྨག་རུམ་སྟུག་པོ་འཐིབས་པའི་མཚན་རིང་དེ་ན། བོད་མིའི་རང་སྲེག་གི་མེ་འོད་ཁོ་ན་མཆེད་ཀྱིན་འདུག
ཡིན་ནའང་། མིའི་ལུས་སྟེང་ན་བཞུར་གིན་པ་ནི་ཁྲག་དྲོན་ཡིན་པ་ལས་ས་སྣུམ་ག་ལ་ཡིན། སྲིད་དབང་གང་ཞིག་ཅི་ཙམ་ཡ་ང་བག་ཚ་མེད་པའི་ཚད་དུ་ལྷུང་ཚེ། ད་གཟོད་ཁྲག་དྲོན་ས་སྣུམ་ལ་འགྱུུར་འགྲོ་ཨང་། ནང་ཆོས་བསླབ་བྱའི་ནང་དུ། རང་སྲོག་གཅོད་པ་ཡང་ཉེས་ལྟུང་ལྕི་བ་གསུངས་མོད། ནང་ཆོས་ལ་མཐའ་གཅིག་ཏུ་དད་གུས་ཟབ་པའི་བོད་མི་ཚོས་ཉེས་ལྟུང་ལྕི་ཡང་ཚེ་སྲོག་མཇུག་བསྒྲིལ་བའི་ཐལ་སྤྱོད་འདི་བདམས་པ་རེད། འདིས་ཕྱིར་མངོན་ཐུབ་པ་ནི་ཁོང་ཚོའི་སྡུག་བསྔལ་འཆི་བ་ལས་ཆེས་ཆེ་བར་བསྟན་པ་མ་རེད་དམ།
འདི་འདྲ་བའི་ཞུ་འབོད་ཀྲུང་ནན་ཧེའི་གྲགས་སྐམ་ནུས་མེད་ཅན་དེ་ཚོས་གོ་གི་ཡོད་ས་མ་རེད། ཅི་སྟེ་གོ་ཡོད་པའི་དབང་དུ་བཏང་ཡང་འོན་ལྐུགས་པའི་བརྟུལ་ཞུགས་བཟུང་ཡོད། ཡིན་ནའང་། རྒྱ་ནག་མི་དམངས་ཚོས་གོ་དགོས་ཚོད་ཡིན། གལ་ཏེ། མི་ལོ་ཉེར་གསུམ་སྔོན་དུ་ཧུའུ་ཅིང་ཐོས་ལྷ་སར་མེ་མདའ་བརྒྱབས་ཏེ་དམར་གསོད་བཏང་བའི་སྐད་སྒྲ་ཐོས་ཡོད་ན། རྒྱལ་ཁུལ་གྱི་སློབ་ཕྲུག་དང་གྲོང་མི་ཚོས་གུང་ཁྲན་ཏང་གིས་མེ་མདའ་གཞུ་གི་མ་རེད་བསམས་པའི་ཕྲུ་གུའི་བློ་སྣང་བ་དེ་ཡོང་མི་སྲིད།
དེས་ན། ང་ཚོའི་ཚེ་སྲོག་དང་བོད་མིའི་ཚེ་སྲོག་གཞི་གཅིག་ཏུ་དམ་འཁྱུད་བྱ་དགོས། དཔེར་ན། མ་ཏིང་ཉི་མོས་ལཱ་ཆོས་དཔོན་གྱིས་ཨ་རིའི་པོ་ཧྲི་ཏུན་ལྗེའུ་མི་རིགས་དམར་གསོད་ཀྱི་དྲན་རྟེན་རྡོ་རིང་ན་དོན་སྙིང་ཟབ་པའི་སྙང་ངག་ཐུང་ངུ་ཞིག་བཀོད་པ་འདི་ལྟ་སྟེ། འཇར་མན་དུ་དང་ཐོག་ཁོང་ཚོས་གུང་ཁྲན་རིང་ལུགས་པ་ཚོ་འདེད་བཅོམ་བྱས། ངས་དེ་དོན་སྐད་ཆ་བཤད་མེད། ཅིའི་ཕྱིར་ཞེ་ན། ང་གུང་ཁྲན་རིང་ལུགས་པ་མ་རེད། དེ་ནས་ཁོང་ཚོས་ལྗེའུ་མི་རིགས་དམར་གསོད་བཏང་སོང་། ངས་ཀྱང་སྐད་ཆ་ཅི་གང་མ་བཤད། གང་ཞེ་ན། ང་ནི་ལྗེའུ་བ་མིན་པས་ཡིན། དེའི་རྗེས་ནས་ཁོང་ཚོས་བཟོ་ཚོགས་ཚོགས་མི་འདེད་བཅོམ་བྱས། ངས་དེ་དོན་ཡང་སྐད་ཆ་བཤད་མེད། རྒྱུ་མཚན་ནི་ང་བཟོ་ཚོགས་མི་སྣ་མིན་པས་རེད། དེ་ནས་ཡང་ཁོང་ཚོས༌གནམ་བདག་པ་ཚོ་འདེད་བཙོམ་བྱས། ངས་ད་དུང་ཡང་སྐད་ཆ་ཚིག་གཅིག་མ་བཤད། ཅི་རེད་ཟེར་ན། ང་ནི་ཆོས་ལུགས་གསར་པའི་རྗེས་འབྲངས་པ་ཡིན་པའི་ཕྱིར། མཐའ་མ། ཁོང་ཚོ་ང་འདེད་པར་སླེབས་བྱུང་། དེའི་ཚེ་ན་མི་སུ་ཞིག་གིས་ཀྱང་ངའི་ཆེད་དུ་སྐད་ཆ་ཤོད་མཁན་མ་རྙེད་དོ།
མ་རྩོམ་བོད་ཀྱི་དྲ་གནས་ལ་གཟིགས། www.xizang-zhiye.org
ནོར་བཅོས། ཞབས་ནས་ཡར་བརྩིས་པའི་དུམ་མཚམས་གཉིས་པའི་ཡིག་ཕྲེང་ཐ་མའི་ནང་། ཕྲུ་གུའི་བློ་སྣང་བ་ཞེས་པ་དེ ༼ ཕྲུ་གུའི་སྣང་བ ༽ ཞེས་པར་བཅོས་རོགས།
དྲང་བདེན་ལ་རྒྱབ་སྐྱོར་མཚོན་པའི་རྩོམ་ཡིག་འགུགས་ཤུགས་ཅན་ཞིག་བྲིས་འདུག རྩོམ་མཁན་དང་བསྒྱུར་མཁན་གཉིས་ལ་ཐུགས་རྗེ་ཆེ་ཞུ།
ཡིག་བསྒྱུར་བྱས་པར་བདག་དང་བདག་ལྟ་བུ་བོད་ཡིག་མ་གཏོགས་མི་ཤེས་མཁན་དག་ལ་ཕན་ཐོགས་ཧ་ཅང་ཆེན་པོ་འདུག མིག་ཡ་གཅིག་གཡར་བ་དང་ཁྱད་མི་འདུག ངས་འདི་ནས་ང་དང་རིགས་གཅིག་པ་དག་གི་ཚབ་ཞུས་ནས་ལོ་ཙ་བ་ཁྱོད་ལ་ཐུགས་རྗེ་ཆེ་ཞུ་ནི་ཡིན།
ངོ་མ་དོན་སྙིང་ལྡན་པའི་རྩོམ་ཡིག་ཅིག་རེད། བསྒྱུར་བ་བོ་ལ་དགའ་བསུ་ཞུ་ཆོག་ཀྱང་རྗེས་ཕྱོགས་ཡིན་ནོར་ལ་གཟབ་རྒྱུ་གལ།