བོད་སྐད་ལྷན་ཚོགས་ཀྱིས།
སྤྱིར་སྐད་ཡིག་གང་ཞིག་ཡིན་ཡང་མི་རིགས་དེའི་བླ་སྲོག་ཡིན་པ་ནི། འཛམ་གླིང་གི་མི་རིགས་དང་སྐད་ཡིག་ཞིབ་འཇུག་ཆེད་ལས་མཁས་པ་རྣམས་ཀྱིས་ལོ་རྒྱུས་དབྱེ་ཞིབ་ལས་ངེས་པ་རྙེད་དེ་སྡོམ་ཚིག་གཅིག་རྗེས་གཉིས་མཐུད་དུ་བཀོད་ཡོད། མི་རིགས་དེའི་སྲིད་འབྱོར་རིག་གསུམ་གྱིས་མཚོན་པའི་ཕྱོགས་ཡོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འཛིན་སྐྱོང་གི་ལག་ཆ་གཙོ་བོ་ཡིན། དེས་ན། སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། བོད་མི་རིགས་ལ་མཚོན་ནའང་སྲིད་འབྱོར་རིག་གསུམ་སོགས་གང་ཅིའི་ཐད་ནས་ཐུན་མོང་མ་ཡིན་པའི་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་མོད། གཅིག་ནས། རྒྱ་དམར་བཙན་རྒྱལ་རིང་ལུགས་ཀྱིས་འཆར་གཞི་ལྡན་པའི་སྒོ་ནས་བོད་དང་བོད་ཀྱི་སྐད་ཡིག་རྩ་མེད་དུ་གཏོང་བཞིན་པ་དང་སྟབས་བསྟུན། གོ་ལ་ཟླུམ་པོ་འདིའི་རྒྱལ་ཁབ་གང་སར་གནས་པའི་བཙན་བྱོལ་བོད་མི་རྣམས་ལ་ཡང་བོད་ཀྱི་སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་ཆུང་བ་བཅས་ཀྱིས་བོད་མི་རིགས་ཀྱི་སྐད་ཡིག་འདི་བཙོན་པ་ལྟ་བུ་ཆགས་ཡོད་པ་དང། གཉིས་ནས། དུས་རབས་ཉེར་གཅིག་པའི་ནང་དུ་བྱ་བ་དང་དངོས་རྫས་གསར་བ་དབྱར་དུས་ཀྱི་རྩི་ཤིང་བཞིན་དུ་འཕེལ་བས་ན། བོད་ཀྱི་ཐ་སྙད་གསར་བའི་མ་ལག་གིས་དུས་རབས་ཀྱི་རྗེས་སུ་རྐང་བ་ཙམ་ཡང་འཇོག་ཐུབ་ཀྱི་མེད་ལ། ཐ་སྙད་གསར་བ་གཏན་འབེབས་བྱས་ཡོད་པ་དག་ཀྱང་བཀོལ་སྤྱོད་ལ་གཙིགས་འཛིན་མི་བྱེད་པ་དང། བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཡིག་རྨོངས་པ་ཡིན་པ་སོགས་ཀྱིས་ང་ཚོའི་ཚེ་སྲོག་ལྟ་བུའི་སྐད་ཡིག་ལ་གོད་ཆག་ཚབས་ཆེན་ཐེབས་ཀྱིན་ཡོད།
གང་ལྟར། ང་ཚོས་སྡུག་སྐད་ཤོར་བ་དང་འཁང་ར་བྱས་པ་ཙམ་མ་ཡིན་པར་བོད་པ་རང་ཉིད་ཀྱིས་ངོས་ནས་མ་བསྐུལ་དང་བླངས་ཐོག་རང་གིས་རང་ལ་དམ་བཅའ་བཞག་སྟེ། ཡུལ་གྲུ་གང་དུ་བསླེབས་ཀྱང་བོད་ཡིག་མི་ཤེས་མཁན་གྱིས་ངག་ཐོག་ནས་ཉིན་རེའི་རྒྱུན་སྤྱོད་ཀྱི་བྱ་དངོས་གསར་བའི་ཐ་སྙད་རྣམས་སྦྱང་རྒྱུ་དང་། ཡི་གེ་ཤེས་མཁན་གྱིས་ཡིག་ཐོག་ནས་སྦྱངས་ཏེ་བོད་སྐད་གཙང་མ་བསྐྱོན་སའི་ཁོར་ཡུག་གསར་བ་ཞིག་བསྐྲུན་ཐབས་སུ་ཕྱོགས་ཡོངས་ནས་འབད་བརྩོན་བྱ་རྒྱུ། ལྷག་པར་དུ། རང་ཉིད་ནས་མགོ་བཙུགས་ཏེ་ཆུང་བ་ཁྱིམ་ཚང་དང་། འབྲིང་བ་གྲོགས་པོ་ཕན་ཚུན། ཆེ་བ་སྤྱི་ཚོགས་ཡོངས་ལ་ཁྱབ་ཐུབ་པར་འབད་བརྩོན་རྒྱུན་སྲིང་བྱ་རྒྱུ་དོན་དམ་པའི་སྙིང་དོན་ཡིན། དེའི་ཕྱིར་ན། ཁྱེད་ཀྱིས་ཁ་ཚ་དགོས་གཏུགས་ཀྱིས་མི་རིགས་འདི་ལ་བྱས་རྗེས་དང་ཞབས་ཞུ་རེ་ཞུ་འདུན་ནམ། ད་དུང་། འཆི་བཞིན་པའི་བོད་མི་རིགས་ཀྱི་ཤེས་རིག་ལ་ཚེ་སྲོག་གསར་བ་ཞིག་སྦྱིན་འདོད་དམ། གལ་སྲིད་ཁྱེད་ཀྱིས་དེ་ལྟར་བྱེད་འདོད་ཚེ། དེའི་ནུས་ཤུགས་དེ་དུས་ནམ་ཡང་ཁྱེད་དང་ཁ་མ་བྲལ་བར་རང་ཆས་སུ་ཡོད། དེ་ནི་ཁྱེད་རང་ཉིད་ཀྱིས་བོད་སྐད་གཙང་མ་ཞིག་བཤད་རྒྱུ་དེ་རེད།
༡༽ རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་མི་རིགས་ལ་བཅངས་བའི་བརྩེ་སེམས་དང་ཤ་ཞེན་ལྡན་པའི་སྒོ་ནས་གྲོགས་པོ་དང༌། ནང་མི། བོད་མི་སུ་འདྲ་ཞིག་དང་འཕྲད་སྐབས་རང་ངོས་ནས་བོད་སྐད་གཙང་མ་ཞིག་དང་དག་མ་ཞིག་བཤད་རྒྱུར་འབད་བརྩོན་བྱ་རྒྱུ།
༢༽ ཕ་མ་བུ་ཕྲུག་ཅན་ཞིག་ཡིན་ཚེ་རང་ཉིད་ཀྱིས་ལས་འགན་ཅི་ལྕོགས་ཀྱིས་སྒོ་ནས་ཕྲུ་གུའི་མདུན་དུ་བོད་སྐད་གཙང་མ་བསྐྱོན་ནས་ཕྲུ་གུའི་རྒྱུད་ལ་བག་ཆགས་གཏིང་ཟབ་ཞིག་བཞག་སྟེ་བོད་སྐད་དེའང་ཁྱིམ་སྤྱོད་སྐད་ཡིག་ལ་བསྒྱུར་ཐུབ་པར་དོ་སྣང་བྱ་རྒྱུ།
༣༽ བླ་སྤྲུལ་མཁན་སློབ་དང་དགེ་བཤེས། གྲྭ་བཙུན། ལས་བྱེད། ཤེས་ལྡན་མི་སྣ། དགེ་རྒན། མཐོ་རིམ་དང་འབྲིང་རིམ་གྱི་སློབ་མ་སོགས་ཡིན་ཚེ་རང་ཉིད་བོད་ཀྱི་སྤྱི་ཚོགས་ཁྲོད་མིག་དཔེ་ལྟ་ཡུལ་ཞིག་དང་གཞན་ལ་ལམ་སྟོན་དང་སྣེ་ཁྲིད་བྱས་ཏེ་བོད་སྐད་གཙང་མ་བསྐྱོན་པའི་ཁོར་ཡུག་བསྐྲུན་ཕྱོགས་སུ། ཐབས་ལམ་ཡོད་རྒུ་འདོན་རྒྱུ།
༤༽ བརྡ་འཕྲིན་དང་དྲ་བའི་འགྱུར་འགྲོས་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་ལ་ཁོར་ཡུག་གསར་བ་ཞིག་བསྐྲུན་ཐབས་འཚོལ་བ་དང་། དྲ་བའི་རིག་གནས་བརྒྱུད་དེ་བོད་ཀྱི་སྐད་ཡིག་དར་སྤེལ་བྱ་རྒྱུར་མི་རབས་གསར་བའི་གཞོན་སྐྱེས་རྣམས་ཀྱིས་འགན་འཁུར་དང་ལེན་བྱ་རྒྱུ་བཅས་སོ།།
དེའི་སྟབས་ཀྱིས། བོད་ནས་གསར་བྱུང་གི་དངོས་པོ་རྣམས་ཀྱི་ཐ་སྙད་གཏན་ལ་ཕབ་ཡོད་པའི་དེབ། རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད། དང་། ཤེས་རིག་ལས་ཁུངས་ཀྱིས་དཔར་དུ་བཏབ་པའི་དེབ། ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད། ལག་བསྟར་གྱིས་སྦྱོང་སྤྱོད་སྤེལ་གསུམ་བྱས་ནས་སྐད་ཡིག་གཅིག་གྱུར་ཡོང་བར་འབད་བརྩོན་བྱེད་དགོས། ༼འདི་ནི་མདོ་དབུས་ཁམས་གསུམ་གྱི་སྐད་གདངས་གཅིག་གྱུར་ལ་གོ་རྒྱུ་མིན་པར། མདོ་དབུས་ཁམས་གསུམ་གྱི་མིང་བརྡ་གཅིག་གྱུར་ལ་གོ་དགོས་པ་ཡིན།༽ མི་རིགས་གང་ཞིག་ཡིན་རུང༌། རང་གི་རིག་གནས་དང་ཁྱད་ཆོས། སྐད་དང་ཡི་གེ་གཉིས་པོ་མ་ཉམས་པར་དུས་རབས་ཤིག་ནས་དུས་རབས་གཞན་ཞིག་ཏུ་བཀོལ་ནས་འགྲོ་ཐུབ་པར་བྱེད་པ་ནི་ཆེས་གལ་ཆེ་བའི་བྱ་བཞག་རླབས་ཆེན་ཞིག་ཡིན། ལྷག་པར་དུ། ད་ལྟ་ནི་བརྡ་འཕྲིན་དང་དྲ་བའི་རིག་གནས་ཀྱི་དུས་རབས་ཤིག་ཡིན་པས་སྐད་ཡིག་གཉིས་པོ་བརྡ་འཕྲིན་གྱི་མྱུར་འགྲོས་གཞུང་ལམ་ལ་བརྟེན་ནས། ཐུན་མིན་གྱི་ཡུལ་དུས་ཞིག་ལ་ཐུན་མིན་གྱིས་བྱ་བ་བྱེད་དུ་འཇུག་དགོས། འདི་ནི་མི་རིགས་ཤིག་གིས་ལོ་ངོ་སྟོང་ཕྲག་དུ་མར་བསགས་པའི་ཤེས་རབ་ཀྱི་སྙིང་བཅུད་དེ་བོད་མི་རིགས་ཀྱི་རང་གི་ངོ་བོ་ཡུན་རིང་གནས་མིན་གྱི་གནད་ལ་ཐུག་པའི་བྱ་བ་ཆེན་པོ་ཞིག་ཡིན་པས་བོད་རིགས་སྤུན་ཟླ་ཚང་མས་བསམ་བློ་ངེས་པར་དུ་གཏོང་དགོས།
མཐའ་དོན། ང་ཚོ་བཙན་བྱོལ་དུ་ཡོད་པ་རྣམས་ཀྱིས་ལུས་སྲོག་ལོངས་སྤྱོད་སོགས་བློས་གཏོང་གིས་བོད་མི་རིགས་ལ་ཞབས་འདེགས་ཞུ་མ་ཐུབ་ཀྱང་། རང་ངོས་ནས་བོད་སྐད་གཙང་མ་རེ་བཤད་པ་དང་། གཞན་ལ་བོད་སྐད་གཙང་མ་བཤད་པར་སྐུལ་མ་བྱས་པས་ཀྱང་མི་རིགས་ཀྱི་ཆེད་དུ་ལས་དོན་རླབས་ཆེན་ཞིག་བསྒྲུབས་པ་ཡིན་པས་ན། རང་གི་སྐད་ཡིག་འདི་བོད་མི་རིགས་སྐྱོབ་བྱེད་ཀྱི་ཁྱད་ནོར་བླ་ན་མེད་པ་ཞིག་ཡིན་པར་ངོས་ཟིན་ཐོབ་པའི་སྟེང་ནས། སྐད་ཡིག་གཞན་གྱི་འཕྲིན་ལས་ཇི་བཞིན་བོད་ཀྱི་སྐད་ཡིག་འདི་མདུན་ནས་མདུན་དུ་བསྐྱོད་པར་ཆོད་སེམས་བརྟན་པོས་ལ་རྒྱའི་དར་ཆ་དགུང་ལ་འཕྱར་ཐུབ་པའི་ཡིད་ཆེས་དང་རེ་བ་ཡོད། ཁ་བྲོ། བཀྲ་ཤིས།
ཞེས་བོད་སྐད་ལྷན་ཚོགས་ཀྱིས་ཕྱི་ལོ ༢༠༡༡ ཕྱི་ཟླ ༡༢ ཚེས ༡༠ ཉིན་མོར་ཕུལ།
བོད་སྐད་ལྷན་ཚོགས་ལ་འཚམས་འདྲི་དང་བཀྲ་ཤིད་བདེ་ལེགས་ཞུ། ཚོགས་ཆུང་འདི་གང་ན་ཡོད། ནམ་བཙུགས། འབྲེལ་བ་བྱེད་ས་ཡོད་དམ།
དེང་སང་བོད་ཡིག་ཀྱང་གློག་ཀླད་དང་ལག་ཁྱེར་ཁ་པར་སོགས་སུ་ཁྱབ་ཆེར་འགྲོ་བཞིན་པས་རླུང་རྟ་སྔར་ལས་རྒྱས་བཞིན་པ་རེད་ཅེས་བཤད་ན་ཆོག་གི ངའི་བསམ་ཚུལ་ལ་དུས་རབས་ཉེར་གཅིག་པ་འདི་བོད་ཡིག་གི་རླུང་རྟ་རྒྱུགས་ཆེ་ཤོས་དེ་ཆགས་རྒྱུ་རེད། གཙོ་བོ་བོད་ཡིག་ཤེས་མཁན་ཚང་མས་དེང་རབས་འཕྲུལ་རིགས་བཀོད་སྤྱོད་ཤེས་རྒྱུ་ཧ་ཅང་གལ་ཆེ། ལྷག་པར་གློག་ཀླད་དང་ཁ་པར་རིགས་ངེས་པར་བཀོལ་དགོས། འདི་བྱས་ན་བོད་ཡིག་ནམ་ཡང་བཙོན་དུ་ཚུད་མི་སྲིད།
ལེགས་སོ བསྔགས་བརྗོད་ཡོད
ཁྱོད་ཕ་ཡུལ་དང་ཁ་བྲལ་ཡང་ཕ་སྐད་མ་བྲལ་བ་དེ་ཧ་ལད་རྒྱུ་ཅི་ཡོད། ང་མི་ཡུལ་སྐྱེས་ཡང་ཕ་སྐད་གཙང་མ་རྗོད་བཞིན་ཡོད། ཡུས་སུ་ལ་འགྲོ། བོད་མི་རེ་ངོས་ནས་རང་དིན་རང་གཅེས་ཀྱིས་སྐད་དེ་རྒྱུན་སྐྱོངས་ཤིག
་་་་་་་་་་་རང་དྲིན་རང་ལ་ཆེ་་་་་་་་
བོད་སྐད་ལྷན་ཚོགས་ཀྱིས་བོད་ཀྱི་སྐད་ཡིག་གཅེས་སྐྱོང་དང་སྲུང་སྐྱོབ་ཀྱི་ལས་འགུལ་ཏེ། ཐོག་མར་ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་ནས་འགོ་འཛུགས་བྱས་ཏེ་རིམ་བཞིན་ཨ་རི་དང། བྷེལ་རྗེམ། ཇར་མན་ནེ། ཧྥ་རན་སི། ཧོ་ལན། དབྱིན་ཇི། རྒྱ་གར། བལ་ཡུལ། བོད་བཅས་པར་བོད་མི་གཅིག་གིས་གཅིག་ལ་སྐུལ་མ་བྱས་ཏེ། གཅིག་གིས་གཉིས། གཉིས་ཀྱིས་བཞི་དང༌། བཞི་ཡིས་བརྒྱད་སོགས་གོམ་པ་རིམ་འཛེགས་ཀྱིས་ལོ་ངོ་གསུམ་གྱི་རིང་། བོད་རིགས་འབུམ་གཉིས་ཡས་མས་ཀྱིས་བོད་སྐད་སྨྲ་བར་དམ་བཅའ་བཞག་སྟེ། བོད་སྐད་བཤད་སའི་ཁོར་ཡུག་གསར་བ་ཞིག་ལ་གོམ་ཁ་སྤོས་པར་མ་ཟད། དུས་ཡུན་ཐུང་ཐུང་ཞིག་གི་རིང་གྲུབ་འབྲས་བླ་ན་མེད་པ་བྱུང༌ཡོད།
འབྲེལ་གཏུགས་བྱ་ཡུལ།
དམ་ཆོས་བསམ་འཕེལ། ཧོ་ལན། dhamchoesanpai@gmail.com
ཚེ་བརྟན། བྷེལ་རྗེམ། tseten.tenzin@gmail.com
ཡོན་ཏན། དབྱིན་ཡུལ། nagulyonden@yahoo.co.uk
མགོན་པོ་བསོད་ནམས། ཨོ་སུ་ཌེ་ལས་ཡ། gon888so@yahoo.com.au
ཀེ་ཐོ། ཨ་རི། gaitho1@yahoo.com
ཨ་རིག་འགྱུར་མེད། རྒྱ་གར། gyurmeyarik@gmail.com qqqqq
རྒྱ་གར་བོད་ཀྱི་སྤྱི་ཚོགས་ནང་དུ་རང་ཅག་བོད་ཀྱི་ཡི་གེ་དར་ཁྱབ་ཆེ་རུ་བཏང་དགོས་ན།
ཐབས་གཞན་པ་ཞིག་འཚོལ་དགོས། ༧ གོང་ས་ལ་མི་དད་པའི་བོད་མི་དཀོན་པོ་ཡིན་ནའང་གསུང་དང་ལེན་བྱེད་མཁན་དཀོན་མོ་རེད།
དེ་ལས་རྒྱ་གར་ཧེ་རོ་སྐད་གྲགས་ཅན་ཞིག་གིས་ཆེད་དུ་བོད་མི་ན་གཞོན་དག་ལ་བོད་ཡིག་གལ་ཆེ་ཚུལ་བཤད་ན་ད་གཟོད་བོད་ཡིག་ལ་དོ་སྣང་གསར་འོང་ཐག་ཆོག་རེད། དེ་ལྟར་མ་བྱས་ན་ཨ་མདོ་བ་དུ་མས་འབད་པ་གཅིག་པོ་ལ་བརྟེན་ནས་དཀའ་མོ་རེད།
གཞན་ཡང་། ན་ཆུང་གླུ་བ་དང་། གླུ་མ་དག་གིས་བོད་ཡིག་གལ་ཆེ་ཚུལ་གྱི་གླུ་རེ་ལེན་ཐུབ་ན་ཡག་པོ་རེད། འོན་ཀྱང་སྒོར་མ་སྤྲད་ན་ལེན་དཀའ་མོ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ན་བོད་ཡིག་དགོས་མཁན་གྱི་མི་དཀོན་མོ་རེད། གཞོན་ནུ་ཚོགས་པ་དང་། བུད་མེད་ཚོགས་པ་སོགས་ཚོགས་པ་ཆེ་ཆུང་མང་ཡང་། ཁོ་ཚོ་བོད་ཡིག་དགོས་མཁན་གྱི་ཚོགས་པ་མ་རེད།
བོད་ཀྱི་སྐད་ཡིག་འདི་ཨ་མདོ་བ་ཚོ་ལ་ཐུག་པ་ཡིན་ནམ། ཡང་ན། ཨ་མདོ་བ་འདི་ཚོར་ལས་ཀ་གཞན་མེད་པ་ཡིན་ནམ། དེ་མིན་ན། ཨ་མདོ་བ་འདི་ཚོ་བོད་ཀྱི་སྐད་ཡིག་ལ་འདི་འདྲའི་ཞེན་པ་ཆེ་དོན་ཅི་ཡིན་ནམ། རྣམ་དཔྱོད་ཅན་ཞིག་ཡོད་ན། གསུང་ལན་གནང་རོགས།
མི་ཤེས། གང་ལྟར་བོད་ཡིག་ལ་དོ་སྣང་བྱེད་མཁན་མང་ཆེ་བ་ཨ་མདོ་བ་རེད། གལ་ཏེ་བཀའ་ཁྲི་ཨ་མདོ་ཞིག་ཡིན་ན་ད་ལྟའི་བཀའ་ཤགས་འདི་བོད་ཡིག་ལ་དོ་སྣང་བྱེད་པའི་གཞུང་ཞིག་ཡིན་ཐག་ཆོད་རེད།
མཆན་འགོད་པ་ཚོ། འུར་མ་བརྒྱག
འུར་ཡིན་མིན་མི་ཤེས། གང་ལྟར་དྲང་མོར་བཤད་པ་ཡིན། ད་དུང་དྲང་གཏམ་བཤད་འདོད་པ་མང་ཡང་རེ་ཞིག་དེ་ལྟར་ཙམ་མོ། །
ལུས་ཕ་ཡུལ་དང་ཁ་བྲལ་ཡང་། ངག་ཕ་སྐད་དང་ཁ་བྲལ་མེད་ཨེ། འདི་ག་འདྲ་ཡིན་ནམ། འདི་དངོས་གནས་ཡིན་ནམ། དངོས་གནས་ཡིན་ན། ཡག་པོ་རེད་དེ། ངས་་་་་་་་
གཏམ་ཤོད་འདོད་ན་ཤོད་དང་། ང་ཉན་འདོད་ལ་བསམ་འདོད། དེ་བས་དཔྱད་འདོད།
བོད་ཀྱི་སྐད་ཡིག་གཅེས་སྐྱོང་དང་སྲུང་སྐྱོབ་ཀྱི་ལས་འགན་ཁྲོད་ཞུགས་པ་ནི་ཨ་མདོ་བ་གཅིག་པོ་མིན་པ་གསལ་བོ་ཤེས་དགོས། ད་ལྟ་ང་ཚོའི་ལས་འགུལ་ནང་ཁམས་པ་དང་དབུས་གཙང་བ་ཁྲི་ཁ་ཤས་ཡོད་པ་མ་ཟད་། ཤར་ནུབ་ཀྱི་བོད་རིགས་གཞོན་སྐྱེས་གང་མང་དང། ད་དུང་འབྲུག་པ། ལ་དྭག་པ། ཤར་པ་ལ་སོགས་ཧེ་མ་ལ་ཡའི་རིགས་རྒྱུད་མང་པོ་ཞིག་ཡང་མཉམ་ཞུགས་བྱས་ཡོད།
ཨ་མདོ་བ་ནི་ཨ་མའི་བུ་རེད། ༧པཎ་ཆེན་དང་༧སྐྱབས་མགོན་རིན་པོ་ཆེ་རྣམས་གཉིས་འཁྲུངས་ཡུལ་རེད། བོད་ཀྱི་སྐད་ཡིག་གི་འབྱུང་ཁུངས་ལྟ་བུ་འདྲ་འདུག་པས། བསྔགས་བརྗོད་ཞུ།།
དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་རྟ་ཡི་ཆོལ་ཁ། མདོ་སྨད་མི་ཆོལ་ཁ། །ཞེས་པ་འདི་ཤོད་སྲོལ་འདི་གོ་མྱོང་ངམ།
རྩོམ་གང་ཞིག་ཡིན་རུང་དང་པོ་ནང་དོན་ལ་བརྟག་དགོས་པ་ལས། དང་པོ་རྩོམ་པ་པོ་དེ་ས་ཁུལ་གང་ནས་ཡིན་མིན་སྤུ་རིས་འབྱེད་དེ་ཁ་འཐེན་སྣ་འཐེན་བྱེད་པ་ནི། རང་ཉིད་བྱང་ཚད་དམའ་བའི་སྐྱོན་ཟངས་མར་བསྟན་པ་ཞིག་ཡིན་ནོ།
དམ་ཆོས་བསམ་འཕེལ་ཟེར་བ་དེས། མང་ཆེ་བའི་དོན་མ་གོ་བར་རྨོངས་འདུག
རང་གི་མགོ་བོ་མ་ཆག་ན་ཡག །ཨེ་གོ་ཐལ།