སྨན་པ་དཀོན་མཆོག་ཚེ་བརྟན་གྱིས།
གསོ་བ་རིག་པའི་གཞུང་ལུགས་གང་ཞིག་ཡིན་ཡང་གཞིའམ་རྩ་བར་གྱུར་བ་ནི་མིའི་ལུས་ ཕུང་ཡིན། བོད་ཀྱི་གསོ་བ་རིག་པའི་གཞུང་དུ་རག་པ་ལུས་ཀྱི་རྣམ་གཞག་རྒྱས་པར་བསྟན་ཡོད་ ནའང་། རྡོ་རྗེ་ལུས་ཀྱི་སྦས་བཤད་ལས་གསལ་བའི་ཕྲ་བ་ལུས་ཀྱི་རང་བཞིན་དང་རྣམ་བཞག་གི་ སྐོར་ལ་སོགས་དངོས་བསྟན་བྱས་མེད་མོད ། འོན་ཀྱང་རིག་གཞུང་འདིར་སློབ་གཉེར་དང་ལག་ལེན་བྱེད་མཁན་གྱི་ཚེའི་རིག་འཛིན་པ་ ཞིག་ཡིན་ཚེ་ངེས་པར་དུ་བསྟན་འགྱུར་དུ་གསལ་བའི་དགའ་བོ་མངལ་འཇུག་གི་མདོ་དང་ སྔགས་གཞུང་དུ་བསྟན་པའི་རྡོ་རྗེ་ལུས་ཀྱི་སྦས་བཤད་སོགས་ལ་ངེས་ཤེས་འདྲོངས་ དགོས་པའང་རྩ་བའི་ཆ་རྐྱེན་ཉག་གཅིག་ཏུ་འཁུམས་ལགས་ཤིང་། དེ་མིན་གསོ་རིག་རྒྱུད་བཞིའི་དྲང་དོན་ཁོ་ནར་བློ་རྨོངས་ནས་བསྡད་ན་ལུས་དངོས་ པོའི་གནས་ལུགས་ཀྱི་དེ་བཞིན་ཉིད་གསལ་བོར་རྟོགས་མི་ཐུབ་པས། མཐའ་གཅིག་ཏུ་ཡོད་ཚད་གཟུགས་ཀྱི་སྐྱེ་མཆེད་དང་རྫས་ཀྱི་ནུས་པ་ཁོ་ནར་རློམ་ན་ནི་ རིག་གཞུང་འདིའི་རྩ་བའི་ཁྱད་ཆོས་རྟོགས་པར་མི་འགྱུར་ཅིང་། རིག་གཞུང་འདི་ནི་རིག་གནས་ཆེ་བ་ལྔའི་ཡ་གྱལ་གཞན་རྗེས་སུ་འཛིན་པ་མི་ན་བ་གནས་ བར་བྱ་བ་དང་ན་བ་གསོ་བར་བྱེད་པ། ཆོས་ནོར་ཐར་བ་འདོད་པའི་གང་ཟག་གིས་བསླབ་པར་བྱ་བའི་གནས། མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་མཐའ་དག་འབྱུང་བའི་གཏེར་ཏུ་ལགས་པས། ནད་ངོས་འཛིན་པ་ཙམ་དང་སྨན་ངོ་སྤྲོད་པ་ཙམ་མ་ཡིན་པར་གཞི་ལམ་འབྲས་བུའི་རྣམ་གཞག་ མཐའ་དག་ཆ་ཚང་བར་འདུས་ཡོད་པ་ནི། བསྟན་པ་འདི་སྤེལ་མཁན་གྱི་སྔ་རབས་བོད་ཀྱི་གསོ་རིག་སྨྲ་བ་དག་གི་རྣམ་ཐར་དང་ གསུང་འབུམ་དག་ལ་མཇལ་ན་ཤིན་ཏུ་ནས་གསལ་བོར་རྟོགས་པར་འགྱུར་ཅིང་། ཁོང་རྣམ་པ་ནི་བཅུ་ཕྲག་རིག་པའི་གནས་ལ་ནང་བྱན་ཆུབ་པ། བསྐྱེད་རྫོགས་ལ་མངའ་བརྙེས་ཤིང་རྒྱུད་ལུང་མན་ངག་གི་བརྒྱུད་པ་ཟམ་མ་ཆད་པ། རྫས་སྔགས་ཏིང་འཛིན་གྱི་ནུས་བ་ལ་དབང་འབྱོར་བ་ཤ་སྟག་ཏུ་གྲུབ་ཡོད་པ་ལགས་པས། ཁོང་རྣམ་པས་གཞུང་འགྲེལ་དང་སྦྱོར་སྡེ། ངོས་འཛིན་ལ་སོགས་ཀྱི་སྐོར་ནི་ཡང་དག་ཚད་མ་དང་། དགོངས་བ་བརྡ། རང་གི་མྱོང་བས་སོགས་ཀྱི་སྒོ་ནས་གཏན་འབེབས་གནང་ཡོད་པ་ལགས་མོད། འོན་ཀྱང་དེང་རབས་བོད་ཀྱི་གསོ་རིག་སྨྲ་བ་ཁག་ཅིག་གི་གནས་སྟངས་ལ་གཞིགས་ན་ཕ་ཤུལ་བུས་མ་ཟིན་པར་གཞན་གྱི་ཟེར་སྒྲོས་ལ་ཡིད་ཆེས་ཀྱིས་རང་གི་ཐུན་མོང་མ་ཡིན་པའི་སྒེར་ཆོས་གང་མང་ཞིག་ལ་རང་བློའི་གང་དྲན་གྱི་འགྲེལ་ལོགས་དང་ཐུན་མོང་མ་ཡིན་པའི་སྒེར་ཆོས་གང་མང་ཞིག་གླེགས་བམ་གྱི་མལ་དུ་ཤོར་དང་ཤོར་བཞིན་པའི་ཚུལ་སོགས་ལ་མ་བཟོད་པར་འདིར་གུས་པས་རང་གི་འདོད་ཚུལ་འགའ་སྤྲོས་བར་འདོད །
བོད་ལུགས་གསོ་བ་རིག་པའི་སྨན་པ་ཞིག་ཡིན་ཚེ་ཐོག་མར་ངེས་དགོས་པ་ནི་གསོ་བྱ་ནད་པ་དེའི་རང་བཞིན་རེད། འོན་ཀྱང་དེང་གི་དུས་སུ་ཕྱི་ལུགས་གསོ་རིག་གི་བརྟག་ཐབས་རིག་པ་ཚད་མར་བཟུང་ནས་ཁྲག་པྲ་སོགས་ཀྱི་ཚད་གཞི་དང་པར་རིས་སུ་གསལ་བའི་དབྱིབས་རིགས་ལས་ནད་གཞི་ངོས་འཛིན་བྱས་རྗེས་གཟོད་བོད་སྨན་གྱི་གཉེན་པོ་སྤྲོད་བཞིན་ཡོད ། ཕྱི་ལུགས་གསོ་རིག་གི་ངོས་འཛིན་ནི་ཤིན་ཏུ་ནས་གལ་ཆེ་མོད ། འོན་ཀྱང་ངོས་འཛིན་གྱི་ཚད་གཞི་དེ་ཁོ་ན་ལ་བཅོལ་ནས་གཉེན་པོ་བོད་སྨན་སྤྲད་ན་ནད་ དང་གཉེན་པོ་ངོ་སྤྲོད་པ་ལ་གདེངས་རྙེད་མི་ཐུབ་པས་མཚམས་རེར་ཕན་ཡང་ཅི་ལྟར་ཕན་པ་ གསལ་བཤད་བྱེད་མི་ཤེས་པ་མངོན་སུམ་རེད། རྒྱུ་མཚན་ནི་ཕྱི་ལུགས་གསོ་རིག་གིས་ངོས་འཛིན་བྱས་བའི་ནད་གཞི་དེ་བོད་ལུགས་གསོ་རིག་གི་གཞུང་དུ་བསྟན་པའི་ནད་གཞི་ཞིག་ལ་སྦྱོར་རྒྱུ་ནི་ལུགས་གཉིས་ལ་མཁས་བའི་སྨན་པ་ཞིག་མིན་ན་མི་ནུས་བས། མཐའ་གཅིག་ཏུ་ཕར་ལ་བསྟུན་དགོས་པ་དང་མ་བསྟུན་ན་ནད་གསོ་མི་ཐུབ་པའི་ངེས་པ་མེད་ པར་སྙམ། ཕྱི་ལུགས་དང་བོད་ལུགས་ཀྱི་རྩ་བའི་མི་འདྲ་ས་ནི་ནད་པའི་རང་བཞིན་ངོས་འཛིན་གྱི་ ཐད་ལགས་པས་བོད་ལུགས་གསོ་རིག་གི་ཐུན་མིན་སྒེར་ཆོས་ནི། གསོ་བྱ་ནད་པའི་རང་བཞིན་གཙིགས་སུ་འཛིན་པ་སྟེ་བཤད་པ་སྐུའི་རྒྱུད་དུ་རང་བཞིན་ རྐྱང་བ་བདུན་དང་འདུས་པ་བདུན་ཞེས་གསུངས་བ་ལྟར ། ལུས་ཀྱི་དབྱེ་བ་རྟེན་དང་ན་ཚོད་ལ་སྤྱིའི་ཆ་ནས་མི་འདྲ་ས་མེད་ལ། རྩ་བའི་མི་འདྲ་ས་ནི་གོང་དུ་སྤྲོས་བ་བཞིན་རང་བཞིན་གྱི་སྐོར་རེད ། དེ་བས་ན་གང་གསོ་བར་བྱ་བ་ལུས་ལ་མཁས་བར་བྱ་རྒྱུ་ནི་རྩ་བའི་རྩ་བ་ལགས་པས་འདོར་ མི་ཉན་པ་ནི་རང་བཞིན་གང་དུ་གཏོགས་པ་དེ་ནད་གཞི་གང་ངོས་འཛིན་གྱི་སྔོན་འགྲོ་དང་ གཉེན་པོ་སྤྲོད་དུས་སུ་ཐོག་མར་བསམ་བློ་གཏོང་དགོས་བའི་ཆ་རྐྱེན་ཉག་གཅིག་རེད ། འོན་ཀྱང་དེང་སྐབས་བོད་ཀྱི་སྨན་རྩིས་ཁང་ཆེ་མ་ཆུང་གསུམ་དུ་བོད་རང་གི་ངོས་འཛིན་གཙིགས་སུ་འཛིན་མཁན་ནི་ཉུང་ནས་ཉུང་དུ་འགྲོ་བཞིན་པ་དང་། གཞོན་རབས་པ་མང་པོ་ཞིག་ལ་དངོས་བརྒྱུད་བླ་མའི་དམར་ཁྲིད་སོགས་བརྒྱུད་པའི་མྱོང་ བ་དཀོན་པའི་སྟབས་ཀྱིས་རྩ་ལ་རེག་ཙམ་གྱིས་དེང་རབས་གསོ་རིག་གི་བརྟག་འབྲས་ལ་ གཞིགས་ནས་གཉེན་པོ་བོད་སྨན་སྤྲད་དང་སྤྲོད་བཞིན་ཡོད་པ་དང་། ནད་གཞི་ངོས་འཛིན་གྱི་ཤོག་བྱང་སོགས་ལ་བལྟས་ཚེ་བོད་ལུགས་གསོ་རིག་གི་བརྡ་ཆད་ ཉུང་བ། ཡོད་ཀྱང་རྒྱུད་ཀྱི་དོན་དང་འགལ་བ་དཔེར་ན་དལ་བའི་རང་བཞིན་དང་མགྱོགས་པའི་རང་ བཞིན་སོགས་ཕྱི་ལུགས་ཀྱི་བརྡ་ཆད་ཚུར་ཐད་བསྒྱུར་ལས་བོད་རང་ལ་ཡོད་པའི་མཁྲིས་གྱུར་དང་བད་གྱུར་སོགས་རྒྱུད་ཀྱི་དགོངས་པ་དང་མཐུན་པ། ཕར་བལྟས་བ་ཙམ་གྱིས་ནད་གཞི་གང་དུ་གཏོགས་པ་གསལ་བོར་ཤེས་ཐུབ་པའི་བོད་རང་གི་ཐ་སྙད་ནི་དཀོན། དེ་ནི་རིག་གཞུང་གཞན་གྱིས་ཚུར་ཐེབས་པའི་ཤུགས་རྐྱེན་དང་དེང་རབས་དང་སྔ་རབས་ བོད་ཀྱི་སློབ་གསོའི་སྒྲིག་གཞི་གཉིས་མ་གཅིག་པའི་སྟབས་ཀྱིས་རེད །
གཉེན་པོ་སྤྲོད་ཚུལ་ཡང་རྒྱུད་ཀྱི་དགོངས་པ་དང་འགལ་བ། ཟིན་ཏིག་སོགས་སུ་བསྟན་པའི་སྦྱོར་སྡེ་ལ་ཁུངས་བཅོལ་ནས་སྤྱི་སྨན་སྦྱོར་བཟོ་ལས་མྱོང་བྱང་སོགས་སུ་གསལ་བའི་གནོན་འཕྲིའི་རིགས་ལ་དོ་སྣང་མེད་པ། སྨན་སྣ་སོ་སོའི་རོ་ནུས་ཞུ་རྗེས་སོགས་བློར་མེད་པ་དང་ཡོད་ཀྱང་དེ་བེད་སྤྱོད་ཀྱི་ཁོར་ཡུག་མེད་པ། སྨན་སྦྱོར་ཚན་ཁག་གིས་སྨན་སྦྱོར་བཟོ་བྱས་བ་ཚད་གཞིར་བཟུང་བས་སྨན་པ་སྨན་དང་འབྲེལ་བ་མེད་པ་ ཕྱི་ལུགས་གསོ་རིག་གི་འགྲོ་སྟངས་ལྟར་གྱུར་བ། ཀྲུང་ལུགས་གསོ་རིག་ལྟར་ནད་གཞི་མི་འདྲ་བ་ལ་དམིགས་ནས་གཉེན་པོ་སྦྱོར་སྡེ་གསར་བ་ སྤྲོད་པ་ལྟ་བུའི་གོམ་སྲོལ་མཆིས་ཀྱང་དེ་ཉམས་ནས་ཡོད་པས། ནད་གཞི་སྤྱི་ཙམ་ངོས་འཛིན་གྱིས་སྤྱི་སྨན་སྤྲོད་པ་ནི་རིག་གཞུང་འདི་འཕེལ་རྒྱས་སུ་འགྲོ་བར་གནོད་པའི་ཀེགས་ཉག་གཅིག་རེད་སྙམ། སྔ་རབས་པའི་བསྟན་བཅོས་སུ་བལྟས་ཚེ་རིག་པའི་རྩལ་བཏོན་ནས་ནད་གཞི་བྱེ་བྲག་ངོས་འཛིན་གྱིས་དེ་ལ་དམིགས་ནས་སྨན་སྦྱོར་གསར་བ་རེ་ངོ་སྤྲོད་བྱས་ཡོད་པ་ལས་ཡོད་ཚད་རྒྱུད་དང་ཟིན་ཏིག མྱོང་བྱང་སྣ་ཚོགས་སུ་གསལ་བའི་སྦྱོར་སྡེ་ཁོ་ན་ལ་བརྟེན་མེད་པ་རིག་གཞུང་འདི་ལ་རྒྱུས་ཡོད་པ་ཞིག་ཡིན་ཚེ་ཀུན་གྱིས་ཤེས་སྲིད། རྒྱུད་དུ་གསུངས་བའི་སྦྱོར་སྡེ་རྩ་བར་བཟུང་ནས་གང་ལ་དེ་མཁོའི་ཁ་ཚར་གཏོང་དགོས་བ་ནི་ཤིན་ཏུ་ནས་གལ་ཆེ་མོད །
སྔ་བ་སྐྱེས་དྲག་ན་ཕྱི་མ་འཆི་མི་ཐུབ་ཟེར་བའི་དཔེ་ལྟར་ཕྱི་རབས་པ་དག་གིས་ནི་སྔ་རབས་པའི་མྱོང་བྱང་སོགས་ ཇི་བཞིན་ལག་ལེན་དུ་མ་འཁྱོལ་བ། སྦྱོར་སྡེ་སོགས་ཇི་བཞིན་སྦྱོར་ཐུབ་ཀྱང་ནད་གཞི་བྱེ་བྲག་དམིགས་ཀྱིས་ངོས་འཛིན་མི་ནུས་བའི་སྟབས་ཀྱིས་རྒྱུན་སྤྱོད་སྦྱོར་སྡེ་ཉིས་བརྒྱ་ལྷག་བེད་སྤྱོད་བྱེད་པ་ལས། སྟོང་ཕྲག་མང་པོ་ཞིག་མཆོད་པའི་རྟེན་དུ་གྱུར་ཡོད་པ་ནི་ངོ་གནོངས་དགོས་བའི་གནས་སུ་ལགས།
འདི་ནི་བོད་ཀྱི་བསྟན་ སྲིད་ལ་གོད་ཆགས་བྱུང་རྗེས་སུ་ཇེ་སྡུག་ཏུ་སོང་བ་སྨྲོས་མ་དགོས་ཏེ། ལོ་རབས་ལྔ་བཅུའི་སྔོན་དུ་བྱུང་བའི་གསོ་རིག་སྨྲ་བ་དག་ནི་གོང་དུ་སྤྲོས་བ་བཞིན་མདོ་སྔགས་རིག་གནས་ལ་ནང་བྱུན་ཆུབ་པའི་མཁས་པའི་ཁྱུ་མཆོག་སྟེ་སོ་སོ་ལ་རང་ལུགས་མི་འདྲ་བ་དང་། ཁྱད་ཆོས་མི་འདྲ་བ་ཡོད་པ་ཤེས་ནས་སྨྲ་བ་ཀུན་གྱིས་མཁྱེན་སྲིད ། གསོ་རིག་ལོ་རྒྱུས་ཁྲོད་དུའང་གྲུབ་མཐའ་མི་འདྲ་བ་རྩ་བའི་ཆ་ནས་གཉིས་དང་བྱེ་བྲག་ཏུ་བརྒྱུད་པའི་བླ་མ་མི་འདྲ་བ་དང་། ས་བབས་གནམ་གཤིས་ལ་སོགས་པའི་རྐྱེན་གྱིས་སྨན་སྣ་སོགས་ཀྱི་ངོས་འཛིན་དང་སྦྱོར་བཟོ་མི་འདྲ་བ་བྱུང་བ་སོགས་གང་མང་ཡོད་པ་ལས། གང་བྱུང་དུ་སྨན་དཔེ་ཀློག་ཙམ་དང་། སྨན་སྣ་འཐུ་སྒྲུབ་ཤེས་བ་ཙམ་གྱིས་ལག་ལེན་བྱས་བ་ནི་མིན། དེང་དུས་ནི་སྨན་པ་ཚོང་བ། སྨན་པ་སྨན་ལ་མི་མཁས་བ་དང་། སྨན་རྫས་རྫུན་མ་མང་བ། འཐུ་སྒྲུབ་རྒྱུད་ཀྱི་དགོངས་བ་དང་འགལ་བ་སོགས་ཀྱི་རྐྱེན་གྱིས་བོད་སྨན་ལ་ནུས་པ་མེད་པར་འགྲོ་བས་ན། སྨན་རྒྱུད་གཙོ་བོར་འཛིན་པའི་སྲོལ་རྒྱུན་ཉམས་དང་ཉམས་བཞིན་པ་སྟེ། དེང་དུས་གསོ་རིག་སྨྲ་བ་མང་པོ་ཞིག་ནི་རིགས་བརྒྱུད་སྨན་པའི་སྨན་པ་ཡིན་པ་ལས་དབང་ལུང་རྗེས་གསུམ་དང་མཚམས་བསྙེན་པ་མེད་པ། དམར་ཁྲིད་ལག་ལེན་གྱི་བརྒྱུད་པ་མེད་པ། རྩ་ཆུའི་བརྟག་ཐབས་ཀྱི་རང་ལུགས་ལ་མི་མཁས་པས་ན་བོད་སྨན་ཡང་དག་པ་ནི་དགོན་སྡེ་ དང་།འབྲོག་ཁུལ། ཞིང་གྲོང་ན་མ་གཏོགས་མེད་ཅེས་གླེང་ན་ཆོག འདིར་དཔེ་མཚོན་ཙམ་ཞིག་གླེང་ན། ཁོ་བོའི་བླ་མ་གཏེར་སྟོན་མི་བསྐྱོད་མཁས་གྲུབ་རྒྱ་མཚོ་དང་སྔགས་འཆང་འཇིགས་མེད་ རང་གྲོལ་ཡབ་སྲས་གཉིས་ཀྱིས་ནི་རྒྱུད་ཀྱི་དགོངས་པ་གཙིགས་སུ་བཟུང་ནས་འཇུ་མི་ ཕམ་འཇམས་དབྱངས་རྣམ་རྒྱལ་རྒྱ་མཚོ་དང་མཁྱེན་བརྩེའི་གསུང་འབུམ། ནགས་རྒྱའི་སྨན་རབས་ཀྱི་ཆིག་བརྒྱུད་གདམས་ངག བླ་མ་ཁོང་གི་གསོ་རིག་སྐོར་གྱི་དགོངས་གཏེར་དང་གཏེར་སྟོན་གང་མང་གི་གཏེར་སྨན་ སོགས་མན་ངག་གི་ལུགས་ཀྱིས་ནད་པ་སོ་སོའི་ནད་ཀྱི་གནས་བབས་ལ་གཞིགས་ནས་སྦྱོར་ སྡེ་གསར་བ་རེ་སྤྲོད་པ་དང་།རྒྱུད་དང་ཟིན་ཏིག་སོགས་སུ་བསྟན་པའི་སྨན་སྦྱོར་ལ་སྐབས་བབས་ཁ་ཚར་གང་མཁོ་རྒྱག་པ་ལས་རྒྱུན་ཏུ་སྨན་སྟེར་ཆོག་ཆོག་མིན་པར་ནད་པ་དང་ཡང་ན་ཁྱིམ་མི་ཡོངས་ཀྱིས་རྟག་ཏུ་སྨན་རྡུང་དགོས་པ། སྔོ་སྨན་དུས་ལྟར་འཐུ་སྒྲུབ་། རྒྱུད་ཀྱི་དགོངས་དོན་དང་དངོས་བརྒྱུད་བླ་མའི་དམར་ཁྲིད་ཀྱི་གདམས་པའི་བརྒྱུད་ མ་ཆད་པ། སྤྲོད་ཐེངས་རེར་སྨན་ཐུན་བཅོ་ལྔ་ཙམ་དང་ཟས་སྤྱོད་ཀྱི་བསླབ་བྱ་ནན་མོ་གནང་བ། སྨན་ངོ་མི་ལེན་པ་ཞིག་ཡིན་ཚེ་གང་ལ་དེ་མཁོའི་སྔགས་བཅོས་བྱེད་པ། སྲུང་མདུད་དང་མཁྱུད་དཔྱད་ཀྱི་རིགས་གང་མཁོ་ལག་ལེན་བྱེད་པས་ན་སྨན་ངག་ཟུང་ འབྲེལ་གྱི་ཁྱད་ཆོས་ལྡན་ལ། འགྲིམ་འགྲུལ་སོགས་ཀྱི་རྐྱེན་གྱིས་དེང་རབས་གསོ་རིག་གི་ལག་རྩལ་དང་སྨན་སྣ་སོགས་མེད་ཀྱང་། སྲོལ་རྒྱུན་གསོ་རིག་གི་བསྟན་པ་སྔར་བཞིན་བརྒྱུད་འཛིན་དང་དར་སྤེལ་གྱིས་འགྲོ་བ་ནད་པའི་ནད་ཀྱི་ཟུག་རྔུ་སེལ་དང་སེལ་བཞིན་པ་ལས་ཤེས་སྲིད་པ་ནི་བོད་ལུགས་གསོ་རིག་གི་བསྟན་པ་ཇི་ལྟར་འཕེལ་རྒྱས་སུ་སོང་བའི་ལོ་རྒྱུས་ལ་ཕྱིར་དྲན་ངོ་མ་ཞིག་བྱེད་ཐུབ་བའོ།།
སྨན་པ་དཀོན་ཅོག་གིས་གཞན་གྱིས་མ་ཤེས་པ་ཞིག་རང་གི་ཤེས་ཡོད། གཞན་གྱིས་མ་སྦྱངས་པ་ཞིག་རང་གིས་སྦྱང་ཡོད་པའི་རླམ་སེམས་བྱེད་ཀྱི་འདུག ལྷག་པར་དུ་སྨན་གྱི་རྒྱུད་པ་ཡོད་ཁུལ་བྱེད་ཀྱི་མེད་འགྲོ་དྲན་སོང་། འོན་ཀྱང་ཚབས་ཆེ་ཤོས་གཞུང་དང་ལག་ལེན་ཐར་ཐོར་རེ་མཐོང་མྱོང་ཙམ་ལས་མེད་པར། ཡང་ན་ཕྲུ་གུ་ཆུང་དུས་ནས་ཕ་རྒན་སྨན་པ་གྲོངས་ནས་ཚར་ན་ད་དུང་ངའི་པ་ལགས་དང་མ་ལགས་སྨན་པ་ཡིན་ཟེར་ནས་མི་ཤེས་བཞིན་དུ་སྨན་་པའི་མིང་ཁྱེར་མཁན་དེ་ཚོ་ཁྲིམས་འགལ་རེད། པ་ལགས་མ་ལགས་སོགས་རྒྱུད་པ་གང་རུང་ཞིག་སྨན་པ་ཡིན་པའི་དབང་དུ་བཏང་ཡང་། ཕྲུ་གུ་བཟོ་དུས་ཁམས་དཀར་དམར་དང་མཉམ་དུ་གསོ་རིག་གི་མན་ངག་ཡང་རྣམ་ཤེས་ཞུགས་པ་ལྟར་རང་བཞིན་གྱིས་མའི་མངལ་དུ་ཞུགས་པ་རེད་དམ། ཤེས་ཡོན་ནི་ཤེས་རབ་དང་བརྩོན་གཉིས་ལ་ཐུག་པ་ལས། ཁྲག་རྒྱུད་ནས་ཡོང་རྒྱུ་ཡོད་པ་ཞིག་མ་རེད། རྒྱུད་པ་ཟེར་དེ་སྔ་མོའི་རྫུན་བཤད་སྟངས་ཞིག་རེད། རིག་རྒྱུད་སྨན་པ་ཡིན་ཁུལ་གྱིས་རྫུན་གྱི་པགས་བརྩགས་མཐུག་པོ་རེ་གོན་ནས་སྨན་པ་བྱེད་མཁན་དེ་ཚོས་གཟབ་གཟབ་བྱེད་འོས་པ། བོད་ལ་སྐུ་དྲག་གི་རྒྱུད་པ་དང་སྨན་གྱི་རྒྱུད་སོགས་དགོས་མཁོ་མེད་པའི་གཡོ་སྒྱུ་འཁྲབ་སྟངས་མང་པོ་དར་མྱོང་བ་རེད།
བོད་པས་ཡོད་ཚད་སྦ་གསང་བྱས་ཤིང་བྱས་བའི་བྱས་འབྲས་ཀྱིས་ད་ལྟ་ཡོ་རྒའ་དང་མན་ངག་མང་པོ་རྒྱུན་ཆད་དང་ཆད་མས་ཡིན་ལ། གནས་ཚུལ་དེ་ཚུལ་ཆོས་མཁན་པོ་དག་ལ་གོ་སྐབས་སྤྲད་པ་ལྟ་བུ་ཆགས་ཡོད། སྦ་གསང་བྱོས། རིག་གཞུང་ཀུན་མ་ཚར་བར་སྦ་གསང་བྱོས། ང་ཚོས་སྦ་གསང་བྱོས་དང་། ནུབ་ཕྱོགས་པ་དང་གཞན་གྱིས་ཐོན་དངོས་རྩལ་ཆེན་ཀུན་འགྲན་རྩོད་དང་དངུལ་དངོས་ཀྱི་ལམ་ནས་ཚོང་སྒྱུར་བྱེད་དང་བྱེད་བཞིན་ཡོད་པས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཤེས་བྱ་ཡར་རྒྱས་དང་དཔལ་འབྱོར་ཡར་རྒྱས། དགོས་མཁོ་སྐོང་བའི་ཅ་དངོས་འཐུས་སྒོ་ཇེ་ཚང་དུ་བཏང་བཞིན་ཡོད། བོད་ཀྱིས་དེ་ལས་ལྡོག་སྟེ་ཅུང་ཙམ་ཤེས་བའམ་ཡོད་པ་རྣམས་སྦ་གསང་བྱོས་དང་། རང་གཞན་གཉིས་ཀྱི་ཤེས་དཔལ་གཉིས་ལ་ཕན་ཐོགས་ཡོད་ངེས་རེད།
སྙིགས་དོར་བཅུད་ལེན་དང་། དེང་སྤྱོད་ཡར་རྒྱས་མེད་ན། དངོས་གནས་ལེ་ལོ་དང་འཐུས་ཤོར་རེད་འདུག
སྨན་པ་དཀོན་མཆོག་ཚེ་བརྟན་ལགས། ལེ་ལོ་དང་འཐུས་ཤོར་གྱི་ག་ལ་ཚད། དེང་སང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་ཕྲན་བུ་བྱེད་མྱོངས་མཁན་གྱི་སྨན་པ་ཁ་ཤས་དང་། རྩ་བ་ཉིད་ནས་སྦྱང་མ་མྱོངས་མཁན་ཁག་ཅིག་གི་མགོ་སེར་རྣམས་ལ་བོད་སྨན་སློབ་ཁྲིད་བྱེད་ཁུལ་དང་། མ་ཚད་མགོ་སེར་འདི་ཚོ་བོད་སྨན་གྱི་ཤེས་ཚད་ལེགས་པོ་ཡོད་ལུགས་ཀྱི་ལག་འཁྱེར་བཙོང་མཁན་མང་ནི་རེད། དངོས་ཡོད་ཀྱི་གནས་ཚུལ་བཤད་ན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྐད་ཡིག་གཞན་གྱི་ཐོག་ནས་དཔེ་ཁྲིད་བྱེད་རྒྱུའི་ཤེས་ཚད་ཕར་ཞོག རྒྱུ་བཞི་བོ་མགོ་ནས་མཇུག་པར་དུ་ཐེངས་གཅིག་གློག་མྱོངས་མེད་པའི་བོད་པའི་སྨན་པ་རྫིན་མ་མང་ནི་རེད། འདི་རིགས་གསོ་རིག་བསྟན་པའི་དགྲ་བོ་རེད།
བོད་མའི་ཁ་རྒྱུན་དུ་རིག་གཞུང་མི་ཉམ་གོང་འཕེལ་དང་། ཉམ་པ་སླར་གསོ་ཟེར་བའི་བཤད་སྲོལ་ཞིག་ཡོད་པ་ལས་དོན་དངོས་སུ། གཞུང་སྒེར་གང་ཡིན་ཡང་བོད་སྨན་དང་ཕྱི་ལུགས་སྨན་གཉིས་ལ་ཕྱི་སྨན་ལེགས་པར་བརྩི།
བདེ་ལེགས་སྨན་ཁང་གི་ལས་བྱེད་ཚོ་གཞུང་ཞབས་ལས་བྱེད་དང་། སྨན་རྩིས་ཁང་གི་ལས་བྱེད་དེ་ཚོ་རང་ཁུངས་ལས་བྱེད་རེད། ཐོབ་ཐང་འདྲ་ནི་མ་རེད། གྲོགས་པོ་ལགས། སྔོན་བྱོན་མཁས་པའི་བཞག་པའི་ནོར་བུ་དེ་ང་ཚོས་བདག་འཛིན་ལེགས་པོ་བྱེད་ཐུབ་ཀྱི་མེད་པ་མ་རེད།
ནོར་བཅོས། རྒྱུ་བཞི་ཞེས་པ་དེ་རྒྱུད་བཞི་་བཅོས།
ཐུབ་ཀྱི་མེད་པ་མ་རེད་ཅེས་པ་དེ་ཐུབ་ཀྱི་ཡོད་པ་མ་རེད་ལ་བཅོས།
བཀུར་འོས་སྨན་པ་དཀོན་མཆོག་ཚེ་བརྟན་ལགས།
ཁྱེད་ཀྱི་བསམ་བློའི་ཁ་ཕྱོགས་དང་དཔྱད་ཐབས་ཀྱི་གཞི་འཛུགས་ས་བཅས་ལ་ཡི་རང་དང་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད།
མུ་མཐུད་ནས་དྲ་ངོས་སུ་རྩོམ་ཡིག་གང་མང་སྤེལ་རོགས་གནང་། དེས་ཀྱང་བོད་ལུགས་གསོ་རིག་ལ་དུང་བ་ཅན་མང་དུ་འགྲོ་བ་དང་། གཞུང་བཤད་དང་ལག་ལེན་འཐུས་ཚང་དུ་འགྲོ་བ། ཐ་ན་སྤྱོད་ངན་ཧམ་སེམས་ཅན་གྱི་སྨན་པ་ཚོའི་ནག་ཉེས་ཐེར་འདོན་ཡང་བྱེད་ཐུབ་པས། བསྟན་པ་དང་འགྲོ་བ་སྤྱི་ལ་ཆར་བ་ཆུ་གྲོགས་ཀྱི་ཚུལ་དུ་ཕན་ཐོགས་ཆེའོ་སེམས།
འོ་་་་ད་དུང་ཞུ་རྒྱུ་ཞིག་ལ།
སྐུ་ཉིད་ཀྱི་ཐུགས་ཁྲལ་གཙོ་བོ་དེ་སེལ་དགོས་ན། སྨན་པ་ཚོར་སློབ་སྦྱོང་སྤྲད་ནས་ཀོ་བ་གྱོང་བོས་མར་སྐོགས་བཟོ་མི་ཐུབ་པས།
བསམ་བློ་གཏོང་དགོས་ས་གཙོ་བོ་ཞིག་ ད་ལྟ་ཡོད་བཞིན་པ་དང་མ་འོངས་པར་འོང་རྒྱུར་ལྷག་པའི་སྨན་སློབ་ཚོའི་ཤེས་ཚད་དང་བསམ་བློའི་དགའ་ཁ་འཁྱེར་ཕྱོགས་དེ་ཡིན་པས། སློབ་ཚན་བཀོད་བསྒྲིགས་དང་། སློབ་ཁྲིད་བྱ་ཐབས་དང་རྒྱུགས་གཞིའི་ཁ་ཕྱོགས། དེ་བཞིན་སློབ་མ་གསར་བསྡུའི་སྒྲིག་སྲོལ་བཅས་ལ་ཉམས་ཞིབ་གཏིང་ཟབ་པོ་བྱས་ཏེ་འགྱུར་བཅོས་ཤིག་མ་བྱས་ན། མུ་མཐུད། ལེ་ལོ་དང་འཐུས་ཤོར་ལ་མིག་གིས་མཐོང་བཞིན་དུ་འགྲོ་བཅུག་པ་ལས་ཐབས་གཞན་ཅི་ཡང་མེད། དཔེར་ན། དེང་སང་སྨན་རྩིས་ཁང་། ལྕགས་པོ་རི་སོགས་བཙན་བྱོལ་ནང་གི་སྨན་སློབ་ཁང་ཚོས་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་རྩ་འཛིན་གྱིས་སློབ་མ་གསར་བསྡུའི་ཚུད་རྒྱུགས་བཏང་དང་གཏོང་གིན་ཡོད་པས། དེའི་གྲས་ན་ཁྱེད་ཀྱིས་གསུང་བ་ལྟར་གྱི་གཞུང་ཟབ་མོ་རྩ་རླུང་ཐིག་ལེའི་རྣམ་གཞག་དང་། རྡོ་རྗེའི་ལུས་ཀྱི་སྦས་བཤད། འཆི་བ་འོད་གསལ་དང་བར་དོའི་རིམ་པ། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སོགས་ལ་གོ་བ་ཡོད་མཁན་ཕར་ཟད། མཁྱེན་མཁན་ཞིག་གིས་ངོ་སྤྲོད་གསུང་བཤད་ལ་ཉན་མི་ཤེས་པ་དང་ཉན་པའི་སྤྲོ་སྣང་མེད་མཁན་ཤ་སྟག་ཡོང་གི་ཡོད་པ་སྨན་སློབ་ཁང་སོ་སོའི་དངོས་ཡོད་གནས་སྟངས་ཆགས་ཡོད།
དེང་སང་གི་སྨན་པ་དང་སྨན་སློབ་ཚོའི་ནང་། ཐ་ན། སེམས་དང་སེམས་བྱུང་གི་རྣམ་གཞག་དང་། ཕུང་བོ་ལྔའི་ཆགས་གནས་འཕེལ་འཇིག་གི་རིམ་པ་ཙམ་ཡང་ངོ་འཕྲོད་མཁན་ཧ་ཅང་ཉུང་བས། གསུང་སྐད་སྐྱོན་ས་གཙོ་བོ་དེ་སློབ་གཉེར་ཁང་སོ་སོས་སློབ་སྦྱོང་སྤྲོད་པའི་ལས་དོན་བྱེད་ཕྱོགས་ལ་བསམ་ཚུལ་སྤུངས་པ་དང་ནུས་པ་འདོན་པ་ཞིག་མ་རེད་དམ།
གོང་དུ་ ནུས་པ་འདོན་དགོས་པ་ཞིག་ཅེས་བྲི་དགོས་སར་
ནུས་པ་འདོན་པ་ཞིག་ཅེས་བྲིས་འདུག་པས་བཅོས་པ་ཡིན།
སྨན་པ་དཀོན་མཆོག་ཚེ་བརྟན་ལགས། གཅིག་བྱས་ན་ཁྱེད་རང་བོད་གཞུང་སྨན་རྩིས་ཁང་མཐོ་སློབ་ནས་ཐོན་པའི་སྨན་པ་ཡིན་སྲིད། འོན་ཀྱང་ངས་ཁྱེད་ཀྱི་རྩོམ་ཡིག་ལ་རྒྱབ་སྐྱོར་ཞུ་བ་དང་ལྷན་དུ་བོད་གཞུང་སྨན་རྩིས་ཁང་ནས་གསར་དུ་ཐོན་དང་ཐོན་བཞིན་པའི་སྨན་པ་སྐོར་གཅིག་གི་ཡ་ང་དགོས་པའི་གནས་ཚུལ་ཞུ་འདོད་བྱུང། དེང་སྐབས་ཀྱི་སྨན་པ་གསར་པ་རྣམས་ལ་ཡོད་པ་སྤོབས་པ་དང། མེད་པ་གསོ་རིག་གི་ཤེས་ཚད་དང་བརྡ་སྤྲོད་གནས་ཚད་རེད་འདུག དེ་ལས་ཀྱང་ཐུན་མོང་དུ་ཡོད་པ་ནི་རང་ཉིད་ཀྱི་རྒྱུད་ཀྱི་ཤེས་ཚད་ལ་མི་བལྟ་བར་གཞན་གྱི་ཆེ་མཐོང་ཐོབ་འདོད་དེ་རེད་འདུག དེ་བས་སྨན་སྤྲོད་རྩིས་པ་སོགས་སྨན་པ་མིན་པའི་ལས་བྱེད་རྣམས་ལ་དམའ་རིམ་གྱི་འདུ་ཤེས་བཟུང་བཞིན་ཡོད། ཡི་གེ་ཞིག་བྲིས་ཀྱང་སྨན་པ་དང། སྨན་རམས་པ། ཆེད་ལས་པ་སོགས་མ་འབྲི་རྒྱུ་ལུས་ཚེ་གདོང་པ་ནག་པོར་གྱུར་པ་དང། སྨན་རམས་པ་སོགས་བྲིས་ཚེ་གདོང་པ་འཛུམ་གྱིས་ཁེངས་བཞིན་ཡོད་པ་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་ཐུན་མོང་ལ་ཡོད་པའི་རྟགས་ཤིག་རེད།
ལྷག་པར་དུ་རྒྱ་གར་ནང་ཁུལ་ལ་སྨན་སྐོར་ལ་བསྐྱོད་སྐབས་ལག་གཡོག་སྨན་སྤྲོད་དང། རྩིས་པ། ཁང་པ་གྲ་སྒྲིག་བྱེད་མཁན། སྣེ་ལེན་པ། སྨན་པར་ཕེབས་བསུ་དང་ཕེབས་སྐྱེལ་ཞུ་མཁན་སོགས་གོ་སྒྲིག་ངེས་པར་དུ་བྱེད་དགོས་པ་དང། དེ་ཚེ་གཅིག་ཚང་མེད་ཚེ་ཛ་དྲག་ཡིན་ཀྱང་སྨན་སྐོར་ལ་བསྐྱོད་ཀྱི་མེད། འོན་ཀྱང་ཕྱི་རྒྱལ་ལུང་པར་ཐོག་མར་གཞུང་འབྲེལ་ཐོག་ནས་སྨན་སྐོར་ལ་བསྐྱོད་སྐབས་སྨན་པ་རང་ཉིད་ལས་གཞན་མི་དགོས་པར། སྨན་སྤྲོད་རྩིས་པ་མཉམ་དུ་ཡོང་མི་དགོས་པའི་འབད་བརྩོན་བྱེད་ཀྱི་ཡོད། དེ་ལ་རྒྱུ་མཚན་མང་པོ་ཡོད་དེ། དང་པོ་གཞུང་གི་སྦྱིན་བདག་སྒེར་ལ་དབང་བ་བྱས་ནས་ཕྱིས་སུ་སྒེར་པ་སོ་སོ་ཕྱི་རྒྱལ་ལ་སྨན་སྐོར་ལ་བསྐྱོད་སའི་ལམ་ཁ་བཟོ་བཞིན་ཡོད་པ་དང། ཕྱི་རྒྱལ་ནས་ཐོབ་པའི་ཌོ་ལོ་ཇི་ཡོད་སྨན་པ་གཅིག་པུར་བདག་རྒྱུ་འབད་བརྩོན་བྱེད་རྒྱུའཌྷི་ཆེད་དུ་རེད། འོ་ན་རྒྱ་གར་ལ་སྨན་སྐོར་ལ་ཕེབས་སྐབས་སྨན་སྤྲོད་རྩིས་པ་ཡོད་དགོས་སར། ཕྱི་རྒྱལ་ལ་སྨན་སྐོར་ལ་བསྐྱོད་སྐབས་སྨན་སྤྲོད་རྩིས་པ་མི་དགོས་པར་སྨན་པ་གཅིག་པུས་ཐུབ་ཚུལ་གང་ཡིན་ནམ། དེ་དང་དེ་འདྲ་བའི་གནས་ཚུལ་མང་པོ་ཞུ་རྒྱུ་ཡོད་པ་ཕྱིས་སུ་རྩོམ་ཡིག་ལམ་ནས་ཞུ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན།།
དབྱངས་བུ་ལགས།
ཕེབས་པ་བཟང་། གཙོ་བོ་ཁོང་གིས་གང་བྲིས་པའི་དོན་སྙིང་བོད་ལུགས་གསོ་རིག་ཉམས་ཆག་ཕྱིན་པའི་སེམས་འཚབ་དེ་སེལ་ཐབས་ཀྱི་དགོངས་ཚུལ་གནང་ན་ལེགས་བྱུང་ཟེར་སྙིང་འདོད་བྱུང་།
གང་ལྟར། མུ་མཐུད་དུ་ཕེབས་རོགས་གནང་།
གོང་དུ་ཁ་ཤས་ཀྱི་ངོ་ནས་བསམ་ཚུལ་དྲང་པོ་བཤད་འདུག ང་ཚོའི་ཕྱོགས་ལ་སྨན་པ་མང་པོ་ཡོང་གི་འདུག འདི་ལ་ཡོང་དུས་ཁྱི་རྐུན་ནང་བཞིན་ནད་པ་རེ་རེའི་སྒོ་ནང་ལ་འཛུལ་ནས་ཡོང་གི་འདུག དངུལ་ག་ཚོད་རག་ཡོང་བསམ་པའི་རྔམ་དྲགས་ཀྱིས་སྨྱོ་གྲབས་བྱེད་ཀྱི་འདུག རྒྱལ་གར་ལ་སོང་ནས་ཕྱི་རྒྱལ་ལ་སོང་ཡིན་ཕྱུག་པོ་ཡིན་མདོག་མདོག་བྱེད་ཀྱི་འདུག ཁོ་ཚོར་སྒོར་མོ་གཅིག་པོ་ལས་དྲན་རྒྱུ་མི་འདུག སྨན་རྩིས་ཁང་གི་སྨན་ཁ་ཤས་རྒྱ་གར་བལ་ཡུལ་སོགས་ལ་སྨན་སྐོར་ཟེར་བར་ཡང་ཡང་བསྐྱོད་ཀྱི་འདུག བླ་མ་སྒྱུ་ཅན་ཚོ་ནང་བཞིན་ཡར་ལ་ཕེབས་མར་ལ་ཕེབས་ནས། ཟླ་མཇུག་ལ་ལྟོ་དོད་ཀྱི་གླ་ཆ་མང་པོ་བླངས་ནས་འདུག་གི་འདུག ག་རེ་བྱས་ནས་ས་ཆ་གཅིག་ལ་སྨན་པ་བྱས་ནས་སྡོད་མ་ཐུབ་པ་རེད།
དེ་ལས་ཚབས་ཆེ་བ་སྨན་རྩིས་ཁང་སྨན་པ་ཚོ་དེབ་ཚོང་ཆགས་ཡོང་གི་འདུག ངའི་དེབ་དང་ཁོའི་དེབ་ཟེར་ནས་ཕར་བསྒྱུར་དང་ཕར་བཤུ་ཚར་བཤུ། ཕར་རྐུ་ཚར་རྐུ་བྱས་པའི་དཔེ་དེབ་ཚད་ལྡན་ཡིན་མིན་མོང་པོ་བཙོང་གི་འདུག སྨན་རྩིས་ཁང་སྨན་པ་ཚོ་སྨན་པའི་ངོ་བོར་གནས་མེད་པར། དེབ་ཚོང་མཁན་དང་རྩོམ་རྐུན་མ་བརྒྱག་མཁན་གྱི་ངོ་བོར་འགྱུར་འདུག
གོང་དུ་ཁ་ཤས་ཀྱི་ངོ་ནས་བསམ་ཚུལ་དྲང་པོ་བཤད་འདུག ང་ཚོའི་ཕྱོགས་ལ་སྨན་པ་མང་པོ་ཡོང་གི་འདུག འདི་ལ་ཡོང་དུས་ཁྱི་རྐུན་ནང་བཞིན་ནད་པ་རེ་རེའི་སྒོ་ནང་ལ་འཛུལ་ནས་ཡོང་གི་འདུག དངུལ་ག་ཚོད་རག་ཡོང་བསམ་པའི་རྔམ་དྲགས་ཀྱིས་སྨྱོ་གྲབས་བྱེད་ཀྱི་འདུག རྒྱལ་གར་ལ་སོང་ནས་ཕྱི་རྒྱལ་ལ་སོང་ཡིན་ཕྱུག་པོ་ཡིན་མདོག་མདོག་བྱེད་ཀྱི་འདུག ཁོ་ཚོར་སྒོར་མོ་གཅིག་པོ་ལས་དྲན་རྒྱུ་མི་འདུག སྨན་རྩིས་ཁང་གི་སྨན་ཁ་ཤས་རྒྱ་གར་བལ་ཡུལ་སོགས་ལ་སྨན་སྐོར་ཟེར་བར་ཡང་ཡང་བསྐྱོད་ཀྱི་འདུག བླ་མ་སྒྱུ་ཅན་ཚོ་ནང་བཞིན་ཡར་ལ་ཕེབས་མར་ལ་ཕེབས་ནས། ཟླ་མཇུག་ལ་ལྟོ་དོད་ཀྱི་གླ་ཆ་མང་པོ་བླངས་ནས་འདུག་གི་འདུག ག་རེ་བྱས་ནས་ས་ཆ་གཅིག་ལ་སྨན་པ་བྱས་ནས་སྡོད་མ་ཐུབ་པ་རེད།
དེ་ལས་ཚབས་ཆེ་བ་སྨན་རྩིས་ཁང་སྨན་པ་ཚོ་དེབ་ཚོང་ཆགས་ཡོང་གི་འདུག ངའི་དེབ་དང་ཁོའི་དེབ་ཟེར་ནས་ཕར་བསྒྱུར་དང་ཕར་བཤུ་ཚར་བཤུ། ཕར་རྐུ་ཚར་རྐུ་བྱས་པའི་དཔེ་དེབ་ཚད་ལྡན་ཡིན་མིན་མོང་པོ་བཙོང་གི་འདུག སྨན་རྩིས་ཁང་སྨན་པ་ཚོ་སྨན་པའི་ངོ་བོར་གནས་མེད་པར། དེབ་ཚོང་མཁན་དང་རྩོམ་རྐུན་མ་བརྒྱག་མཁན་གྱི་ངོ་བོར་འགྱུར་འདུག སྔོན་བྱུང་མཁས་པའི་དཔེ་རྙིང་ཞིག་རྐུས་ནས་བསྒྱུར་ཨེ་ཐུབ་ཁོ་ན་ལྟ་གི་འདུག རང་ཉིད་ཉམས་མྱོང་དང་དཔྱད་རྩོམ་གསར་མི་སྤེལ་དོན་གང་ཡིན་ནམ།
ངོ་ནས་བོད་སྨན་ཡར་རྒྱས་དང་ཁྲིམས་མཐུན་བཟོ་ན། མཉམ་ཞིབ་ཀྱི་ལས་ཀ་ལྟེ་བ་བྱེད་དགོས་ཀྱི་འདུག ཚན་རིག་གི་རིག་རྩལ་སྤྱད་ནས་བོད་སྨན་གྱི་གནས་ལུགས་རྣམས་ཁུངས་ལྡན་ཡིན་པ་ཁུངས་བསྐྱེལ་བྱེད་དགོས་ཀྱི་འདུག དེ་མིན་རྒྱུད་བཞིན་རྡོག་རྡོག་བྱས་ནས་ཕར་བསྒྱུར་ཚུར་བསྒྱུར་བྱེད་བཞིན་པ་འུ་ཐུག་པའི་ལས་ཀ་ཞིག་རེད། ཚན་རིག་ཞིབ་འཇུག་གི་ལམ་ནས་རྒྱུད་བཞི་ཁུངས་བསྐྱེལ་དང་གཏིང་ཟབ་ཏུ་གཏོང་བར་འབད་དགོས་པ་ལས། རྒྱུད་བཞི་བཤད། རྒྱུད་བཞི་ཉན། རྒྱུད་བཞི་བཙོང་། རྒྱུད་བཞི་བསྒྱུར། རྒྱུད་བཞི་ཀློག་ནས་འདུག་རྒྱུ་དེ་སྐྱུགས་བྲོ་བོ་འདུག ལས་ཀ་དེ་གཅིག་པི་ལས་སོར་གང་མདུན་སྤོས་མ་ཐུབ་ན་བོད་སྨན་གང་མྱུང་རྩ་ཡལ་དུ་འགྲོ་རྒྱུ་ལས་མེད། སྨན་རྩིས་ཁང་གི་སྨན་པ་རྒན་པ་ཚོ་ངོ་ནས་གཡོ་སྒྱུ་ཚ་བོ་རེད། འགོས་ནད་འདི་སྨན་པ་དང་གསར་སློབ་ཚོར་འགོས་འདུག བླ་མ་ནང་བཞིན་ཡར་མར་ཕེབས་ནས་ལྟོ་དོད་བསགས་ནས་འདུག་གི་རེད།
རྒྱུད་བཞི་ཕར་བསྒྱུར་ཚུར་བསྒྱུར་བྱེད་རྒྱུ་གཅིག་པོ་ལས་སྨན་པོ་ཚོར་ལས་ཀ་མེད་པ་རེད་དམ། མ་འཇོན་པ་རེད་དམ། རྒྱུད་བཞི་བསྒྱུར་རྒྱུའི་འཆར་གཞི་འདི་གཙོ་བོ་པད་མཔ་དགྲ་འདུས་ཀྱིས་ཁོ་རང་གི་སྤུན་མཆེད་གངས་ཅན་བླ་མའི་ལག་གཡོག་པ་སངས་ཡིན་ཏན་ལ་ཕན་ཐོགས་ཆེད་སྨན་རྩིས་ཁང་ལ་རྒྱུད་བཞི་བསྒྱུར་བཅུག་པ་རེད།
གཡུ་ཐོག་གཉིས་པ་ལགས།
ཕར་བསྒྱུར་རྒྱུ་འདི་ང་ཚོས་འབད་བརྩོན་བྱ་དགོས་པ་མ་རེད་ཅེས་པ་བདེན་པ་འདུག ད་དུང་། སྒྱུར་མཁན་ཚོས་རང་སྐད་ནང་རྒྱུད་དོན་སྤུས་དག་པོ་ཞིག་བཤད་མི་ཐུབ་པར་ཡིག་བསྒྱུར་བྱེད་ཀྱི་ཡོད་པ་འདི་དེ་ལས་ཀྱང་ཉེན་ཁ་ཞིག་རེད། སྔར་ཡིན་ན་ལོ་ཙྭ་བ་དང་། ཕྱོགས་གཉིས་ཀྱི་པཎྡི་ཏ་མཁས་པ་རེ་བཅས་གདན་འཛོམས་ཡོད་པའི་ཐོག་གཞི་ནས་ཡིག་བསྒྱུར་མགོ་བརྩམས་ཀྱི་ཡོད་པ་ལས་དེང་སང་ཡིག་སྒྱུར་པ་ཚོ་ནང་བཞིན་ཞིག་གཏན་ནས་མ་རེད།
ཡིན་ཡང་། “རྒྱུད་བཞི་བཤད། རྒྱུད་བཞི་ཉན། རྒྱུད་བཞི་བཙོང་། རྒྱུད་བཞི་བསྒྱུར། རྒྱུད་བཞི་ཀློག་ནས་འདུག་རྒྱུ་དེ་སྐྱུགས་བྲོ་བོ་འདུག” ཅེས་བཤད་པ་དེ་དོན་དང་མི་མཐུན་པའི་ཚོར་སྣང་ཙམ་རེད། གང་ཡིན་ཟེར་ན། རྒྱུད་བཞི་གཅིག་པོའི་ཚིག་དང་དོན་གྱི་བཤད་པ་ཚང་མ་ཁོང་དུ་ཆུད་ཅིང་། ལག་ལེན་བསྟར་ཐུབ་མཁན་ཞིག་ཡོད་ན་དེས་མ་འཐུས་ན་ཞིག་ག་ལ་ཡོད། འོན་ཀྱང་། དེང་སང་སྨན་པ་ཚོས་རྒྱུད་བཞིའི་ནང་དོན་བརྒྱ་ཆའི་བཞི་བཅུ་ཙམ་ལས་ཤེས་ཀྱི་མེད་པ་འམ་ལག་ལེན་དུ་བསྟར་ཐུབ་ཀྱི་མེད་པས། ཁྱེད་ཀྱི་སྐད་ངན་འདི་ཤོར་གྱི་ཡོད་པ་འདྲ། དེའི་ཕྱིར་སྨན་པ་མི་འཇོན་པ་དང་གཞུང་ལུགས་ཀྱི་དངོས་ཡོད་ཀྱི་རང་བཞིན་གཉིས་བསྲེས་ནས། ར་མགོ་ལུག་སྦྱར་མ་གནང་རོགས་ཞུ་འདོད་བྱུང་།
ཨ་ཁ་ཁ། ཡང་ང་མེད་ཤུལ་ནས་སྨན་པ་ཚོ་ཕན་ཚུན་སྐྱོན་བརྗོད་ཁོ་ནས་ཉི་མ་ཕུད་ནས་བསྡད་འདུག སློབ་མ་ནང་ཕན་ཚུན་དང་། སྨན་པ་ནང་ཕན་ཚུན། སྨན་སློབ་ཁང་ཕན་ཚུན། ཚོགས་པ་ཆེ་ཆུང་ནང་ཕན་ཚུན་སྐྱོན་བརྗོད་བྱེད་རྒྱུ་འདི་རྒན་གསོ་ཁང་གི་ལས་མེད་རྒན་འགོ་ཚོའི་སྐལ་བ་བྱིན་ན་འགྲིག རིག་པ་དྭངས་གསལ་ཡིན་པའི་སྨན་སློབ་པ་དང་། ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་པ། གཞུང་ལུགས་ཆུ་ལྟར་རྒྱུགས་པའི་སྨན་རམས་པ། ནད་ངན་གསང་བཅོས་བྱེད་པའི་གྲུབ་ཐོབ་པ་སོགས་ཡོད་ན། ངེས་པར་དུ་བརྒྱུད་བཞི་དགོངས་དོན་ལག་ལེན་ཐོག་ནས་གསལ་གྲོལ་བྱེད་པ་དང་། ལག་ཐབས་ཀྱི་ལམ་ནས་ནད་བཅོས་བྱེད་པ་སོགས་རང་རང་གིས་གང་ཤེས་དེ་སྟོན་བྱས་ན་ཉམས་དགའ་བ་ལ་ཨང་།
བརྒྱུད་བཞི་ཟ་འཐུང་བྱེད་ཀྱི་འདུག་ཟེར་བ་དེ་སྐྱོན་བརྗོད་ལ་འགྲོ་གི་མི་འདུག མི་ཚེ་བརྒྱུད་བཞི་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ན་འཚོ་རྟེན་དེ་ནས་ལེན་འེ་ཐུབ་བལྟ་དགོས་པ་ལས། འཚོ་རྟེན་གཞན་ཞིག་ནས་འཚལ་དགོས་ན་བརྒྱུད་བཞི་སྦྱང་བའི་ལམ་ཁ་ཁེགས་འགྲོ་གི་རེད། ད་རུང་ང་ཚོའི་ཕ་མེས་རྣམས་ཀྱིས་ཀྱང་རྒྱ་གར་རམ་གང་ཞིག་ནས་བརྒྱུད་བཞི་ཚུར་བསྒྱུར་ཡོང་དུས་རིན་མེད་དུ་ཁས་ཡོང་པ་མ་རེད། བམ་པོ་རེ་རེ་དང་། ཤོ་ལོ་ཀ་རེ་རེ་བཞིན་གྲངས་ཀ་བརྒྱབ་ནས་གསེར་གྱིས་ཉོས་ནས་འགྲོ་སོང་བཏང་ཡོད་པ་རེད། ང་ཚོ་ཚ་བོ་ཚ་མོ་རྣམས་ཀྱིས་དེ་ལས་འཚོ་རྟེན་བཙལ་ལོས་ཆོག
དེང་རབས་བོད་ལུགས་གསོ་རིག་གི་ནང་དུ་རྒྱུ་མཚན་དང་ལག་ལེན་དངོས་ཀྱི་ཁྲོད་དུ་སྨན་བཅོས་བྱེད་དགོས་པ་ལས་མདོ་སྔགས་ཀྱི་གཞུང་དུ་བསྟན་པའི་གསུང་ལ་ཡིད་ཆེས་ཁོ་ན་དང་སྲོལ་རྒྱུན་གྱི་རྗེས་སུ་འབྲངས་བ་ཙམ་གྱིས་ནད་པར་ཕན་ཐོགས་མི་འབྱུང་བ་རེད། དེའི་ཕྱིར། ནུབ་ཕྱོགས་པའི་ཚན་རིག་གི་ལམ་ནས་བསྟན་པའི་རྒྱུ་མཚན་གྱི་བཤད་པ་རྣམས་དང་ཟུང་དུ་སྦྲེལ་ནས་བོད་སྨན་གྱིས་ནད་བཅོས་གནང་ན་ཕན་རླབས་ཆེ་བ་མངོན་སུམ་ཡིན།
རྫུན་མ་མང་ནི་རེད། རང་དོན་དང་ཕྱོགས་རེས་ཁོ་ན་བྱེད་མཁན་གྱི་དབུ་པདྨ་དགྲ་འདུལ་དང། ཟླ་བ་ལྟ་བུ། ལྷག་པར་དུ་པདྨ་དགྲ་འདུལ་ལ་དཔེ་མཚོན་ན་ཕུལ་བྱུང་གི་རྫུན་མ་རེད། ༡༽ དབུ་འཛིན་གྱི་དབང་ཚད་བེད་སྤྱོད་བྱས་སྟེ། གངས་བླའི་སྨན་པ་པ་སངས་ཡོན་ཏན་ཨར་ཡ་ཆབ་སྲིད་ཀྱི་རྐྱེན་་བའི་སྨན་རྩིས་ཁང་ལ་འབྲེལ་བ་མེད་པ་དེ། ཁོས་རྫུན་གཏམ་སྣ་ཚོགས་ཤིག་བཤད་དེ་ཕྱོགས་རེས་ཁོ་ནས་འབྲེལ་བ་སླར་གསོ་ཡིན་ལུགས་ཀྱིས་གསལ་བསྒྲགས་བྱས། ༢༽དབུས་སུ་ས་ཁང་ཡར་རྒྱས་གཏོང་ཁུལ་གྱིས་ཁང་བ་རྫུན་མ་ལ་དབྱེ་ན་ད་དུང་རྫུན་མ་མང་ནི་རེད། དཔེར་ན། ཁང་བའི་རྒྱ་ཁྱོན་ཆུང་བ་ཡིག་ཐོག་ཏུ་ཆེ་བ་བཟོས་པའི་རིན་གོང་ཧིན་སྒོར་འབུམ་ཉེར་བརྒྱད་་འཕར་མ་བཟོས་པའི་རྫུན་མ། ཁང་བའི་རྒྱུ་ཆ་ཨར་འདམ་ཚབ་བྱེ་མ་བླུག་པའི་ཨར་འདམ་རྫུན་མ། ལྕགས་རིགས་རྫུམ་མ། རིན་གོང་རྫུན་མ་མིག་གི་མཐོང་སར་རྫུན་མ་མང་དྲག་པས་། སྨན་རྩིས་ལས་སློབ་ཡོངས་ནས་སེམས་ནང་དུ་མ་ཤོང་བར་ངོ་རྒོལ་བྱས་སྟེ། ཞིབ་འཇུག་བྱས་བས་རྫུན་རྐུབ་བརྡོལ་བ་རེད། སླར་ཡང་ཐག་གཅོད་རྫུན་མ། ས་ཁང་གི་ལས་དོན་ལ་འབྲེལ་བ་ཆེ་བའི་རྩིས་པ་རྒྱག་པ་རྩ་དགོངས་གཏོང་རྒྱུ་དང་། ཁང་བའི་རྒྱ་ཁྱོན་གཞལ་མཁན་ཡན་ལག་རྩིས་པ་ཚེ་རིང་རྡོ་རྗེ་ཡན་ལག་ཅིག་ལ་གནས་སྤོས་གཏོང་གི་ཡུན་ལུགས་སོགས་དུས་བབ་གསར་ཤོག་ཏུ་བཀོད་ཡོང་ཀྱང་། དོན་དངོས་ཀྱི་འཛིན་སྐྱོང་ཡིག་ཆའི་ནང་དུ། རྩིས་པ་རྒྱག་པ་ཁོ་རང་གི་དགོངས་ཤོག་ཕུལ་བའི་དགོངས་པ་ཁྲོལ་བ་ལྟ་བུ་ལས་ནག་ཉེས་གང་ཡང་བཀལ་མེད། ཡན་ལག་གི་རྩིས་པ་ཚེ་རིང་རྡོ་རྗེ་ལན་ལག་ལ་གནས་སྤོས་བཏང་མེད། ད་ལྟ་ཡན་ལག་གི་འགན་འཛིན་ལ་བཞག་ཡོད། ༣༽ ད་ལྟ་པདྨ་དགྲ་འདུལ་གྱི་བྱེད་སྟངས་ཡན་ལག་འགན་འཛིན་ཚེ་རིང་རྡོ་རྗེས་བྱེད་བཞིན་ཡོད། གཞུང་དངུལ་སྲི་ཚག་མི་བྱེད་པར་སོ་སོའི་འདོད་པ་བཞིན་གཞུང་འབྲེལ་ཡིན་ལུགས་ཀྱི་ཕྱོགས་བསྐྱོད་བྱེད་བཞིན་ཡོད། མ་ཟད་སྨན་ལས་པདྨ་བཀོད་པ་སུ་ཡོད་དབུས་སུ་ལེན་གྱི་ཡོད། ༤༽ཉེ་བའི་ལོ་འགའི་ནང་ཟླ་བ་དབུ་འཛིན་བྱེད་སྐབས་ལྷ་ས་བའི་ཕྱོགས་ཁག་ལ་རྒྱལ་བ་ཐོབ་པའི་བཟོ་འདྲ་བྱུང་ཡོད་པ་རེད། འཛིན་སྐྱོང་གི་ལས་ཀྱི་སྣེ་མོར་སྡོད་མཁན་དེ་ཚོའི་དྲང་བོ་རྩ་བ་ཉིད་ནས་བྱེད་ཀྱི་མེད། སྨན་རྩིས་ཁང་གི་ཚོགས་པ་ཡག་པོ་ཆགས་མིན་ལས་ཀྱི་སྣེ་མོར་བཞུགས་མཁན་རྣམ་པའི་ལྷག་བསམ་དང་འཇོན་ཐང་། དྲང་བོ་བྱེད་མིན་ལ་རག་ལས་ཡོད། དབུ་འཛིན་ཚེ་རིང་བཀྲ་ཤིས་སྐབས་སུ་སྨན་རྩིས་ཁང་གི་ལས་དོན་ཕྱོགས་གང་ས་ནས་ལེགས་པོ་བྱུང་ཡོད་པ་རེད། དེ་ནི་འཛིན་སྐྱོང་གི་ལྷག་བསམ་དང་དྲང་བོ་བྱས་འབྲས་རེད། ལེ་ལོ་གཅིག་བུའི་འཐུས་ཤོར་དུ་ཕྱིན་པ་མ་རེད།
སྨན་པ་དཀོན་མཆོག་ཚེ་བརྟན་ལགས་ལ་ཞུ་བ།
༡
ཁྱེད་རང་གིས་གནད་འགག་གི་སྐོར་མང་པོ་ཞིག་ཆེས་བསྡུས་པའི་ཚུལ་གྱིས་གླེང་འདུག་པ་ལ་རྗེས་སུ་ཡི་རང་ཡོང། ལྷག་ཏུ། བཙན་བྱོལ་ནང་གི་བོད་པའི་སྨན་པ་ཚོས་ཁ་ནས་སྨན་གཞུང་བཤད་ཤེས་ཙམ་དང་། འདྲིས་ཅན་གྱི་ཚུལ་ཙམ་སྟོན་པ་མང་བ་ལས། འདི་འདྲའི་རིགས་སྤེལ་བ་ནི་ཧ་ཅང་ཉུང་ངུ་ཡིན་པ་དང་། སྨན་རྩིས་ཁང་གི་དུས་དེབ་ལ་བལྟས་པ་ཡིན་ན། ཡར་ནས་བཤུས་པ་མིན་ན། མར་ནས་བཤུས་པ་དང་། ཕར་ནས་བཤུས་པ་མིན་ན་ཚུར་ནས་བཤུས་པའི་རྩོམ་ཡིག་ཙམ་ལས། སྨན་པ་རྣམས་ཀྱིས་མྱོང་བའི་ལག་ལེན་དང་གནད་འགག་ལས་འཕྲོས་པའི་དཔྱད་གླེང་འདི་འདྲ་ནི་དེ་ཙམ་མཐོང་དུ་མེད་པའི་སྐབས་འདི་འདྲ་ལ། ཁྱེད་རང་ཚོ་སྨན་གཞུང་དང་ལག་ལེན། འབྲི་རྩལ་གསུམ་ཐད་ནས་རང་མགོ་ཐོན་མཁན་ཚོས། འདི་ལྟར་གླེང་སླེབས་དུས། སྨན་པ་ཚོས་ཀྱང་ཡིག་འཇོག་རེ་ནི་ཐུབ་ཀྱི་རེད་སྙམ་པའི་ཡིད་ཆེས་འཕེལ་བ་ཞིག་བྱུང་།
༢
རྒྱུད་གཞིའི་ནང་། བྱ་བྱེད་སྨན་པའི་ལེའུ་ཞིག་ཡོད་པ་དེའི་ནང་ལྟར་ན། ཡང་ན་ཚད་གཞི་དེ་འཁྱེར་ནས་བལྟས་པ་ཡིན། ང་ཚོར་སྨན་པ་ཚད་ལྡན་ལས་ཚད་ལྡན་མིན་པ་མང་བ་ནི་མཐོང་ཆོས་འདི་རེད། ད་ལྟ་བར་ངས་སྨན་པ་ཚད་ལོངས་ཞིག་མཇལ་བ་ནི། བོད་གཞུང་སྨན་རྩིས་ཁང་གི་སྨན་པ་རྟ་མགྲིན་ལགས་ཡིན། སྨན་རྩིས་ཁང་གི་སྨན་པ་ཉམས་མྱོང་ཅན་མང་པོ་ཞིག་སྒེར་ལ་དངུལ་གསོག་ཆེད་ཟུར་བཞུགས་གནང་ཡོད་པའི་ཤུལ་དེ་ན། སྨན་པ་རྟ་མགྲིན་ལགས་ཀྱིས་སྨན་རྩིས་ཁང་འདི་གལ་ཆེན་དོན་ཆེན་དུ་བཟུང་ནས་རྒྱུན་བཞུགས་གནང་ཡོད། གལ་ཏེ། ཁོང་ཡང་སྨན་པ་གཞན་ལྟར་ཟུར་བཞུགས་གནང་བའི་དབང་དུ་བཏང་ན། སྒེར་ལ་དངུལ་གསོག་པ་ནི་འབད་མེད་ལྷུན་གྱིས་འགྲུབ་མིན་ལ་ཐེ་ཚོམ་བྱེད་མི་དགོས་པ་ལྟ་བུ་རེད། སྨན་པ་འདི་འདྲ་རེ་ང་ཚོར་དགོས་མཁོ་ཆེ་བ་འདུག ཁྱེད་རང་ཚོ་སྨན་པ་ཚོས། ཁོང་ལ་སློབ་སྦྱོང་གནང་དགོས་པ་ལྟ་བུ་ཞིག་རེད།
༣
ངས་ཁྱེད་རང་བོད་གཞུང་སྨན་རྩིས་ཁང་ནས་སློབ་ཐོན་པ་ཞིག་ཡིན་མིན་མི་ཤེས། གལ་ཏེ་ཡིན་ན། བོད་གཞུང་སྨན་རྩིས་ཁང་གི་སྨན་རྩིས་མཐོ་སློབ་ཁང་དེ་ནའང་སློབ་མ་ཚད་ལྡན་རེད་ཐོན་གྱི་ཡོད་ས་རེད་སྙམ་ནས་སྤོབས་པ་སྐྱེས་ཀྱི་འདུག མདོར་ན། མ་འོངས་པར་ཡང་རྩོམ་ཡིག་འདི་འདྲ་རེ་སྤེལ་གནང་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ལྷག་ཏུ་བོད་ཀྱི་སྨན་གཞུང་དང་ཕྱི་ལུགས་སྨན་གཞུང་ཟུང་འབྲེལ་བྱེད་ཐབས་ཀྱི་ཕྱོགས་ནས་མན་ངག་རེ་གནང་རྒྱུ་ཡོད་ན། དེ་ལ་ཐུགས་མཉམ་རེ་འཇོག་རྒྱུ་མཁྱེན་ཞེས་ཞུ་བ་ལགས།
གཞོན་ནུ་ཟླ་མེད་ཀྱིས་ཤེས་དགོས་ནི། ཨི་ཏྲ་ལི་ན་ཡོད་པའི་སྨན་པ་པ་སངས་ཡོན་ཏན་གྱིས་ཕྱི་རྒྱལ་སློབ་མ་ཚོར་སྨན་བསླབ་ནས་མཐའ་མ་སྨན་རྩིས་ནང་ལག་ཁྱེར་སྤྲོད་རོགས་ཞུས་པ་རེད། སྐབས་དེར་སྨན་རྩིས་ཁང་གི་འགན་འཛིན་པད་མ་དགྲ་འདུས་རེད། ཁོ་པ་སངས་ཡོན་ཏན་གྱི་སྤུན་མཆེད་ཡིན་ཙང་དེ་ལྟར་བྱེད་རྒྱུའི་ཐག་གཅོད་གནང་བ་རེད། མ་ཟད་ཡིག་ཚད་མ་བཏང་བའི་ལམ་ནས་སྨན་རྩིས་ཁང་གི་སྨན་པ་ཚོ་དང་གཅིག་མཚུངས་ཀྱི་ལག་ཁྱེར་སྤྲོད་རྒྱུ་བྱས་པ་རེད། སྐབས་དེར་སྨན་རྩིས་ཁང་གི་སློབ་སྤྱོ་ཡིན་པ་ཡོད། ཁོས་ང་ཚོའི་སློབ་ཕྲུག་ཚོ་དང་མཉམ་དུ་ཡིག་ཚད་གཅིག་པ་བཏང་ནས་རྒྱུགས་འཕྲོད་ན། གཅིག་མཚུངས་ཀྱི་ལག་ཁྱེད་སྤྲོད་འོས་པ་ལས། དམིགས་བསལ་ཡིག་ཚད་རྫུན་མ་ཞིག་བཏང་ནས་སྨན་རྩིས་ཁང་གི་ལག་ཁྱེར་ཚད་ལྡན་སྤྲད་ན་འགྲིག་གི་མི་འདུག དྲང་པོ་མ་རེད་ཟེར་དུས་ཁོ་ཚོས་ཡིག་ཚད་གཏོང་མ་ཐུབ་ཙང་ལྷག་པ་རེད། རྒྱུད་བཞི་བསྒྱུར་བ་དེ་ཡང་གཙོ་བོ་པ་སངས་ཡོན་ཏན་ལ་རོགས་པ་བྱེད་ཆེད་པ་མ་དགྲ་འདུས་ཀྱི་སྨན་རྩིས་ཁང་བེད་སྤྱོད་བཏང་བ་རེད། སྨན་རྩིས་ཁང་ལ་རྒྱུད་བཞི་དབྱིན་ཡིག་ནང་ཁྲིད་དགོས་ས་ཡོད་མ་རེད། མ་ཟད་ཁྱེད་ཀྱི་བཤད་པ་ལྟར་ཤོ་ལོ་ཀ་རེ་རེ་ལ་གསེར་སྲང་མང་པོ་སྤྲད་ནས་ནང་འདྲེན་བྱས་པའི་རྒྱུད་བཞིའི་སྟོད་ཆ་བསྒྱུར་ཁུལ་བྱས་པ་དང་། རིན་མེད་ཐོག་རྔན་པ་སྤྲད་པ་རེད། ཤོག་སྙིགས་ནང་བཞིན་དགོས་ཚད་ལ་ཨུ་ཚུགས་བརྒྱབ་ནས་རྔན་པ་སྤྲད་པ་རེད། བྱས་ཙང་རྒྱུད་བཞི་བསྒྱུར་ཁུལ་བྱས་པ་དེ་ཡང་གོ་མེད་ཚོར་མེད་ངང་རྩེད་སྤྱད་ཆགས་པ་རེད། བོད་པའི་སྤྱི་ཚོགས་ལ་གང་ཕན་མེད།
སྨན་པ་རྟ་འགྲིན་ངོ་ནས་ཡག་པོ་རེད།
ཀྱེ་མ་སྙིགས་མུན་སྨག་བོད་འདིར། གསོ་རིག་བདུད་རྩིའི་འབྲས་འཐོར་བ། ཚོད་བསྙབས་སྤར་མོས་ཟིན་པ་ཉུང་། རེ་ཉུང་ཟིན་པ་རྡུལ་དང་བཅས།། ཞེས་པའི་གསུང་ཚིག་འདི་ནི་དུས་རབས་ ༡༨ པའི་ནང་གསོ་རིག་སྨྲ་བའི་དབང་པོ་དགེ་བཤེས་དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་ཞལ་ནས་ཤོར་བའི་གསུང་དུམ་ཞིག་ཡིན་པས་དུས་སྐབས་དེར་གསུང་སྐད་འདི་འདྲ་ཞིག་ཤོར་དགོས་ཡོད་ཚེ། ད་ལྟའི་དུས་རབས་ ༢༡ པའི་ནང་དེ་བས་ཀྱང་ཤོར་དགོས་ལ་ཤོར་རིན་ཡོད་པ་བཤད་མ་དགོས་པ་ཞིག་རེད། ཡིན་ནའང་དགེ་ཆོས་ཀྱི་གསུངལྟར་་རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས། གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས། ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམས་ན་དེ་ཡང་བོད་ཀྱི་གསོ་དཔྱད་སྤྱིའི་དར་སྤེལ་ལ་ཕན་གནོད་ཀྱི་བྱ་བ་ཇི་འདྲ་ཞིག་བསྐྲུན་ནམ། སྤྱིར་ཡུལ་ལུང་དང་མི་རིགས་གཞན་པའི་སྤྱི་ཚོགས་ཤིག་ཏུ་བོད་ཀྱི་སྨན་དཔྱད་ལག་ལེན་དར་སྤེལ་གཏོང་འདོད་ཚེ། ཐོག་མར་བོད་ལུགས་གསོ་རིག་གི་དགོངས་དོན་ལག་ལེན་གཞིར་བཞག་སྟེང་དུས་རབས་ཀྱི་འཕེལ་ཕྱོགས་དང་ཡུལ་ཕྱོགས་སོ་སོའི་རིག་གཞུང་གོམས་སྲོལ་ལ་སྟབས་བསྟུན་གྱིས་གང་ལ་གང་འདོད་དེ་ལ་དེ་བསྟུན་བྱ་རྒྱུ་ཧ་ཅང་གལ་ཆེན་རེད་སྙམ།
གོང་དུ་དྲ་གྲོགས་ཤིག་གིས་ “རྒྱུད་བཞི་བཤད། རྒྱུད་བཞི་ཉན། རྒྱུད་བཞི་བཙོང་། རྒྱུད་བཞི་བསྒྱུར། རྒྱུད་བཞི་ཀློག་ནས་འདུག་རྒྱུ་དེ་སྐྱུགས་བྲོ་བོ་འདུག” ཅེས་བཤད་འདུག་པ་དེ། གསོ་རིག་ལས་ཐོགས་པ་ཞིག་དང་སློབ་གཉེར་ཁང་ཞིག་ཡིན་ཕྱིན་བོད་ཀྱི་གསོ་རིག་གི་ཕྱི་མོ་དཔལ་ལྡན་རྒྱུད་བཞི་འདིའི་དགོངས་དོན་ལག་ལེན་དར་སྤེལ་བྱ་དགོས་ཚེ་རྒྱུད་བཞིའི་དགོངས་དོན་གཙིགསཆེན་གྱིས་འཆད་ཉན་ཕབ་བསྒྱུར་བྱ་རྒྱུ་ལས་དོན་གལ་ཆེན་ཞིག་རེད། རྒྱུད་བཞིའི་འགྱུར་ཐོག་མ་དེ་སོག་ཡིག་དང་དེ་ནས་ཨུ་རུ་སུ་སྐད། རྒྱ་ནག་སྐད་དུ་ཡིནལ། དེང་སང་གི་རྒྱལ་སྤྱིའི་སྐད་དུ་འཛིན་པའི་དབྱིན་ཡིག་དུ་འགྱུར་མ་བྱུང་ན་དེ་ལ་དགའ་སྤོབས་སྐྱེ་དགོས་པ་ཞིག་རེད།
ནད་བཅོས་ཉམས་མྱོང་གྱིས་ཕྱུག་པའི་སྨན་པ་རྟ་མགྲིན་ལགས་ལ་རྗེས་སུ་ཡི་རངས་ཡོད།
འཚོ་བྱེད་བུར་ཞུ་རྒྱུར། རྒྱུད་བཞི་བསྒྱུར་ཁུལ་བྱེད་བཞིན་པ་སྨན་པ་ཚོས་གང་ཡང་མ་འཇོན་པར་འུ་ཐུག་པའི་ལས་ཀ་ཞིག་རེད། རྒྱུད་དུ། ་་་་་་་་་་རྣམ་པའི་སྒོ་ནས་དཔག་ཏུ་མེད་པར་དབྱེ།། ཡང་་་་་་་་་་་གྲངས་དང་མིང་གི་ངེས་བསྟན་ཡོད་མ་ཡིན།། གཡུ་ཐོག་སྨན་བླས་གསུངས་པ་བདེན་ན། གསོ་བ་རིག་པར་མཐའ་དང་གཏིང་མེད་ཚོད་འདུག་ཀྱང་། སྨན་རྩིས་ཁང་དང་དེང་གི་སྨན་པ་ཚོར་རྒྱུད་བཞིའི་ཚིག་ཙམ་གྱི་ཚོང་ལས་ལ་བརྟེན་ནས་གཞན་བསླུས་བཞིན་རང་ཉིད་ཕྱུག་བདག་ཏུ་འགྱུར་བར་བརྩོན་བཞིན་པ་འོས་པར་མ་མཐོང་། རྒྱུད་བཞིའི་ནང་དོན་ལག་ལེན་ལ་བཏབ། རྒྱུད་བཞིའི་ནང་དོན་ལག་ལེན་ལ་བཏབ་པས་ནད་པ་གསོས། ནད་པ་གྲངས་མེད་སོས་པའི་འབྲས་བུར་བོད་སྨན་གྱི་བསྟན་པ་དར། སྨན་པའི་སྙན་གྲགས་རྒྱས་པ་ཡིན་ན་དགའ་བ་དང་སྤོབས་པ་འགྲན་བཞིན་འཕེལ་འོས་པ་ལས། ལག་ལེན་གང་ཡང་མེད་པའི་སྨན་པ་ཝ་ཡི་རྒྱལ་ས་འཛིན་མཁན་མང་པོ་ལོ་རེ་བཞིན་འཕེལ་ནས་རྒྱུད་བཞིའི་ཚིག་སྐམ་པོ་རྣམས་བཤད། རྒྱུད་བཞིའི་ཚིག་སྐམ་པོ་ཉན། རྒྱུད་བཞིའི་ཚིག་སྐམ་པོ་རྣམས་བཙོང་། རྒྱུད་བཞིའི་ཚིག་སྐམ་པོ་རྣམས་བསྒྱུར། རྒྱུད་བཞིའི་ཚིག་སྐམ་པོ་རྣམས་ཀློག་ནས་འདུག་གིན་ཡོད་པ་འདིས། ཚེ་འདིའི་ནད་པ་བསླུས། ཕྱི་མར་རྣམ་ཤེས་ངན་སོང་ལྟུང་བའི་ལས་འདི་སྤངས་དགོས་མཐོང་། སྨན་པ་རེ་རེ་ལོ་རེའི་ཡོང་འབབ་མཐོ་བོ་རེད། ནད་པ་དྲགས་པའི་གྲངས་འབོར་ཆེས་ཉུང་ཉུང་རེད། འདི་ནི་བོད་སྨན་གྱི་ཞབས་འདྲེན་དང་སྨན་པའི་ངོ་ཚ་རེད།
ཕྲན་ནི་ནད་པ་རྒན་གོམས་ཀྱི་སྨན་པ་ཞིག་ཡིན་པའི་ཆ་ནས་སྨན་པ་སྤྱི་དང་སྨན་རྩིས་ཁང་གི་སྨན་པ་ཚོར་རྒྱུས་མངའ་ཆེན་པོ་ཡོད།
གཡུ་ཐོགས་གཉིས་པ་དང་འཚོ་བྱེད་བུ་སོགས་ལ།
རྒྱུད་བཞི་བསྒྱུར་མི་ཆོག་པ་དང་བསྒྱུར་མི་འོས་པ་ཞིག་ཡིན་པའི་བསམ་ཚུལ་མེད་ཀྱང་། བསྒྱུར་ཟིན་པའི་རྩ་བཤད་གཉིས་དང་། ད་ལྟ་སྒྱུར་བཞིན་པ་དང་བསྒྱུར་འགྱུར་ལྷག་པའི་རྒྱུད་ཕྱི་མ་བཅས། སྒྱུར་པ་པོའི་ཆུ་ཚད་ལ་དཔག་པའི་གླེང་མོལ་དང་དགག་བྱ་བྱེད་འོས་སུ་མཐོང་། རྒྱུད་བཞི་བསྒྱུར་བ་ལ་མ་མཐའ་ཡང་བཙན་བྱོལ་སྤྱི་ཚོགས་འདིར་གང་ཡོད་ཅི་དྲག་གི་ཚོགས་ཆུང་ཟུར་འཛུགས་བྱ་དགོས། དཔེར་ན། སྨན་རྩིས་ཁང་གི་སྨན་པ། པདྨ་རྡོ་རྗེ་དང་། ཝརྣའི་དགེན་རིན་པོ་ཆེ། པ་སངས་ཡོན་ཏན། ཨརྱ། བཅས་ཀྱིས་གཙོ་འཛིན་གནངས་ཏེ་ལས་རོགས་སུ་ཐོགས་མེད་དཔལ་འབྱོར་ལྟ་བུ་མི་སྣ་ཁ་ཤས་འདེམས་བསྒྲིགས་བྱ་དགོས་པ་ལས། ད་ལྟ་དངོས་སུ་ལས་དོན་འདིར་བཞུགས་བཞིན་པ་ཚོས་ཤེས་ཚད་དང་ཉམས་མྱོང་ཚང་མས་ལྡེང་གི་མེད་པ་རེད་འདོད།
ང་ཚོས་འདིར་གོང་གི་རྩོམ་ཡིག་དེའི་བརྗོད་བྱ་དང་འབྲེལ་བའི་གནད་དོན་ཞིག་ལ་གླེང་མོལ་བྱེད་འོས་པ་རེད།
དེ་ནི་རྒྱུད་ལས།
མི་ལ་ཚེ་ཡི་རྩ་ནི་གསུམ་ཡོད་དེ།།
གཅིག་ནི་མགོ་ལུས་ཐམས་ཅད་ཁྱབ་པར་གནས།།
གཅིག་ནི་དབུགས་དང་འགྲོགས་ནས་རྒྱུ་བ་དང་།།
གཅིག་ནི་བླ་དང་འདྲ་སྟེ་འཁྱམས་པ་ཡིན།།
ཞེས་པའི་སྐབས་ཀྱི་ཚེ་རྩ་གསུམ་ངོས་འཛིན་དང་འབྲེལ་སོ་སོའི་བྱེད་ལས་གང་ཡིན། ཕྲ་རགས་ཀྱི་གནས་སྟངས་ཁྱད་པར་སོགས་ཤེས་མཁན་ཚོས་གསུང་རོགས་གནང་།
དཀར་མཚོ་སྐྱིད་ལགས།
རྙིང་བ་གཅིག་བུ་གཙོར་བཟུང་བྱེད་དགོས་ཡོད་དེ། འུ་ཚོས་བོད་ལུགས་སྲོལ་རྒྱུན་གསོ་རིག་ཅེས་པ་དེ་སྦྱངས་ནས་ཉམས་ལེན་དང་ལག་བསྟར་བྱེད་ཀྱི་ཡོད་པས། སྲོལ་རྒྱུན་ཡིན་ན་ངེས་པར་དུ་རྙིང་བ་ཡིན་དགོས། འོན་ཀྱང་། རྙིང་བ་ཡིན་ན་གསར་བའི་འགལ་ཟླ་དང་ལྡོག་ཕྱོགས་མ་རེད། དཔུང་པ་མཉམ་གཤིབ་དང་གཅིག་ཕན་གཅིག་གྲོགས་སུ་འཁྱེར་ཤེས་དགོས། ང་ཚོས་རང་གི་དཔྱད་བཅོས་རིག་པའི་རྨང་གཞི་དེ་ཡར་རྒྱས་དང་ལག་ལེན་དུ་བསྟར་ཐུབ་པ་ལ་འབད་དགོས་པ་ལས། ང་ཚོས་རང་ཉིད་ལ་མེད་པ་ཞིག་གཞན་ནས་ཚུར་བླངས་ཏེ་བསྲེ་ཐབས་བྱེད་རྒྱུའི་བསམ་ཚུལ་དེ་ཕྱོགས་ཡོངས་ལ་བསམ་ཞིབ་མ་གནངས་པའི་མངོན་རྟགས་དང་། རང་ལུགས་ལ་ངེས་པ་བརྙེད་པའི་ངོས་འཛིན་མ་ཐོབ་པའི་རྟགས་སུ་འགྱུར་སྲིད་པ་ཞིག་མ་རེད་དམ།
ངས་བསམ་ན། གཞུང་ལུགས་ཀྱིས་ང་ཚོ་གཏན་ནས་ཕོངས་ཡོད་པ་མ་རེད།
གཡུ་ཐོག་གཉིས་པས་གང་ཟག་ལ་སྐྱོན་བརྗོད་བྱེད་སྟངས་དེར་ངོས་ལེན་མེད། ལས་ཀྱི་སྣེ་མོ་བའི་དགེ་སྐྱོན་བརྗོད་འོས་ཀྱང་ཡོངས་སུ་འདས་ཟིན་པ་རྐྱང་རྐྱང་བཤད་ནས་ནང་ཁུལ་གྱི་མཐུན་འབྲེལ་ལ་དོགས་གཞི་བཟོས་པ་འདི་དེ་ཙམ་མི་ལེགས། དབུ་འཛིན་ཟླ་བར་སྐྱོན་ཡོད་ན་ལས་འགན་འཁུར་བཞིན་པའི་སྐབས་ངོས་སུ་བཤད་པ་དང་། དེ་མ་བྱུང་ན། དྲ་ངོས་ཡིན་ཡང་སྐབས་ཐོག་ལ་གླེང་དགོས་པ་ལས་ད་ཕྱིས་དྲགས་པ་རེད། དེ་ལས་གཞུང་ལུགས་དང་ལག་ལེན་སོགས་གང་ཟག་སྒེར་གྱི་དགེ་སྐྱོན་མིན་པ་རེ་གསུང་རོགས།
ང་ཚོས་ལྷག་བསམ་རྣམ་དག་དང་ཤ་ཚའི་རེ་བ་ག་ཚོད་ཞུས་ཀྱང་འགོན་འཛིན་ཚོས་བསམ་ཤེས་དང་ལེན་བྱེད་རྒྱུའི་རེ་བ་མེད་རེད། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་རྒྱུའི་རེ་བ་དང་གོ་སྐབས་མེད་ཙང་། ང་འདྲ་བོ་ཞིག་གིས་སྐད་ཆ་ཡག་ཉེས་ག་རེ་བཤད་མ་བཤད་ལ་ཁྱད་པར་མཐོང་གི་མེད ལྷག་པར་དུ་སྨན་རྩིས་ཁང་གི་ལས་ཀ་གནང་ཕྱོགས་དང་སྨན་པ་རྒན་པ་ཚོས་ཀུན་སྤྱོད་ཁྱེར་སྟངས་ཧ་ཅང་སྐྱོ་བོ་རེད། ཁོ་ཚོ་མང་ཆེ་བ་དབུ་འཛིན་དང་དྲུང་ཆེ། ཡང་ན་སྡེ་ཚན་ཁག་གི་འགན་སོགས་མིང་ཆེན་པོ་དང་ལས་ཀ་དང་འགན་མེད་པའི་ལས་ཀ་ཡང་ས་དང་མིང་ཆེ་སའི་རྐུབ་སྟེབས་ཤིག་རག་ཐབས་རྩད་ནས་སྡོད་འདུག གསོ་བ་རིག་པའི་བསྟན་པ་དང་འགྲོ་བ་ནད་པའི་བདེ་སྡུག་དང། གཞུང་གི་ཁེ་ཕན་ལ་བསམ་མཁན་མེད་པར་འགན་འཛིན་དང་དྲུང་ཆེ། ཡང་ན་བླ་སྨན་པ་སོགས་མིང་ཆེན་པོ་ཞིག་རག་ན་ཕྱི་རྒྱལ་ལ་འགྲོ་དུས་ནད་པ་ཡོང་གི་རེད། སྒོ་མོ་རག་གི་དྲན་པ་ལས་གཞན་བསམ་རྒྱུ་མི་འདུག སྨན་པ་གཞོན་པ་ཚོ་ཡང་དེ་འདྲ་རེད། བྱས་ཙང་སྨན་རྩིས་ཁང་གི་སྨན་པ་རྒན་པ་མང་ཆེ་བ་འཛིན་སྐྱོང་གི་ས་མིག་ཚོའི་ནང་འཚང་བསྡད་ནས། ཡན་ལག་སྨན་ཁང་དུ་སྨན་པ་སློབ་ཕྲུག་ཆུ་ཚད་ཞན་པོ་རྐྱང་བཞག་ནས་མི་མང་ལ་མགོ་སྐོར་གཏོང་ཐུབ་ཙམ་བྱེད་ཀྱི་འདུག སྨན་པ་རྒན་པ་ཚོར་ཡང་གདེང་ཚོད་ཧ་ཅང་དམའ་བོ་རེད། ནད་པར་ལྟ་མ་དགོས་པ་གཙོ་འདོན་བྱེད་ཀྱི་འདུག གང་ལྟར་སྨན་པའི་མིང་ལ་དགའ་བོ་ཡོད་པ་ཙམ་ལས་ལག་ལེན་གྱིས་ཐོག་ནསཁོ་ཚོ་སོ་སོར་ཡིད་ཆེས་དང་གདེངས་ཚོད་མི་འདུག ལོ་ཁ་ཤས་ལ་ཡན་ལག་སྨན་ཁང་ནང་ལས་ཀ་བྱས་རྗེས་དབུས་ཀྱི་འཛིན་སྐྱོང་ནང་བྲོས་ཐར་གྱི་འབད་བརྩོན་ཁོ་ན་བྱེད་ཀྱི་འདུག བསམ་བློ་བཏང་ནས་ངོ་ཚ་ཡ་རེད།
བསྒྱུར་ཡ་དེ་ཡང་། བོད་སྨན་ཕར་བསྒྱུར་བ་ཁོ་ན་མ་ཡིན་པར། ཕྱི་ལུགས་ཀྱི་ Anatomy སོགས་བོད་ཡིག་ནང་བསྒྱུར་ན་མ་འགྲིག་པ་ག་རེ་ཡོད་རེད། ང་ཚོའི་བྱང་ཁོག་ཡུལ་ཐིག་ནི་བསྡུས་དྲགས་པས་རྩ་དང་ཤ་དང་རུས་པ། ཁྲག་འཁོར་དང་དོན་སྣོད་སོགས་ཀྱི་གནས་ལུགས་གསལ་ཞིང་དྭངས་པ་ཞིག་ཤེས་ཐུབ་མེད།
མདོར་དེད་ན་དེང་གི་སྨན་པ་ཚོར་གདེང་ཚོད་མེད་པ་དང་། ཚུར་བོད་པའི་རིག་གཞུང་ལ་ཕན་པའི་ལས་ཀ་བྱེད་ཀྱི་མེད་པར། སྒེར་དངུལ་ཆེད་བོད་ཀྱི་རིག་གཞུང་ཕྱི་ལ་གཏོང་གང་ཐུབ་བྱེད་པ་ལས། ཕྱི་ཡི་རིག་གཞུང་ནང་འདྲེན་གྱི་ལས་དོན་གཏན་ནས་བསྒྲུབ་ཀྱི་མི་འདུག བོད་ཀྱི་རིག་གཞུང་ནུབ་ཕྱོགས་སུ་ཕྱིར་གཏོང་བྱེད་པ་དང་ནུབ་ཕྱོགས་ཀྱི་ལེགས་ཆ་ནང་འདྲེན་བྱེད་པ་ལས་དོན་གཉིས་དོ་མ་མཉམ་ཆགས་འདུག བརྒྱ་ཆ་བརྒྱ་ཕྱིར་གཏོང་ཁོ་ན་ལས་ཕྱི་རིག་ནང་འདྲེན་བྱེད་གྲངས་ཚད་ལེ་གོར་རེད། བྱས་ཙང་བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེས་སྨན་རྩིས་ཁང་གི་ལས་དོན་ལ་གཟིགས་ཞིབ་དང་སྟངས་འཛིན་ལམ་སྟོན་གཟབ་གཟབ་ཅིག་གནང་ཚད་རེད།
བོད་ཀྱི་རིག་གཞུང་ནུབ་ཕྱོགས་སུ་ཕྱིར་གཏོང་བྱེད་པ་དང་ནུབ་ཕྱོགས་ཀྱི་ལེགས་ཆ་ནང་འདྲེན་བྱེད་པའི་ལས་དོན་གཉིས་དོ་མཉམ་གཏན་ནས་ཆགས་མེད། བརྒྱ་ཆ་བརྒྱ་ཕྱིར་གཏོང་ཁོ་ན་ལས་ཕྱི་རིག་ནང་འདྲེན་བྱེད་གྲངས་ཚད་ལེ་གོར་རེད། བྱས་ཙང་བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེས་སྨན་རྩིས་ཁང་གི་ལས་དོན་ལ་གཟིགས་ཞིབ་དང་སྟངས་འཛིན་ལམ་སྟོན་གཟབ་གཟབ་ཅིག་གནང་ཚད་རེད།
ལས་རླུང་ལགས།
བོད་ལུགས་གསོ་རིག་གི་གཞུང་དང་ལག་ལེན་སོགས་སྔོན་གྱི་ཡབ་མེས་སྨན་པ་རྣམས་ཀྱིས་དུས་ཀྱི་རིམ་རྒྱུད་དང་སོ་སོའི་ཉམས་མྱོང་གི་ལག་ལེན་ལ་བརྟེན་ནས་འཕེལ་རྒྱས་དང་གསར་བཏོད་གནང་བ་ལས་བྱུང་བའི་གསོ་རིག་ཅིག་ཡིན་ཞིང་། རིམ་བྱོན་སྨན་པ་རྣམས་ཀྱིས་ཀྱང་དུས་དང་མཐུན་པའི་མིའི་ལུས་སེམས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ནད་པར་སྨན་བཅོས་དང་བརྟག་དཔྱད་བྱེད་སྟངས་ལ་སོགས་པའི་ལག་ལེན་ཁ་སྐོང་མཛད་པའི་ཡུན་རིང་གི་མཛད་རྗེས་སུ་གྲུབ་པ་ནི་གསལ་བར་རྟོགས་ནུས་སོ། །མདོར་ན་གསོ་རིག་རྒྱུད་བཞི་འདི་ཡང་འགྱུར་ལྡོག་མེད་པར་རྟག་པའི་ངོ་བོར་གྲུབ་པ་ཞིག་མིན་པར་སྨན་རྗེ་གཡུ་ཐོག་ཡོན་ཏན་མགོན་པོས་སངས་རྒྱས་ཀྱི་ཆོས་གཞུང་དང་སྐབས་དུས་ཀྱི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་བབ་ལ་གཞིགས་ནས་སོ་སོའི་ཉམས་མྱོང་རིམ་བསོགས་ཀྱི་སྒོ་ནས་རྒྱལ་ཁབ་འདྲ་མིན་གྱི་ལེགས་ཆ་རྣམས་གསར་བསྡུ་མཛད་དེ་རྩོམ་བསྒྲིགས་གནང་བའི་གསོ་རིག་གི་གཞུང་ཞིག་ཡིན་པ་དང་ད་ལྟ་ཁོང་ཉིད་དངོས་སུ་སྤྱི་ཚོགས་འདིར་བཞུགས་ཡོད་ན་སྔར་རྩོམ་གྱི་གསོ་རིག་རྒྱུད་བཞི་ལས་སྤང་བྱའི་རིགས་མཐའ་དག་ཡོངས་སུ་དོར་ནས་གསར་དུ་ནད་པ་གསོ་བའི་རྒྱུད་བཞི་གསར་བ་ཞིག་བསྡུ་སྒྲིག་གནང་ཡོད་པར་གདོན་མི་ཟའོ།
ལས་ཀྱི་རླུང་ལ་བཞོན་པའི་ལས་རླུང་ཁྱོད། །
ལས་ཀྱི་དབང་གིས་དྲ་བའི་ལམ་ནས་ཤེས། །
ལས་ཀྱི་རིགས་ལ་མཉམ་དུ་འབད་བྱས་ན། །
ལས་དང་རླུང་གི་གསོ་རིག་དར་ལ་ཉེ། །
ཤ་རྩ་དུང་ལྟར་དཀར་པའི་དཀར་མཚོ་སྐྱིད།།
སེམས་རྒྱ་མཚོ་ལྟར་ཡངས་པའི་དཀར་མཚོ་སྐྱིད།།
མི་ཚེ་སྐྱིད་ལ་རོལ་བའི་དཀར་མཚོ་སྐྱིད།།
ལས་རླུང་ལས་ཀྱིས་ཐུག་པའི་དཀར་མཚོ་སྐྱིད།།
དཀར་མཚོ་སྐྱིད་ལས་བུ་མོའི་ཤེས་ཚད་རྟོགས།།
དཀར་མཚོ་སྐྱིད་ལས་སྨན་པའི་ལ་རྒྱ་མཐོང་།།
དཀར་མཚོ་སྐྱིད་དང་འདྲ་བ་མང་རྒྱུ་ན།།
བུད་མེད་སྨན་པའི་རིགས་ལ་རེ་བ་འདུག།
ལས་རླུང་ལས་ཀྱིས་དེད་ནས་སྲིད་པར་འཁྱམས།།
ལས་རླུང་འཚོ་བས་དེད་ནས་འདུག་མི་ཁོམ།།
གཉིས་ཁྲི་ཆིག་སྟོང་རླུང་གི་འབྱིན་རྔུབ་འདིས།།
ལས་རླུང་ཕྱི་མའི་ཡུལ་དུ་འགྲོ་མ་བཅུག །
ཧ་ཧ་རྩེད་མོའི་ཚུལ་དུ་བཤད་པའི་གཏམ།།
བུད་མེད་སྨན་པ་དཀར་མཚོ་སྐྱིད་ཀྱི་ཡིན། །
དཀར་པོ་ལས་ལ་འབད་པ་མ་ལྷོད་ན།།
མཚོ་ལྟར་ཟད་མེད་སྐྱིད་དང་ཁྱེད་མི་འབྲལ།།
བཻ་རོས་འབུམ་བཞི་ལས་བཤུས་རྒྱུད་བཞི་འདིས།།
འགྲོ་བ་ནད་པར་ཕན་པའི་ངང་ཚུལ་འདི།།
མཐོང་བའི་མོད་ལ་རྗེས་སུ་ཡི་རང་གི །
སེམས་པ་ཡོད་ཀྱང་ལོ་རྒྱུས་དངོས་འབྲི་གལ།།
དཀོན་མཆོག་ཚེ་བརྟན་ལ།
བཙན་བྱོལ་ནང་གིསྨན་པ་དཀོན་པོ་ཁྱེད།།
སྐད་ཆ་མཆོག་གི་དོན་སྙིང་ཁྱེད་ལ་ལྡན།།
ཚེ་ཐག་རིང་ཞིང་མུ་མཐུད་འབྲི་རྒྱུ་ན།།
བོད་སྨན་བརྟན་པོར་གནས་ལ་ཁྱེད་ཀྱིས་ཕན།།
སྲིད་འདིར་གཅེས་པ་ཀུན་གྱི་མཐར་ཐུག་པ།། རིན་ཆེན་སྲོག་ལུས་འཇོམས་པའི་ནད་ཆེན་དགྲ། ཉེ་བར་གཞིལ་བ་བདུད་རྩི་སྨན་སྒྲུབ་པའི།། གཡུ་ཐོག་པ་ཡི་བསྟན་པ་རྒྱས་གྱུར་ཅིག།
ང་ལས་རླུང་གཅིག་བུས་རྩོམ་མཇུག་འདིར།།
དོན་མེད་པའི་མཆན་ཁྱོག་གང་མང་བྲིས།།
གཞན་སྨན་པའི་རིགས་ཀྱི་དྲ་གྲོགས་ཀུན།།
ཚིག་རྩོད་པས་ཚིམས་ནས་ཕེབས་མི་འདུག།
ང་ཁ་བརྡ་དྲ་བའི་སྨན་པའི་ནང་།།
ཁོང་འཚོ་བྱེད་བུ་ལས་རྒན་ཞིག་མེད།།
རྒན་ཁོང་ནི་སྐུ་ཚེ་བརྟན་བསྡད་ན།།
གྲོགས་དྲ་བའི་ལམ་ནས་སྐབས་རེར་ཐུག།
དུས་སྙིགས་མའི་གཡུ་ཐོག་གཉིས་པ་འདིས།།
གང་བཤད་ཚད་སྒེར་ནད་སློང་བའི་རྐྱེན།།
འདི་ཡང་ཡང་མཐོང་བའི་དྲ་གྲོགས་ཀུན།།
བོད་གསོ་རིག་གླིང་འདིར་ཞེན་པ་ལོག།
ང་ལས་མེད་ལས་རླུང་གཅིག་བུར་ལྷག།
གཏམ་ཁེར་བཤད་བྱེད་པའི་གོམས་གཤིས་ཆགས།།
སེམས་གཞོན་པའི་ལས་ལ་དགའ་ན་ཡང་།།
ལུས་རྒས་པས་གནར་འདི་བཟློག་མི་ཐུབ།།
བོད་གསོ་རིག་གི་བསྟན་པ་དར་རྒྱུ་ན།།
ང་ལས་རླུང་ཤི་ཡང་མི་འགྱོད་ཀྱང་།།
ང་འཆི་བའི་ཉིན་ཡང་ལྷ་རྗེ་ཚོ།།
ནང་མཐུན་འབྲེལ་མེད་ན་སྐྱོ་བ་ལ།།