བན་དེ་སྐྱབས།
ཕྱི་ཟླ་ ༩ པའི་ཚེས ༢༠ ཉིན་གྷ་ཌ་ཧྥེ་དམར་གསོད་བྱས་པའི་དོན་རྐྱེན་དེས། རྒྱལ་སྤྱིའི་སྤྱི་ཚོགས་ལ་འདས་པའི་ལོ་ངོ་ ༤༢ རིང་གི་གྷ་ཌ་ཧྥེའི་སྲིད་དབང་སྐྱོང་སྟངས་དང་། མི་གཤིས། རྒྱལ་སྤྱིའི་སྡིངས་ཆའི་སྟེང་གི་ཤུགས་རྐྱེན། སྲིད་དབང་སྒེར་འཛིན་པ་ཁོང་གི་ལངས་ཕྱོགས་བཅས་ལ་དོ་སྣང་འཕར་མ་ཞིག་བྱེད་དུ་བཅུག་ཡོད།
གྷ་ཌ་ཧྥེ་དམར་གསོད།
ཕྱི་ཚེས་༢༠ ཉིན་ལེ་བྷེ་ཡའི་སར་ཊེ་ (Sirte) ས་གནས་ཀྱི་ས་འོག་ཆུ་ཡུར་སྦུབས་ལམ་ཞིག་ཏུ། གྷ་ཌ་ཧྥེ་སྦེད་སྐུང་བྱས་ཡོད་པ་གྱེན་ལངས་དྲག་ཆས་དམག་གིས་འཛིན་བཟུང་དམར་གསོད་བཏང་ཡོད་ཅིང་། ཁོང་དམར་གསོད་བཏང་པའི་ཐད་གླེང་གཞི་སྣ་ཚོགས་བྱུང་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གིས་ཞིབ་བཤེར་བྱ་དགོས་པའི་གནོན་ཤུགས་རིམ་པར་སླེབས་སྟབས། ཟླ་ ༩ ཚེས་ ༢༧ ཉིན་བར་བརྒལ་གཞུང་གིས། གྷ་ཌ་ཧྥེའི་འཆི་རྐྱེན་ལ་ཞིབ་བཤེར་བྱེད་བཞིན་པ་དང་། ཁོང་གསོད་མཁན་ལག་དམར་ཁ་གསལ་བྱུང་རྗེས་ཁྲིམས་ཐོག་ནས་ཞིབ་བཤེར་ཐག་གཅོད་བྱ་རྒྱུའི་གསལ་བསྒྲགས་བསྐྱངས། གནད་དོན་དེ་དང་འབྲེལ་ཏེ་ཕྱི་ཚེས་ ༢༦ ཉིན་རཱ་ཤི་ཡའི་སྲིད་བློན་པུ་ཊེན་(Vladimir Putin) གྱིས། གྷ་ཌ་ཧྥེ་དམར་གསོད་བཏང་པ་དང་ཁོང་གི་ལུས་ཡོངས་ཁྲག་གིས་ཁེངས་པ་སོགས་རྒྱལ་སྤྱིའི་གསར་ལམ་ཁག་ནས་བསྐྱར་སྟོན་ཡང་སྟོན་བྱས་པ་དེ། རྒྱལ་སྤྱིའི་གསར་ལམ་ཁག་གི་ཐལ་ཆ་ཆེ་བའི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད།
གྷ་ཌ་ཧྥེ་དམར་གསོད་བཏང་པའི་གནས་ཚུལ་བསྒྲགས་སྐབས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་། དབྱིན་ཇིའི་སྲིད་བློན་ཁ་མེ་རོན་(David Cameron)། རྒྱལ་ཚོགས་དྲུང་ཆེ་བྷན་ཁེ་མོན་སོགས་ཀྱིས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། གྷ་ཌ་ཧྥེ་བསད་པ་དེ་ལེ་བྷེ་ཡའི་སྲིད་དབང་སྒེར་གཞུང་མཇུག་སྒྲིལ་ཏེ། མི་མང་ལ་རང་དབང་དང་དམངས་གཙོ། ཞི་བདེ་ཡོང་རྒྱུར་རེ་བ་གསར་པ་ཞིག་སླེབས་ཤིང་། མ་འོངས་པར་རྒྱལ་སྤྱི་དང་མང་ཚོགས་ཀྱི་རྒྱབ་སྐྱོར་འོག་གཞུང་གསར་པ་བཙུགས་ཏེ། དམངས་གཙོའི་འོས་བསྡུའི་ལམ་ནས་མགོ་འཁྲིད་གསར་པ་བསླེབ་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་བསྒྲགས་གཏམ་སྤེལ་ཡོད་ལ། ཨོ་བྷ་མས་ “ལོ་བཅུ་ཕྲག་བཞིའི་དྲག་སྤྱོད་སྒེར་འཛིན་གཞུང་དང་ཟླ་བརྒྱད་རིང་གི་མི་གསོད་ཁྲག་སྦྱོར་གྱི་ཟིང་འཁྲུག་བྱུང་རྗེས་ཀྱི་དེ་རིང་། ལེ་བྷེ་ཡའི་མི་མང་གིས་རང་དབང་ཐོབ་པའི་དགའ་སྟོན་དང་། དུས་བབ་གསར་པ་ཞིག་གི་མདུན་བསུ་རྒྱུའི་དམ་བཅའ་འཛིན་དགོས” ཞེས་བསྒྲགས་ཡོད།
གྷ་ཌ་ཧྥེའི་ནང་མི་དང་ཁྲིམས་རྩོད་པས་ཎ་ཊོའམ་ནུབ་རྒྱ་མཚོའི་མནའ་མཐུན་ལྷན་ཚོགས་ཀྱིས་དམག་འཐབ་དོན་རྐྱེན་སློངས་ཏེ། གྷ་ཌ་ཧྥེ་འཆི་ལམ་དུ་དེད་པའི་ཉེས་མིང་འོག རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་གཏུག་བཤེར་བྱ་རྒྱུ་ཡིན་འདུག་ལ། ཁྲིམས་རྩོམ་པ་མཱར་སལ་(Marcel Ceccaldi) ཞེས་པ་ནི་ཧྥ་རན་སིའི་ཁྲིམས་རྩོད་པ་ཞིག་དང་དེ་སྔོན་གྷ་ཌ་ཧྥེའི་དབང་འཛིན་གཞུང་ལ་ལས་ཀ་བྱས་མྱོང་ཞིང་། ཐེངས་འདིར་གྷ་ཌ་ཧྥེའི་ནང་མིའི་འཐུས་ཚབ་བྱས་ཏེ་ཁྲིམས་གཏུག་བྱེད་ཀྱི་ཡོད་པ་རེད།
ལེ་བྷེ་ཡའི་ཟིང་འཁྲུག་གི་རྒྱུ་རྐྱེན།
འདས་པའི་ལོ་ ༤༢ རིང་གྷ་ཌ་ཧྥེ་ཡིས་རང་ཉིད་ཀྱི་དབང་ཤེད་འོག་ལེ་བྷེ་ཡར་དབང་འཛིན་བྱས་པ་དང་། སློབ་མ་ཚོར་བཙན་ཤུགས་འོག་ཁོང་གི་དཔེ་དེབ་ལྗང་ཁུའི་དགོངས་དོན་ལྟར་ཆབ་སྲིད་སློབ་སྦྱོང་བྱེད་བཅུག་པ། ཆབ་སྲིད་ཚོགས་པར་དམ་དྲག་དང་སྒོ་བརྒྱབ་པ། གཞུང་གི་སྲིད་ཇུས་ལ་ཐེར་འདོན་བྱེད་མཁན་རྣམས་བཙོན་འཇུག་མནར་གཅོད་དང་། ཊོའུ་ནེ་ཤི་དང་ཨེ་ཇིབ་གསར་བརྗེ་བྱུང་རྗེས་ལེ་བྷེ་ཡའི་མི་མང་གིས་གསར་བརྗེ་ངོ་རྒོལ་བྱས་པར་དྲག་གནོན་ཚབས་ཆེན་བྱས་པ་བཅས་ལ་བརྟེན། མི་མང་གིས་གྱེན་ལངས་ངོ་རྒོལ་བྱས་པར་བསྒྲགས་ཡོད་ཀྱང་། དོན་དངོས་ཐོག་གྷ་ཌ་ཧྥེ་ལ་རྒྱབ་འགལ་བྱེད་མཁན་ཤོག་ཁག་ཉུང་ཤས་ཤིག་གིས་མི་མང་ལ་སྐུལ་སློང་དང་། གཞུང་གསར་པ་ཁྱབ་བསྒྲགས་བྱས་པའི་གོ་སྐབས་དང་བསྟུན་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་གོ་སྐབས་དམ་འཛིན་གྱིས་རྒྱབ་སྐྱོར་དང་ཐེས་ཇུས་བྱེད་མགོ་བརྩམས་ཡོད་པ་རེད།
རྒྱུ་རྐྱེན་དངོས་ནི། རྒྱལ་སྤྱིའི་རོགས་དངུལ་འོག་ལེ་བྷེ་ཡའི་གཞུང་གིས་མི་མང་སྡོད་ཁང་འཛུགས་སྐྲུན་བྱ་རྒྱུའི་གྲོས་དོན་ཞིག་འགོར་འགྱངས་བྱུང་བར། ད་ལོའི་ལོ་མགོར་ས་ཁུལ་ཁག་ཅིག་ཏུ་ངོ་རྒོལ་བྱས་པར་གཞུང་གིས་དྲག་གནོན་བྱས་ཡོད། སྐབས་དེར་ཇཱ་མལ་(Jamal al-Hajji) ཟེར་པའི་རྩོམ་པ་བོ་ཞིག་གིས་དྲ་ཐོག་བརྒྱུད་མང་ཚོགས་ལ་ལེ་བྷེ་ཡའི་རང་དབང་ཆེད་གྱེན་ལངས་ངོ་རྒོལ་བྱ་དགོས་པའི་འབོད་སྐུལ་ཞུས་རྐྱེན། ཁོང་འཛིན་བཟུང་བྱས་པ་དང་། དེའི་རྗེས་ཕྱི་ཟླ་ ༢ ཚེས་ ༡༥ ཉིན་ལེ་བྷེ་ཡའི་གྲོང་ཁྱེར་བྷན་གྷ་ཛེ་ Benghazi རུ་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཧྥ་ཐེ་(Fathi Terbil) འཛིན་བཟུང་བྱས་པ་བཅས་ཀྱི་ཐད། མང་ཚོགས་ཀྱིས་ངོ་རྒོལ་བྱས་པར་གཞུང་དམག་གིས་དྲག་གནོན་བྱས་པ་ནས་དངོས་སུ་འདི་ལོའི་ལེ་བྷེ་ཡའི་ཟིང་འཁྲུག་གྱེན་ལངས་མགོ་ཚུགས་པ་ཞིག་ཡིན་ལ། ལྷག་པར་དུ་ཆུ་སྣ་རྡོལ་ཕྱོགས་དང་རླུང་གི་རྒྱུ་ཕྱོགས་ཟེར་པ་ལྟར། ཏོའུ་ནེ་ཤི་ཡ་དང་ཨི་ཇེབ་གྱེན་ལངས་ལ་རྒྱལ་ཁ་ཐོབ་པ་དེས་ལེ་བྷེ་ཡའི་མི་མང་ལ་རེ་བའི་མེ་སྟག་བསྒྲོན་ཡོད་པ་ཞིགས་ཆགས་ཡོད།
རྒྱལ་སྤྱིའི་སྟེང་གི་གྷ་ཌ་ཧྥེའི་ཤུགས་རྐྱེན།
གྷ་ཌ་ཧྥེ་ཡིས་མི་ལོ་ ༤༢ རིང་ཡུལ་མི་ས་ཡ་ ༦ ལས་གྲུབ་པའི་ལེ་བྷེ་ཡ་རྒྱལ་ཁབ་ལ་དབང་བསྒྱུར་བྱས་རིང་། ཁོང་ནི་གཏུམ་དྲག་ཅན་གྱི་སྲིང་དབང་སྒེར་སྤྱོད་པ་ཞིག་ཡིན་པའི་སྐྱོན་བརྗོད་དང་། རྣམ་དཔྱོད་ལྡན་པའི་མགོ་ཁྲིད་ཅིག་ཏུ་ངོས་འཛིན་བྱེད་མཁན་གཉིས་ཀ་ཡོད་ལ། ཁོང་གི་མི་ཚེ་ནི་གསར་བརྗེ་བ་ཆེན་མོ་ཞིག་ནས་རིམ་བཞིན་རྒྱལ་སྤྱིའི་ཉེས་ཅན་དང་། ཐབས་ཇུས་བློ་འདོན་པའི་དཔུང་ཁག་ནས་བསྐྱར་དུ་ཉེས་ཅན་དུ་གྱུར་ཡོད། གྷ་ཌ་ཧྥེ་ནི་ཨ་རབ་གླིང་དང་ཨ་ཧྥི་ཀ་གླིང་གི་ཆིག་སྒྲིལ་དང་ཆབ་སྲིད་དཔལ་འབྱོར་རིགས་གསུམ། གསར་བརྗེ་སོགས་ཀྱི་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་མཁན་ཞིག་ཆགས་ཡོད།
འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨ་རབ་གླིང་དང་ཨ་ཧྥི་རི་ཀ་གླིང་གི་རྡོ་སྣུམ་དང་ས་སྣུམ་སོགས་གཏེར་དངོས་ཐོན་རྫས་རིགས་ནུབ་ཕྱོགས་པའི་སྟངས་འཛིན་འོག་ཤོར་ཡོད་སྟབས། བདུན་ཅུ་དོན་གྲངས་ནང་ཁོང་གིས་ལེ་བྷེ་ཡ་ཚུད་པའི་དཀྱིལ་ཤར་ཡུལ་གྱི་རྡོ་སྣུམ་ཐོན་སྐྱེད་ཚོང་ལས་རིགས་ནུབ་ཕྱོགས་པའི་དབང་སྒྱུར་ལས་ཕྱིར་འཐེན་དང་། རྒྱལ་ཁོངས་ཐོན་ལས་ཅན་དུ་བསྒྱུར་སྐབས་ཕྱི་ཕྱོགས་སྣུམ་འདྲེན་བཟོ་ལས་ཁག་གིས་གནོན་ཤུགས་དང་ངོས་ལེན་མ་བྱས་པར་ཁོས། “ལོ་ངོ་ ༥༠༠༠ རིང་སྣུམ་མེད་པར་མི་རྣམས་གནས་ཐུབ་ཡོད་པས། ང་ཚོའི་བཟོ་ལས་ཐོན་སྐྱེད་ཁྲིམས་མཐུན་དང་སྲ་བརྟན་བཟོ་བའི་དུས་ཡིན་ལོ་འགའི་རིང་གནས་མ་ཐུབ་པ་མེད།” ཅེས་བརྗོད་ཡོད་འདུག་ལ། རིམ་བཞིན་ཨ་རབ་དང་ཨ་ཧྥི་རི་ཀ་གླིང་གི་རྒྱལ་ཁབ་དག་གིས་ཀྱང་ཁོང་གི་སྲིད་ཇུས་ལག་བསྟར་བྱས་ཏེ་སོ་སོའི་ཐོན་རྫས་སོ་སོའི་ཐོན་སྐྱེད་ཚོང་སྒྱུར་བྱེད་མགོ་བརྩམས་པ་རེད། དེ་བཞིན་རྒྱལ་ཁབ་ ༥༤ ལས་གྲུབ་པའི་ཨ་ཧྥི་རི་ཀ་མཉམ་འབྲེལ་མཐུན་ཚོགས་གསར་འཛུགས་ཀྱི་བློ་འདོད་པ་ཡང་ཁོང་ཆགས་ཡོད།
༢༠༠༩ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་ཁོས་གཏམ་བཤད་སྤེལ་སྐབས། ཚོགས་ཞུགས་པ་ཚང་ལ་ཧ་ལས་སུ་བཅུག་ཡོད་པ་མ་ཟད། རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ནི་དྲག་སྤྱོད་རིང་ལུགས་པ་དང་གཅིག་མཚུངས་ཡིན་པའི་སྐྱོན་བརྗོད་ཐོག རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཡིག་ཆ་རྩབ་རལ་དུ་བཏང་སྟེ། ཨ་ཧྥི་རི་ཀའི་རྒྱལ་ཁབ་དག་འཕེལ་རྒྱས་འགྲོ་མ་ཐུབ་པའི་རྒྱུ་རྐྱེན་གཅིག་དེ་སྔོན་བཙན་འཛུལ་པ་དག་གིས་བཤུ་གཞོག་བྱ་རྒྱུ་ཐལ་ཆེ་པའི་ཡིན་སྟབས་བཙན་འཛུལ་བྱེད་མཁན་དག་གིས་ཨ་སྒོར་ཐེར་ཆེན་ ༧།༧ གྱིས་ཁོང་ཚོར་གུན་གསབ་སྤྲོད་དགོས་སྐོར་བརྗོད་པ་སོགས་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།
ལེ་བྷེ་ཡའི་ཟིང་འཁྲུག་ལ་རྒྱལ་སྤྱིའི་དམག་གི་ཐེ་ཇུས།
འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༥ དོན་རྐྱེན་བྱུང་རྗེས་ཀྱི་ཚེས་ ༢༧ ཉིན་གྱེན་ལངས་ཤོག་ཁག་གིས་སྲིད་གཞུང་གསར་ (NTC) བཙུགས་བྱས་ཤིང་། མི་མང་ལ་སྐུལ་སློང་གིས་གྷ་ཌཱ་ཧྥེ་སྲིད་དབང་སྒེར་སྤྱོད་པ་མགོ་རྟིང་སློག་རྒྱུར་སྣེ་ཁྲིད་བྱས། གྱེན་ལངས་པའི་ཁྲོད་དགེ་རྒན་དང་སློབ་མ། བཟོ་ལས་པ། གཞུང་དམག་འོག་ནས་ཕྱིར་བུད་པའི་དམག་མི་སོགས་ཀྱིས་གྲུབ་ཡོད། ལེ་བྷེ་ཡའི་གྱེན་ལངས་མང་ཚོགས་སྟེང་གཞུང་གིས་དྲག་གནོན་ཚབས་ཆེན་བྱས་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག་གིས་སྐྱོན་བརྗོད་དང་དྲག་གནོན་མཚམས་འཇོག་དགོས་པའི་འབོད་སྐུལ་དང་གནོན་ཤུགས་རིམ་པར་སྤྲད་ཅིང་། མཐར་ཕྱི་ཟླ་ ༣ པའི་ཚེས་ ༡༧ ཉིན་ཐོག་མར་རྒྱལ་ཚོགས་ཀྱི་ཆོད་དོན་ལྟར་ལེ་བྷེ་ཡར་རྒྱལ་སྤྱིའི་གནམ་ཐང་གི་འབྲེལ་ཐག་གཅོད་རྒྱུ་དང་། དེ་ནས་རྒྱལ་ཚོགས་བདེ་འཇགས་དམག་དང་། རྒྱལ་ཁབ་ ༢༨ ལས་གྲུབ་པའི་ནུབ་རྒྱ་མཚོའི་མནའ་མཐུན་ཚོགས་པའམ་ཎ་ཊོ་ (Nato) མཉམ་འབྲེལ་དྲག་ཆས་དམག་དཔུང་བཏང་སྟེ། ལེ་བྷེ་ཡའི་མི་སེར་ལ་སྲུང་སྐྱོབ་ཅེས་པའི་མིང་ཐོག་ནས་གྱེན་ལངས་ཤོག་ཁག་ལ་མཚོན་ཆ་མཁོ་སྤྲོད་དང་དམག་སྤྱོང་སྤྲད་པ་མ་ཟད་མཁའ་དམག་དང་མཚོ་དམག། རྐང་གསུམ་དངོས་སུ་དྲག་འཐབ་ནང་ཞུགས་ཏེ་གྷ་ཌཱ་ཧྥེ་དང་ཁོའི་དམག་དཔུང་ཕམ་པར་བརྒྱབ་ཅིང་། གྷ་ཌ་ཧྥེ་དམར་གསོད་བཏང་པའི་ཉིན་ཐོག་མར་ཎ་ཊོ་དྲག་དམག་གིས་ཁོང་དང་ཁོང་གི་དམག་མིར་བཙན་འཐབ་བྱས་ཏེ་གྷ་ཌ་ཧྥེ་ལ་རྨས་སྐྱོན་བཟོས་རྗེས། འགྲོ་ས་ཐར་ས་མེད་པར་གྱུར་མཚམས་ཆུ་ཡུར་ཞིག་ཏུ་ཡུབ་སྐབས། གྱེན་ལངས་པ་མདུན་མཆོག་བྱས་བཅུག་ཡོད་པ་རེད།
རྒྱལ་སྤྱིའི་དམག་གི་ཐེས་ཇུས་ཐད་རཱ་ཤི་ཡ་དང་རྒྱ་ནག ལྷོ་ཨ་ཧྥི་རི་ཀ རྒྱ་གར། བྷར་ཛལ་བཅས་དང་། དེ་བཞིན་ཎ་ཊོ་མཐུན་ཚོགས་ཀྱི་རྒྱལ་ཁབ་མང་པོ་ཞིང་གིས་ཀྱང་ངོ་རྒོལ་བྱས་ཡོད་ན་ཡང་། ཧྥ་རན་སི་དང་ཨ་རི། དབྱིན་ཇི་སོགས་དངོས་སུ་གདོང་མཆོང་གིས་ལེ་བྷེ་ཡའི་རྒྱལ་ཁོངས་ཀྱི་གསར་བརྗེ་ཟིང་འཁྲུག་དེ་རྒྱལ་སྤྱི་རང་བཞིན་གྱི་དམག་འཐབ་ཅིག་ཏུ་བསྒྱུར་པ་རེད། ལེ་བྷེ་ཡའི་དམག་འཐབ་ཁྲོད་རྒྱལ་ཚོགས་བདེ་འཇགས་དམག་དཔུང་དང་ཎ་ཊོ་དམག་དཔུང་གི་དམག་མི་དང་མཚོན་ཆའི་བརྒྱ་ཆ་ ༤༠ ལྷག་ཨ་རིའི་ཡིན་ཞིང་། ཁྱོན་བསྡོམས་ཨ་སྒོར་ས་ཡ་བརྒྱ་ལྷག་གི་འགྲོ་གྲོན་བཏང་ཡོད་སྟབས། ཨ་རིའི་མང་ཚོགས་ཁྲོད་ངོ་རྒོལ་བྱུང་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་ནང་ཨ་རིའི་དམག་དཔུང་ལེ་བྷེ་ཡར་བཏང་པ་དེ་ཨ་རིའི་ཕྱི་འབྲེལ་དམག་དོན་སྲིད་ཇུས་ཀྱི་རྩ་ཁྲིམས་དང་འགལ་བཞིན་ཡོད་ཅེས་ཨོ་བྷ་མར་སྐྱོན་བརྗོད་ཤུགས་ཆེར་བྱུང་ཡོད།
ལེ་བྷེ་ཡའི་དོན་རྐྱེན་ཐད་མིག་གསུམ་པའི་ལྟ་སྟངས།
གྷ་ཌ་ཧྥེ་དམར་གསོད་བཏང་པའི་སྔ་རྗེས་སུ་ཁོང་གི་རྗེས་འབྲང་པ་མང་པོའི་ལག་གཉིས་རྒྱབ་ཏུ་བསྡམ་སྟེ་སྡེབ་གསོད་བྱས་པའི་བེམ་རོ་མང་པོ་རྙེད་སོན་བྱུང་སྟབས། འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་ཉེས་ཡང་ཚོགས་པ་སོགས་རང་དབང་ཅན་གྱི་སྡེ་ཚན་ཁག་གིས། དྲག་སྤྱོད་དང་དམར་གསོད་ནི་གྷ་ཌ་ཧྥེ་གཅིག་པུ་མིན་པར་གྱེན་ལངས་ཤོག་ཁག་དང་ཎ་ཊོའི་དམག་གི་ཕྱོགས་ནས་བྱུང་ཡོད་པའི་སྐྱོན་བརྗོད་དང་ཞིབ་བཤེར་བྱ་དགོས་སྐོར་བརྗོད་ཡོད།
ཟླ་ ༩ ཚེས ༡ ཉིན་ཧྥ་རན་སིའི་རྒྱལ་ས་པེ་རིས་(Paris) ནང་སཱར་ཁོ་ཛེའི་མགྲོན་འབོད་འོག་ལེ་བྷེ་ཡའི་གནད་དོན་ཐད་ རྒྱལ་སྤྱིའི་སྲིད་གཞུང་ ༦༠ ལྷག་གི་དབུ་ཁྲིད་དང་འཐུས་མི་ལྷན་འཛོམས་ཚོཊ་ཆེན་བསྡུས་སྐབས། དབྱིན་ཇིའི་ཏར་འཕྲིན་(Telegraph) གསར་ལམ་དུ། ལེ་བྷེ་ཡའི་གྱེན་ལངས་བར་བརྒལ་གཞུང་ལ་ངོས་ལེན་ཡོད་མེད་རྒྱལ་ཁབ་ཚང་མ་འཛོམས་ཏེ། ལེ་བྷེ་ཡའི་མ་འོངས་པའི་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་པའི་རྒྱབ་ལྗོངས་དམུགས་ཡུལ་ནི། ཨ་ཧྥི་རི་ཀ་གླིང་གི་རྡོ་སྣུབ་ཐོན་སྐྱེད་མང་ཤོས་ཡོད་པའི་རྒྱལ་ཁབ་འདིའི་རྡོ་སྣུམ་ལ་འགྲམ་ཆུ་ལྡིང་བཞིན་ཡོད་པ་ཞིག་ཡིན་པར་བཀོད་ཡོད་པ་དང། ཚོགས་ཆེན་གྱི་ཉིན་དེར་ཧྥ་རན་སིའི་རང་དབང་ཉིན་རེ་ཚགས་ཤོག་སྟེང་ཟླ་བཞི་བའི་ཚེས་ ༣ བཀོད་པའི་ཡི་གེ་ཞིག་པར་སྐྲུན་བྱས་པ་དེ་ལེ་བྷེ་ཡའི་གྱེན་ལངས་ཤོག་ཁག་གིས་ཧྥ་རན་སི་གཞུང་ལ་ཕུལ་པ་ཞིག་དང་། ཡི་གེ་དེར་ལེ་བྷེ་ཡའི་བར་རྒལ་གཞུང་ལ་ཧྥ་རན་སིས་རྒྱབ་སྐྱོར་བྱུང་པར་བཀའ་དྲིན་ཆེ་ཞུས་ཡོད་པ་དང་། རྗེས་ཕྱོགས་ལེ་བྷེ་ཡའི་རྡོ་སྣུམ་ཕྱིར་འདྲེན་གྱི་བརྒྱ་ཆ་ ༣༥ ཧྥ་རན་སིར་གཏོང་རྒྱུའི་ཁས་ལེན་བྱས་ཡོད་འདུག
ཨ་རབ་དང་ཨ་ཧྥི་རི་ཀ་གླིང་དུ་གྷ་ཌ་ཧྥེ་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པ་དང་། རྒྱལ་ཁབ་ ༥༤ ལས་གྲུབ་པའི་ཨ་ཧྥི་ཀ་མཉམ་འབྲེལ་མཐུན་ཚོགས་(African Union) ཀྱིས། ལེ་བྷེ་ཡའི་གྱེན་ལངས་གཞུང་ལ་ཁྲིམས་མཐུན་ངོས་ལེན་བྱས་མེད་པ་དང་། དེ་བཞིན་གྷ་ཧྥེའི་ནང་མི་དང་དཔོན་རིགས་མང་པོ་ཞིག་ཨལ་ཇེ་རེ་ཡ་(Algeria) དང་ནེ་ཇར (Niger) སོགས་ཨ་ཧྥི་རི་ཀའི་རྒྱལ་ཁབ་མང་པོའི་ནང་སྐྱབས་བཅོལ་སྣེ་ལེན་དང་སྲུང་སྐྱོབ་བྱེད་ཡོད་པ། ཨ་ཧྥི་རི་ཀ་ནུབ་མའི་གྷུ་ནེཡ་(Guinea Bissau) གཞུང་གིས། གྷ་ཌ་ཧྥེ་ཁོང་ཚོའི་རྒྱལ་ཁབ་ཏུ་སྐྱབས་བཅོལ་ལ་ཡོང་ཚེ། དགའ་བསུ་ཞུ་རྒྱུ་ཡིན་པར་བསྒྲགས་མྱོང་ཡོད་པ་དང་། ༢༠༠༨ ལོར་ཨ་ཧྥི་ཀའི་སྲོལ་རྒྱུན་དཔོན་རིགས་ཚོས་ཁོང་ལ་ “རྒྱལ་མང་གི་རྒྱལ་བོ”་(King of the Kings) ཞེས་ཆོ་ལོ་ཕུལ་པ། ནོར་སྦེ་ཞི་བདེ་གཟིངས་རྟགས་བཞེས་མཁན་ནེལ་སོན་མན་ཌེ་ལཱ་(Nelson Mandela) ཡིས་ཁོང་ལ་ “སྤུན་ཟླ་དབུ་ཁྲིད”་(Brother Leader) ཅེས་བརྗོད་ཡོད།
དེ་བཞིན་ལྷོ་ཨ་ཧྥི་རི་ཀའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་གྷུ་ཊོ་(Shadrack Ghutto) ཡིས་ “གྷ་ཌ་ཧྥེ་ཁོང་། ནུབ་ཕྱོགས་རྒྱལ་ཁབ་དག་གི་ཆབ་སྲིད་དང་དཔལ་འབྱོར་གྱི་དབང་ཤུགས་ལ་ཁ་གཏད་གཅོག་ནུས་པའི་རྒྱལ་ཁབ་ཨ་ཧྥི་རི་ཀའི་ནེ་ཇེ་རི་ཡ་དང་ལྷོ་ཨ་ཧྥི་རི་ཀ་ལྟ་བུའི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་སྐྱབས་བཅོལ་ལ་འགྲོ་ཐུབ་ན་ལེགས་ཤོས་ཡིན” ཞེས་བརྗོད་པ་སོགས་ལས། གྷ་ཌ་ཧྥེ་ནི་ཨ་རབ་དང་ཨ་ཧྤི་རི་ཀ་གླིང་གི་སྤྱི་ཚོགས་འཕེལ་རྒྱས་དང་། ཆིག་སྒྲིག་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་མཁན་གྱི་མི་བུ་ཞིག་དང་། ཨ་རི་དང་དབྱིན་ཇི། ཧྥ་རན་སི་སོགས་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་དག་ལ་ཁ་གཏད་གཅོག་མཁན་གྱི་དགྲ་ཟླ་ཞིག་ཆགས་ཡོད་པ་མངོན་ཡོད་ཅིང་། ཨ་ཧྥི་རི་ཀའི་དཔོན་རིགས་དང་དཔྱད་བརྗོད་པ་མང་པོ་ཞིག་གིས། གྷ་ཌ་ཧྥེ་ནི་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དབང་ཤུགས་ལས་ཨ་ཧྥི་རི་ཀ་དང་ཁ་ཆེ་ཆོས་ལུགས་སྲུང་སྐྱོབ་བྱེད་མཁན་གྱི་སྒོ་ཁྱི་ཞིག་དང་། ད་ལྟའི་ལེ་བྷེ་ཡའི་གྱེན་ལངས་གཞུང་གི་དཔོན་རིགས་རྣམས། ཁོང་ཚོའི་དབང་ཤུགས་ཨ་ཧྥི་རི་ཀ་དང་ཁ་ཆེ་ཆོས་ལུགས་ཀྱི་སྤྱི་ཚོགས་ཁྲོད་སླེབས་འཇུག་མཁན་གྱི་རྒྱུག་ཁྱི་བཅས་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག
ད་ལྟའི་གནས་བབ།
གྷ་ཌ་ཧྥེ་རྐྱེན་ལམ་དུ་བཏང་པ་དེས་ཕྱི་ཚུལ་ནས་ལེ་བྷེ་ཡའི་ཟིང་འཁྲུག་གི་མཇུག་སྒྲིལ་པའི་རྣམ་པ་ཞིག་ཆགས་ཡོད་ལ། གྱེན་ལངས་སྒྲིག་འཛུགས་གཞུང་གིས་གྷ་ཌ་ཧྥེ་བསད་རྗེས་རྒྱལ་ཡོངས་མི་མང་བཅིངས་འགྲོལ་ཐོབ་པའི་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། མི་འགྱངས་པར་སྲིད་གཞུང་གསར་པ་འཛུགས་རྒྱུ་དང་། མང་གཙོའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་སོགས་བྱས་ཡོད། ཨ་རི་དང་ཧྥ་རན་སི་སོགས་ཀྱིས་ལེ་བྷེ་ཡའི་གཞུང་གསར་པ་དང་མི་མང་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་ཡོད་པ་རེད། འོན་ཀྱང་། ད་དུང་གྷ་ཌ་ཧྥེའི་རྗེས་འབྲང་པས་ཟིང་ཆ་སློང་ཉེན་གྱི་འཇིགས་སྣང་དང་། དེ་བཞིན་གསར་བརྗེ་གྱེན་ལངས་པའི་ནང་ཁུལ་དུ་ཤོག་ཁག་དང་དབང་ཆའི་འཐབ་རྩོད། ཆབ་སྲིད་ལྟ་གྲུབ་མི་མཐུན་པའི་ཚོ་ཁག ཁ་ཆེ་རིང་ལུགས་པའི་ལྟ་གྲུབ་མཁྲེགས་འཛིན་བྱེད་མཁན། ཆོས་ལུགས་རིས་མེད་རིང་ལུགས་པ་སོགས་ཀྱི་ལྟ་བ་འཛིན་མཁན་སྣ་ཚོགས་ཡོད་སྟབས། ལེ་བྷེ་ཡའི་འབྱུང་འགྱུར་ནི་དཀའ་ངལ་རང་བཞིན་ཅན་གྱི་གནས་བབ་ཞིག་ཏུ་གྱུར་ཡོད་པས། གསར་བརྗེ་གཞུང་གིས་རྒྱལ་ཚོགས་དང་ཎ་ཊོའི་རོགས་དམག་མུ་མཐུད་གནས་དགོས་པའི་འབོད་སྐུལ་ཞུས་པར་ཁས་ལེན་བྱས་མེད། རྒྱལ་སྤྱིའི་དཔྱད་བརྗོད་པ་མང་པོ་ཞིག་གིས། ལེ་བྷེ་ཡར་ཎ་ཊོའི་དམག་གིས་ཐེས་ཇུས་བྱས་པ་དེ་སྣུམ་གྱི་ཆེད་དུ་ཡིན་སྟབས། མ་འོངས་པར་ལེ་བྷེ་ཡའི་ནང་དང་ཉེ་འཁོར་དུ་ནུབ་ཕྱོགས་པའི་དམག་གི་རྟེན་འཛུགས་རྒྱུ་དང་། ཨེ་རག་གི་གནས་བབ་ལྟར་ལེ་བྷེ་ཡའི་གཞུང་གསར་པའི་དབང་ཤུགས་གཞན་ལག་ཏུ་འཆོར་རྒྱུ་བཅས་ལ་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
ཊོའུ་ནེ་ཤི་ཡ་དང་ཨེ་ཇིབ་ནང་གི་གསར་བརྗེ་རྗེས་ཀྱི་དཀའ་རྙོག་རིགས་ལེ་བྷེ་ཡར་མི་འཕྲད་པའི་ཆེད་དུ། ལེ་བྷེ་ཡའི་མི་མང་གི་འཚོ་གནས་ཡར་རྒྱས་དང་སྲིད་གཞུང་གསར་འཛུགས་ཀྱི་བརྒྱུད་རིམ་ཚགས་ཚུད་ཡོང་རྒྱུར་དཔལ་འབྱོར་གྱི་རྒྱབ་རྟེན་དགོས་སྟབས། དེ་སྔའི་ལེ་བྷེ་ཡའི་ཕྱི་འབྲེལ་མ་དངུལ་ཨ་སྒོར་ཐེར་འབུམ་ ༥༣ ཙམ་རྒྱལ་ཁོངས་ཟིང་འཁྲུག་སྐབས་རྒྱལ་སྤྱིའི་དངུལ་ཁང་དང་། སྲིད་གཞུང་ཁག་གིས་བཀག་སྡོམ་བྱས་ཡོད་པ་ལས་གང་མགྱོགས་ཨ་སྒོར་ཐེར་འབུམ་ ༢།༥ ཙམ་ད་ལྟའི་གཞུང་གསར་པར་རོགས་འདེགས་སླད་ཕྱིར་སྤྲོད་བྱ་རྒྱུར་རེ་བ་བཏོན་པར། རྒྱལ་ཚོགས་ཀྱིས་ཨ་སྒོར་ས་ཡ་ ༥༠༠ ཙམ་མི་མང་བདེ་རྩ་ཁག་ལ་སྤྲོད་རྒྱུའི་ཁས་ལེན་བྱུང་ཡོད་མོད། དེའི་ནང་གི་ཨ་སྒོར་ཐེར་འབུམ་ ༡ ལྷོ་ཨ་ཧྥི་རི་ཀས་སྣེ་ཁྲིད་པའི་ཨ་ཧྥི་རི་ཀ་ཕྱོགས་ནས་མཁོ་གཏོང་བྱ་རྒྱུ་བྱུང་ཡོད་པ་ད་ཆར་བཀག་ཡོད་ཅིང་། དེ་ནི་ཨ་ཧྥི་རི་ཀ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལམ་སྟོན་དགོས་སྐོར་བརྗོད་ཡོད་འདུག
རྒྱལ་སྤྱིའི་གསར་ལམ་ནས་མ་བསྒྲགས་པའི་དོན་དངོས་འགའ།
གྷ་ཌ་ཧྥེའི་སྲིད་གཞུང་སྐབས། གཞུང་གིས་ཡུལ་མི་ལ་སྐྱེ་ཀ་མེད་པར་བུ་ལོན་སྤྲོད་ཀྱི་ཡོད་འདུག གཞུང་གི་སྲིད་ཇུས་ནང་མི་མང་ཚང་མར་ཤེས་ཡོན་དང་འཕྲོད་བསྟེན་རིན་མེད་ཡིན་པའི་མ་ཚོར་གླ་ཕོགས་སྤྲོད་པ། འཛམ་གླིང་རྒྱལ་ཁབ་གང་སར་སློབ་སྦྱོང་ཆེད་སྐྱོད་ཆོག་པའི་ལམ་ཁ་བཟོས་ཡོད་པའི་ཁར་སློན་ཡོན་དང་སྡོད་གནས་སོགས་ཀྱི་མཐུན་རྐྱེན་སྦྱོར་པ། སློབ་མཐར་ཕྱིན་པའི་ལས་མེད་ཚོར་ལས་ཀ་མ་རག་པར་གཞུང་གིས་འཚོ་བའི་མཐུན་རྐྱེན་སྦྱོར་པ། གཉེན་སྒྲིག་བྱེད་ཚེ་རིན་མེད་སྡོད་ཁང་གི་མཐུན་རྐྱེན་ཡོད་པ། རླངས་འཁོར་རིགས་བཟོ་གྲྭའི་རིན་བབ་ཐོག་ཉོ་ཐུབ་པ། ཡུལ་མིའི་བརྒྱ་ཆ་ ༢༥ སློབ་གྲྭ་ཆེ་མོ་ཐོན་མཁན་ཆགས་ཡོད། ཟིང་འཁྲུག་མ་བྱུང་པར་དུ་ལེ་བྷེ་ཡའི་ནང་སློང་མོ་བྱེད་མཁན་དང་སྡོད་ཁང་མེད་པར་ལྷག་མཁན་མེད་པ་སོགས་ནི་གྷ་ཌ་ཧྥེའི་གཞུང་གི་སྲིད་ཇུས་དང་གནས་བབ་ཞིག་ཆགས་ཡོད་པ་འདི་དག་ཨ་རིའི་སི་ཨན་ཨན་(CNN) དང་དབྱིན་ཇིའི་བྷི་བྷི་སི་(BBC) སོགས་གསར་ལམ་ཁག་ཏུ་བཀོད་མྱོང་མེད། དེ་བཞིན་ནུས་ཕྱོགས་རྒྱལ་ཁབ་ཁག་གིས་གྷ་ཌ་ཧྥེ་ལ་ཁ་གཏད་གཅོད་དགོས་པའི་རྒྱུ་རྐྱེན་གཞན་ཞིག་ནི། ད་སྔའི་ལེ་བྷེ་ཡ་གཞུང་གིས་ནུབ་ཕྱོགས་གཙོས་པའི་རྒྱལ་ཁབ་གཞན་ལ་རྡོ་སྣུམ་ཚོང་སྒྱུར་བྱེད་སྐབས་རིན་བབ་ལ་གསེར་སྤྲོད་དགོས་པ་ལས་ཨ་སྒོར་དང་ཡུ་སྒོར་སོགས་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། ཨ་རབ་རྒྱལ་ཁབ་གཞན་དག་ལ་ཡང་དེ་ལྟར་བྱ་དགོས་པའི་སྐུལ་སློང་བྱས་ཡོད་པ་རེད།
གྷ་ཌ་ཧྥེ་ནི་ ༡༩༤༢ ལོར་ལེ་བྷེ་ཡའི་སར་ཊེ་(Sirte) ས་ཁུལ་དུ་སྐྱེས་ཤིང་། མཐོ་སློབ་སྐབས་དམག་ལ་ཞུགས་ཏེ་དབྱིན་ཡུལ་ནས་དམག་སྤྱོང་བྱས་རྗེས་ཕྱིར་ལོག རང་ལོ་ ༢༧ སྟེང་ཁོང་གི་སྣེ་ཁྲིད་འོག་དམག་མིའི་གྱེན་ལངས་ཤོག་ཁག་བཙུགས་ཏེ། ༡༩༦༩ ལོར་ལེ་བྷེ་ཡའི་རྒྱལ་བོ་ཨའེ་ཌིརེ་སི་(Idris I) མཐའ་སྤྲོད་བཏང་པ་ནས་རིམ་བཞིན་གྷ་ཌ་ཧྥེ་ཁོང་ལེ་བྷ་ཡ་དང་ཨ་རབ་གླིང་བཅས་བརྒལ་ཞིང་། འཛམ་གླིང་གི་ཆབ་སྲིད་ལ་ཤུགས་རྐྱེན་སྤྲོད་མཁན་གྱི་མི་སྣ་ཞིག་ཏུ་གྱུར་པ་རེད། ཁོང་ལ་ཐོག་མར་སྐབས་དེའི་མིང་གྲགས་ཅན་ཨེ་ཇིབ་སྲིད་འཛིན་ནཱ་སར་(Gamal Abdul Nasser) གྱི་ལྟ་གྲུབ་ཐད་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅིང་། རྗེས་སུ་ལེ་བྷེ་ཡའི་མི་མང་ལ་ཁོ་རང་ཉིད་ཀྱི་ཆབ་སྲིད་ལམ་ལུགས་སྐོར་གྱི་དཔེ་དེབ་ལྗང་ཁུ་(Green Book) ཞེས་པ་ཞིག་བརྩམས་པ་དེ་ལ་འཇིག་རྟེན་ཆབ་སྲིད་གཞུང་ལུགས་གསུམ་པ་ (The third universal theory) ཞེས་གྲགས་ཤིང་། ཆབ་སྲིད་ལམ་ལུགས་དེ་ནི་སློབ་དཔོན་པི་ལཱ་ཊོ་(Plato) ཡི་མ་རྩ་རིང་ལུགས་དང་མཱ་ཁེ་སི་(Karl Marx) ཡི་སྤྱི་ཚོགས་རིང་ལུགས་གཉིས་ལས་བརྒལ་པའི་ཆབ་སྲིད་ལམ་ལུགས་ཤིག་ཏུ་ངོས་འཛིན་བྱེད་མཁན་ཆབ་སྲིད་པ་མང་པོ་བྱུང་ཡོད་པ་རེད།
གྷ་ཌ་ཧྥེའི་བུ་གསུམ་ཟིང་འཁྲུག་ཁྲོད་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། ད་ལྟ་རང་ལོ་ ༦༠ སོན་པ་སྐྱེས་དམན་སཱ་ཧྥེ་ཡ་(Safiya) དང་། བུ་བོུ་ ༦ ཨལ་ཇེ་རེ་ཡ་སོགས་སུ་བྲོས་བྱོལ་དུ་གནས་ཡོད་འདུག
རྡོ་སྣུམ་གྱི་རིན་འབབ་ལ་གསེར་སྤྲོད་དགོས་པའི་ལམ་ལུགས་དེ་ནི་དེ་སྔ་ཡིད་ལ་འཆར་མ་མྱོང་བའི་ཐབས་ཤེས་ཤིག་རེད།
དོན་དག་གཅིག་ཀྱང་མེད་པའི་ཁ་བྱང་ཞིག ཁ་བྱང་འདི་མཐོང་སྐབས་ང་ལ་ཚོར་བ་གང་ཡང་བསླེབས་མ་སོང་། བསྐྱར་དུ་ཐེངས་གཅིག་བཀླགས་པ་ཡིན། སྔར་བཞིན་གོ་རྒྱུ་མི་འདུག གང་ལྟར། གྷ་ཌ་ཧྥེ་ཡའི་མཛད་རྣམ་རྩོམ་པ་པོ་བན་ཏེ་སྐྱབས་ཟེར་བ་འདི་བྱིས་པ་ཡི་གཤིས་ཀ་ཞིག་ཡོད་པ་རྩོམ་ཡིག་འདིའི་མགོ་ནས་ཐིག་ཕྲེང་གཅིག་གཉིས་ཤིག་ཀློག་མ་རྟོགས་ཐུབ་སོང་། དེ་ནས་བཀླག་འདོད་མ་སོང་།
འགྲེལ་འགྲོ་བཀའ་བའི་ཁ་བྱང་དེ་གཅིག་མཐོང་རྗེས། ཀློག་འདོད་མ་སོང་། དགོངས་དག།
དུས་བབ་ནས་ཐེངས་གཅིག་བཀླགས་པ་ཡིན། འདིར་གྲ་ཇེ་རྒྱས་སུ་བཏང་སྟེ་མགོ་ཇེ་ཉོག་ཏུ་བཏང་འདུག མ་གཞི་ང་རང་གསར་འགྱུར་འདིའི་རིགས་ལ་དགའ་བོ་ཡོད། འོན་ཀྱང་བནྡེ་སྐྱབས་ཀྱིས་འབྲི་སྟངས་འཁྲུག་འདུག མར་ཀློག་གིན་ཀློག་གིན་རྩོམ་པ་པོས་ཅི་ཞིག་འབྲི་བཞིན་ཡོད་པ་ཁོ་རང་གིས་ཀྱང་ཤེས་ཀྱི་མེད་པ་འདྲ་བོ་ཞིག་ལ་མཐོང་སོང་། སྤྱི་ཚེས་ 25 ཉིན་འཇཱར་མན་གྱི་༼ གཟའ་ཉི་མའི་གླེང་སྟེགས ༽ ཞེས་པའི་དྲ་ཚིགས་སུ་<>ཞེས་པའི་དཔྱད་གཏམ་ཡོད་པར་སློབ་སྦྱོང་བྱོས་དང་། དཔྱད་གཏམ་གྱི་ནང་དོན་དེ་འདྲ་ཞིག་འབྲི་དཀའ་ཡང་། དཔྱད་ཞིབ་བྱ་སྟངས་དེ་འདྲ་ཞིག་ཡོང་མ་ཐུབ་པ་ཡོད་པ་མ་རེད།
དངོས་གནས་རྒྱུས་ལོན་དང་ཞིབ་འཇུགས་ཡག་པོ་བྱས་འདུག མུ་མཐུད་དཔྱད་རྩོམ་འདི་འདྲ་སྤེལ་ཡོང་པའི་རེ་སྐུལ་ཞུ།
རྩོམ་ཡིག་འདི་ནི་ནུབ་ཕྱོགས་པའི་གསར་ལམ་ཁག་ནས་ཐོན་པའི་གནས་ཚུལ་དང་མི་འདྲ་པར། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཧམ་པ་དང་གྷ་ཌ་ཧྥེའི་ནུས་པ་གསལ་འདོད་བྱས་འདུག རྣམ་པ་གསར་པ་ཞིག་རེད།
དངོས་ནས་ང་ཚོ་བོད་པ་ཚང་ལ་གྷ་ཌ་ཧྤེ་འདྲ་བོ་ཁ་ཤས་ཤིག་ཡོད་ན་ཅི་མ་རུང་། རྒྱ་ནག་འུ་ཐུག་དགོས་པ་ཞིག་བཟོ་ཐུབ་ངེས་རེད།
རང་ཤེད་ཆེ་ན་རང་སྲོག་ཤོར། །
ག་ཐ་ཕི་ཡི་ལོ་རྒྱུས་བཞིན། །
གྷ་དཱ་ཧྥི་ནི་དྲག་པོའི་སྲིད་དབང་སྒེར་འཛིན་པ་ཞིག་ཡིན་ཡང་མི་འདི་ལ་ཁྱད་ཆོས་གཅིག་ཡོད་པ་ནི་། ནུབ་ཕྱོགས་དང་ཨ་རི་སོགས་ལ་མགོ་རྩ་བ་ནས་མི་བགུར་མཁན་གྱི་དཔའ་བོ་ཞིག་ཀྱང་རེད། ཁོས་སྔ་ལོ་རྒྱལ་ཚོགས་སྐབས་དུས་ཡུན་གཏམ་བཤད་སྐརྨ་གསུམ་བཅུ་ལས་མེད་ཀྱང་སྐརྨ་དགུ་བཅུ་བཤད་ནས་ཚོགས་ཞུགས་པ་ཚང་མ་ཉོབ་དགོས་པ་བཟོས་ཡོད། ཉེ་འཆར་ཁོང་དམར་གསོད་སྐབས་གྱེན་ལངས་པ་ཚོས་མི་ཆོས་ལས་འདས་པའི་དམར་གསོད་དོན་རྐྱེན་འདིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྱེན་ལོག་ཤོག་ཁག་དང་གཞུང་གསར་པའི་གྲ་སྒྲིག་ཚོགས་པའི་ངོས་ནས་འགྲོ་མིའི་འཐོབ་ཐང་ལ་རྩི་བསྲུང་བྱེད་རྒྱུའི་ཁས་ལེན་ལས་འགལ་ཡོད་ཚུལ་གྱི་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་པ་རེད། མ་གཞི་ཁ་ཆེ་རིགས་འདི་ཚོ་གཏུམ་དྲག་ཆེ་བ་ལ་དཔེར་ན། གྷ་དཱ་ཧྥི་དང་མི་དམངས་གྱེན་ལོག་པ་གཉིས་ཀ་དྲག་སྤྱོད་བྱེད་སྟངས་གཅིག་པ་གཅིག་རྐྱང་རེད་འདུག། ཁོང་དམར་གསོད་གཏོང་སྟངས་ལ་གཅིག་བལྟོས་དང་། ང་ནི་ཡིད་སྐྱོ་སོང་། འོན་ཀྱང་སྲིད་དབང་སྒེར་གཅོད་པ་ཚོར་བརྡ་ལན་ཞིག་སྤྲད་ཡོད་ཚོད་ཡིན།
ཉོག་གཏམ་ཁོ་ན