བློ་བཟང་ལུང་རྟོགས་ཀྱིས་བསྒྱུར། ཨོ་གླིང་།
དམག་དཔུང་བཀག་སྐྱིལ་དང་དེའི་རྗེས་འབྲས།
ཨ་མེ་རི་ཀས་རྒྱ་ནག་སྐོར་ལ་གདམ་ཀ་བྱེད་དུས་གདམ་ཁ་དེ་དག་གིས་རང་ཉིད་ལ་ཉེན་ཁ་ག་རེ་སྤྲོད་ཀྱི་ཡོད་མེད་གསལ་བོར་ཤེས་རྒྱུ་དེ་ལས་གལ་འགངས་ཆེ་བ་གནད་དོན་ཞིག་མེད། རྒྱ་ནག་ཨེ་ཤེ་ཡའི་སྣེ་ཁྲིད་མཁན་དུ་འགྱུར་རྒྱུའི་ཉེན་ཁ་དེ་ཚང་མས་མཐོང་གསལ་རེད། རྒྱ་ནག་དེ་ཨ་རིའི་ཐབས་ཇུས་ཀྱི་འགྲན་རྩོད་པར་འགྱུར་རྒྱུའི་ཉེན་ཁ་ནི་དེ་ཙམ་གསལ་བོ་མེད། འོན་ཀྱང་། གནས་སྟངས་ནི་ཚབས་ཆེན་པོ་ཞིག་དང་ཚ་འདེད་གཏོང་བཞིན་པ་ཞིག་གི་ནང་དུ་ལྷུང་བཞིན་ཡོད། ཨེ་ཤེ་ཡའི་མངའ་ཁུལ་དུ་རང་ཉིད་ཀྱི་གནས་བབ་ཆེད་དུ་འགྲན་རྩོད་བྱེད་པ་དེ་ནི་འབྱུང་འགྱུར་གྱི་ཉེན་ཁ་ཞིག་མ་ཡིན་པར་དེ་ནི་ད་ལྟའི་དངོས་ཡོད་གནས་སྟངས་ཞིག་ཡིན། གནས་སྟངས་དེ་པེ་ཅིང་དང་ཝ་ཞོན་ཌོན་གཉིས་དབར་མཉམ་ལས་མི་བྱེད་པ་དང་། ཕྱོགས་གཉིས་ཐུན་མོང་གིས་སྟངས་འཛིན་བྱེད་མི་ཐུབ་པའི་ཚད་ལ་ད་དུང་སླེབས་མེད། འོན་ཀྱང་། རྒྱལ་ཁབ་གཉིས་ཀས་རང་ཉིད་ཀྱི་འགྲན་རྩོད་ཀྱི་གནས་བབས་ལ་ལེགས་བཅོས་གཏོང་བར་ཕྱོགས་གཉིས་ཀྱིས་དམག་དཔུང་དང་ཕྱི་འབྲེལ་གྱི་རྩ་དོན་གཙོ་བོར་འཛིན་གྱི་ཡོད། རང་ཉིད་ལ་ཁེ་ཕན་ཐོབ་ཆེད་ཕྱོགས་གཉིས་ཀས་འབྲེལ་བའི་གྲུབ་ཆ་གཙོ་བོ་སྟེ་མཉམ་ལས་ལ་གནོད་སྐྱོན་ཐེབས་པའི་ཉེན་ཁ་ཡང་བློས་གཏོང་ཚད་ཆེ་རུ་འགྲོ་བཞིན་ཡོད།
རྒྱ་ནག་ལ་མཚོན་ན་ཨ་མེ་རི་ཀ་ནི་ཁོང་ཚོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ལྟེ་བར་འཛིན་བཞིན་པ་འདི་གནས་ཚུལ་གསར་པ་གང་ཡང་མིན། ཕྱི་ལོ་༡༩༧༠ ནང་བཟུང་ཞི་བདེ་རྒྱ་མཚོའི་ནུབ་ཁུལ་དུ་ཨ་རིའི་དམག་དཔུང་གི་གནས་བབ་ཉམས་ཞན་དུ་གཏོང་བ་དང་དུས་མཚུངས་༡༩༩༦ ལོ་ནས་བཟུང་ཨ་རི་ནི་ཁོང་ཚོའི་བདེ་སྲུང་གི་གཙོར་དམིགས་སུ་བཟུང་ཡོད། གནས་ཚུལ་གསར་པ་ག་རེ་འདུག་ཟེར་ན། ད་ལྟའི་རྒྱ་ནག་གིས་ཨ་རིའི་ཁ་གཏད་དུ་ལངས་ནས། མངའ་ཁུལ་འདིའི་ནང་རང་ཉིད་ཀྱི་འགོ་གཙོའི་གནས་བབས་རྒྱ་བསྐྱེད་གཏོང་པའི་དམིགས་ཡུལ་གསལ་སྟོན་དང་དག་སྐྱེལ་བྱེད་འདོད་ཡོད་པ་དང་། དེ་ཡང་མངོན་གསལ་དོད་པོས་ཐོག་ཨ་མེ་རི་ཀར་གསལ་སྟོན་བྱེད་པ་དང་། རང་ཉིད་ཀྱིས་དེའི་མཇུག་འབྲས་ལ་འགན་ཁུར་གྱི་ཡིན་པའི་རྣམ་པ་སྟོན་བཞིན་ཡོད། དུས་སྐབས་ཞིག་ལ་རྒྱ་ནག་གིས་རང་ཉིད་ཡར་རྒྱས་ལ་འགྲོ་བཞིན་པའི་སྟོབས་ཤུགས་དང་། མངོན་འདོད་གཉིས་ཀ་ཕྱི་ལོགས་སུ་མངོན་གསལ་དོད་པོས་མི་སྟོན་པའི་ཐབས་ཤེས་བྱེད་རྒྱུའི་བློ་མཐུན་ཏིན་ཞོ་ཕིན་གྱི་སློབ་སྟོན་གྱི་རྗེས་སུ་འབྲང་ཡོད། འོན་ཀྱང་། ཕྱི་ལོ་༢༠༠༩ གཡས་གཡོན་ལ་འཛམ་གླིང་དཔལ་འབྱོར་ཉམས་རྒུད་དང་དུས་མཚུངས་སུ་གནད་དོན་མང་པོ་སྟེ། རྒྱལ་སྤྱིའི་དཔལ་འབྱོར་དང་མ་དངུལ་བྱ་བཞག འཛམ་གླིང་གོ་ལའི་གནམ་གཤིས་འགྱུར་ལྡོག ལྷོ་ཤར་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་བདག་འཛིན་སོགས་ཀྱི་ཐད་པེ་ཅིང་ཕྱོགས་ནས་རྩོད་ལེན་བྱེད་ཤུགས་ཆེ་རུ་ཕྱིན། ད་དུང་རྒྱ་ནག་ལ་གནད་འགག་དེ་ཙམ་མེད་ཀྱང་། རྒྱལ་སྤྱིའི་སྟེང་ཨ་མེ་རི་ཀའི་འགོ་གཙོའི་སྣང་བརྙན་ལ་གལ་འགངས་ཧ་ཅང་ཆེ་བའི་གནད་དོན་ཁག་གི་ཐོག་ཝ་ཞིན་ཌོན་ལ་ཉེན་ཁར་འཛེམས་མེད་ཀྱིས་ཁ་གཏད་བཅག་ཡོད། རྒྱ་ནག་གི་སྟོབས་ཤུགས་མདུན་དུ་ཨ་མེ་རི་ཀས་རང་ཉིད་ཀྱི་སྣང་བརྙན་ལ་གནོན་པའི་གནས་སྟངས་ཞིག་གི་འོག་ཕྱིར་ནུར་བྱེད་དགོས་པའི་གནས་སུ་བསྐྱལ་གྱི་ཡོད་པ་རེད།
ཨ་མེ་རི་ཀ་ཡིས་རྒྱ་ནག་ཕྱོགས་སུ་དམིགས་པ་གཏད་ནས་སྲིད་ཇུས་ཀྱི་ཁ་ཕྱོགས་བསྒྱུར་བཞིན་པ་འདི་གསར་བ་དང་མངོན་གསལ་དོད་པོ་ཞིག་རེད། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་རིང་ཨ་མེ་རི་ཀས་ཁ་ཆེ་དྲག་སྤྱོད་པ་(ALQAEDA) དང་། ཨ་ཧྥེ་རྒན། དཀྱིལ་ཤར་མངའ་ཁུལ་དུ་རིག་པ་མཐའ་གཅིག་ཏུ་སྒྲིམ་རྗེས། ཉེ་བའི་ལོ་ཤས་རིང་རྒྱ་ནག་དེ་སྲིད་ཇུས་ཀྱི་གཙོ་བོར་འཛིན་བཞིན་ཡོད་པ་མཐོང་ཐུབ། འདི་ནི་ཨོ་བྷ་མ་གཞུང་གི་གསལ་བསྒྲགས་རྣམས་དང་ཕྱག་ལས་གནང་སྟངས་ཁག་ལས་གསལ་བོར་མཐོང་ཐུབ་པར་མ་ཟད། དེ་དག་ལ་སྤྱི་མཐུན་ཚོགས་པ་སོགས་ཚུད་པའི་ཆབ་སྲིད་ཚོགས་པ་རྣམས་ཀྱི་ལན་འདེབས་བྱས་པའི་ནང་དུ་གསལ་ཡོད། ཕྱི་ལོ་༢༠༠༩ ཙམ་ནས། ཝ་ཞིན་ཌོན་གྱི་ཕྱོགས་ནས་རྒྱ་ནག་ནི་ཨ་མེ་རི་ཀའི་རྒྱལ་སྤྱིའི་གནས་བབས་ལ་ཉེན་ཚབས་ཆེ་ཤོས་སྤྲོད་མཁན་དེ་ཡིན་པ་དང་། ཉེན་ཁ་དེ་ལ་ལན་འདེབས་བྱེད་པར་ཕྱི་འབྲེལ་གལ་ཆེ་ཤོས་དང་ཐབས་ཇུས་ཀྱི་གཙོ་བོར་འཛིན་དགོས་པའི་བསམ་ཚུལ་གཅིག་མཐུན་བྱུང་ཡོད།
དྲག་པོའི་དམག་དཔུང་ངམ་བདེ་སྲུང་གི་ཁོར་ཡུག་དུ་ཡང་དེའི་སྐོར་ལ་འཁྲུལ་བ་མེད་ཅིང་། ཧ་ཅང་གསལ་བའི་ཐབས་ཇུས་ཀྱི་ཡིག་ཆའི་ནང་འཁོད་ཡོད་པར་མ་ཟད་ཨེ་ཤེ་ཡ་(ལྟེ་བར་)འཛིན་བའི་ཐབས་ཇུས་དེ་གལ་ཆེར་རྩིས་ཡོད། རྒྱུན་རིང་པོ་ཞིག་ལ་རྒྱ་ནག་གི་དམག་དཔུང་གི་བསྒྲུབ་བྱའི་ལས་དོན་གཙོ་བོ་ནི། ཨ་མེ་རི་ཀ་དང་མཉམ་དུ་དམག་འཁྲུག་རྒྱག་པའི་གྲ་སྒྲིག་བྱེད་རྒྱུ་དེ་རེད། ད་ལྟ་ཨ་རིའི་དམག་དཔུང་གི་བསྒྲུབ་བྱའི་ལས་འགུལ་གཙོ་བོ་ནི་རྒྱ་ནག་དང་མཉམ་དུ་དམག་འཁྲུག་རྒྱག་པའི་གྲ་སྒྲིག་བྱེད་རྒྱུ་དང་ཁོ་ཚོའི་དམིགས་ཡུལ་འགྲུབ་ཆེད་ཧུར་བརྩོན་ཆེན་པོ་བྱེད་ཀྱི་ཡོད།
ཨ་མེ་རི་ཀའི་ཕྱོགས་ནས་འགྲན་རྩོད་ཀྱི་ཚོར་ཤུགས་ཆེ་རུ་སོང་བའི་རྟགས་མཚན་གསལ་ཤོས་ནི་སྲིད་འཛིན་གཙོས་དབུ་ཁྲིད་རྣམས་ཀྱི་གསུང་བཤད་དང་ཁོང་གི་སྲིད་ཇུས་ཁག་དང་། དམག་དཔུང་གི་ངོས་ནས་(ལྟེ་བ)ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དུ་འཆར་འགོད་ཀྱི་སྒྲོམ་གཞི་གསར་བ་སྟེ། མངའ་ཁུལ་འདིར་དཔལ་འབྱོར་གཅིག་ལ་གཅིག་རྟེན་གྱི་འབྲེལ་བའི་ནང་རྒྱ་ནག་ཕྱོགས་ནས་ཨ་མེ་རི་ཀའི་ཆ་རྐྱེན་རྣམས་ཁས་ལེན་ཀྱིས་མཉམ་ཞུགས་བྱེད་འདོད་མ་བྱས་བར་དུ་ཁོངས་སུ་མི་འཇུག་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད།(CONTAINMENT ནང་དུ་ཤོང་པའམ་ཚུད་པ) དམག་དཔུང་བཀག་སྐྱིལ་ཟེར་བའི་ཚིག་འདི་ནི་ཨ་མེ་རི་ཀའི་ཕྱི་འབྲེལ་སྲིད་ཇུས་ནང་སྟོབས་ཤུགས་ཅན་དང་རྒྱབ་ལྗོངས་ཡོད་ཅིང་ཚོར་བ་དྲག་པོ་བརྗོད་ཚིག་ཅིག་ཡིན། ཉེ་བའི་ལོ་ཤས་རིང་ཨ་མེ་རི་ཀས་རྒྱ་ནག་ལ་དམིགས་པའི་སྲིད་ཇུས་འདིང་མཁན་ཚོས་ར་ཞི་ཡར་སྟངས་འཛིན་བྱས་པ་ལྟར་རྒྱ་ནག་ལ་སྟངས་འཛིན་བྱེད་ཐབས་གནང་གི་ཡོད་པའི་ངོས་ལེན་བྱེད་ཀྱི་མེད། སོ་ཝེའུ་ཡིག་ཉོན་(ར་ཞི་ཡ) དང་རྒྱ་ནག་གཉིས་ལ་ཁྱད་པར་མང་པོ་ཡོད། ད་དུང་གྲང་དམག་སྐབས་ཀྱི་ཨ་རི་དང་སོ་ཝེ་དབར་གྱི་འབྲེལ་བ་དང་ད་ལྟའི་ཨ་རྒྱ་བར་གྱི་འབྲེལ་བ་ལ་ཁྱད་པར་མང་པོ་ཡོད་པ་ལས་མངོན་གསལ་ཆེ་ཤོས་ནི། ཁོ་གཉིས་བར་དུ་རྩ་བའི་ལྟ་བའམ་རིང་ལུགས་ཀྱི་འགྲན་རྩོད་ཡོད་པ་མ་ཟད། དཔལ་འབྱོར་གྱི་འབྲེལ་བ་དམ་པོ་ཡོད། དེ་ལྟ་ནའང་། གཏིང་ཟབ་ས་ནས་འདྲ་མཚུངས་ཀྱི་རྣམ་པ་ཞིག་ཡོད་པ་གསལ་ནས་གསལ་རུ་འགྲོ་གི་ཡོད།
ཨ་རིའི་དམིགས་ཡུལ་ནི་ཨེ་ཤེ་ཡའི་སྒྲོམ་གཞིའི་ནང་ཤུགས་རྐྱེན་དང་དབང་ཆ་ཚད་ངེས་ཅན་ཞིག་རྒྱ་ནག་ལྷན་དུ་བགོ་བཤའ་རྒྱག་མི་དགོས་པ་ཞིག་ཡོང་བའི་ཐབས་ཤེས་བྱེད་པ་དང་དུས་མཚུངས། རང་ཉིད་ཀྱི་མངའ་ཁུལ་འདིའི་འགོ་གཙོ་ཡིན་པའི་གནས་བབས་ལ་འགྲན་རྩོད་མ་ཡོང་བ་ཞིག་བྱེད་རྒྱུ་དེ་རེད། དེ་འདྲའི་དམིགས་ཡུལ་འགྲུབ་པའི་ཆེད་རྒྱ་ནག་གི་ཐག་ཉེའི་རྒྱལ་ཁབ་རྣམས་ལ་དམག་དཔུང་། ཕྱི་འབྲེལ་གྱི་མཐུན་གྲོགས་བཟོས་ནས་འགོ་གཙོའི་གནས་བབས་རྒྱ་ནག་ཕྱོགས་སུ་མ་ཤོར་བའི་ཐབས་ཤེས་བྱེད་ཀྱི་ཡོད། འདི་ནི་ང་ལ་མཚོན་ན་སྟངས་འཛིན་འདྲ་བོ་མཐོང་གི་འདུག ང་ཚོས་ངེས་པར་འདྲི་དགོས་པའི་དྲི་བ་ནི། དེས་ཁ་ཕྱོགས་གང་དུ་ཁྲིད་ཀྱི་འདུག་གམ་ཟེར་བ་དེ་རེད།
དལ་བོའི་རྩོད་རྙོག
འབྱུང་སྲིད་པ་གཅིག་ནི་ཨ་རི་དང་རྒྱ་ནག་བར་གྱི་རྩོད་རྙོག་རིམ་བཞིན་འཕར་འགྱུར་འགྲོ་བ་དེ་རེད། གལ་སྲིད་འདི་མུ་མཐུད་བྱུང་བ་ཡིན་ན། རྒྱལ་ཁབ་གཉིས་ཕན་ཚུན་ཐབས་ཇུས་ཀྱི་དགྲ་ཟླར་མཐོང་ཤུགས་ཆེ་རུ་འགྲོ་གི་རེད། གནས་སྟངས་འདི་ཕྱོགས་ཁ་ཤས་ནས་མཚོན་ཐུབ། ཕྱོགས་གཉིས་ནས་དམག་དཔུང་རྒྱ་བསྐྱེད་ཐོག་ནུས་པ་འདོན་པ་དང་དེ་ལྟར་བྱེད་དགོས་དོན་ནི་རང་ཉིད་ལ་ཉེན་ཁ་ཡོད་ལུགས་ཤོད་ཀྱི་ཡོད་པ་རེད། འགྲན་རྩོད་བྱས་པའི་བརྒྱུད་རིམ་ནང་གནད་དོན་ཕྱོགས་གསུམ་པའམ་སྒྲོམ་གཞི་གསར་བ་ཞིག་སྐྲུན་བཞིན་པ་ནི། ཕྱོགས་གཉིས་ཀྱིས་རང་ཉིད་ཀྱི་དམིགས་ཡུལ་གཙོ་བོ་འགྲུབ་པར་འབྲེལ་བ་དེ་ཙམ་མེད་པའི་གནད་དོན་གཞན་པ་རྣམས་ལ་ཡང་གོ་སྐབས་སམ་གུ་ཡངས་མི་བྱེད་པ་དང་། རྒྱལ་ཁབ་གཞན་རྣམས་ཀྱང་མི་འདོད་བཞིན་དུ་རང་ཉིད་ཀྱི་མཐུན་ཕྱོགས་རྒྱལ་ཁབ་སུ་ཡིན་མིན་འདེམས་ཀ་བྱེད་དགོས་པར་འགྱུར། དུས་ཚོད་ཐུང་ངུ་ཞིག་གི་ནང་། གནས་སྟངས་འདི་ཨ་རི་དང་སོ་ཝེའི་(ར་ཞི་ཡ)་རང་རྒྱལ་གཞན་ཕམ་གྱི་འབྲེལ་ལམ་ལྟ་བུར་འགྱུར་བཞིན་པ་དེ་ཡིན།
ཁྱད་པར་ག་རེ་ཡོད་པ་རེད་ཟེར་ན། དམའ་མཐར་ཡང་ཨ་རྒྱ་གཉིས་དཔལ་འབྱོར་གཅིག་ལ་གཅིག་བརྟེན་དུ་གནས་རྒྱུ་ཡིན་པ་རེད། ཨ་རྒྱ་གཉིས་ལྟར་དཔལ་འབྱོར་གཅིག་ལ་གཅིག་བརྟེན་ཡིན་པ་གང་ཞིག་ལ་འགྲན་རྩོད་གཏིང་ཟབ་པོ་ཡོད་པ་དེ་འདྲ་ང་ཚོས་སྔོན་ཆད་མཐོང་མྱོང་མེད། རེ་བ་བཟང་ས་ནས་རྒྱག་མཁན་ཚོས་རྒྱབ་ཁབ་གཉིས་ཀྱི་སྲོག་རྩར་གྱུར་བའི་དཔལ་འབྱོར་གྱི་འབྲེལ་བ་སྲུང་སྐྱོབ་བྱེད་དགོས་པ་དེས་འཁྲུག་རྩོད་ཞི་འཇམ་དུ་གཏོང་གི་རེད་བསམ་གྱི་ཡོད། ལྷག་པར་དུ་འགོ་ཁྲིད་རྣམས་དང་མི་མང་རྣམས་དཔལ་འབྱོར་གྱི་མཇུག་འབྲས་ཚབས་ཆེན་གྱིས་གཉིད་ལས་མ་དཀྲོག་སྔོན་དུ་འགྲན་རྩོད་སློང་བའི་ཆབ་སྲིད་དང་སྲིད་བྱུས་མྱུར་ཚད་ཆེན་པོས་འཕེལ་བ་ཡིན་ན། ང་ཚོས་མཐོང་གསལ་ལྟར་གྲུབ་འབྲས་ཡོང་བའི་ངེས་པ་མེད།
གལ་སྲིད་དཔལ་འབྱོར་གཅིག་ལ་གཅིག་བརྟེན་གྱིས་འཁྲུག་རྩོད་འགོག་མ་ཐུབ་ཡིན་ན། འཁྲུག་རྩོད་དེས་རྐྱེན་པས་ཁོང་ཚོའི་དཔལ་འབྱོར་གྱི་འབྲེལ་བར་ཤུགས་རྐྱེན་བསམ་ཡུལ་ལས་འདས་པ་ཞིག་ཡོང་འགོ་ཚུགས་ཀྱི་རེད། དེ་འདྲ་ཡོང་བའི་དཔེ་མཚོན་ཙམ་བཞག་ན། འགྲན་རྩོད་ཀྱི་ཐབས་ཇུས་ནང་གལ་སྲིད་ཕྱོགས་གཅིག་གམ་ཕྱོགས་གཉིས་ཀྱིས་རང་ཉིད་ལ་རྒྱལ་ཁ་ཐོབ་པའམ་ཡང་ན་ཕམ་ཁ་མི་ཡོང་བའི་སྔོན་འགོག་ཆེད་དཔལ་འབྱོར་གོ་སྐབས་གཞན་ལ་མི་ཤོར་བའི་ཐབས་ཤེས་བྱེད་པ་དང་། ཡང་ན་འགྲན་རྩོད་ནང་ཕན་ཚུན་མ་རྩ་འཛུགས་པ་དང་ཚོང་ལས་བྱེད་པའི་ཐག་གཅོད་ལ་འགྱུར་བ་གཏོང་བའི་དུས་ཚོད་གཉན་འཕྲང་ཅན་ལ་སླེབས་སྲིད། གནས་སྟངས་དེ་འདྲ་བྱུང་བ་ཡིན་ན། རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ཁང་ཁག་ནས་རྒྱལ་ཁབ་ཕན་ཚུན་ནང་མ་རྩ་འཛུགས་པ་དང་། མ་དངུལ་གཡར་བའི་ཐག་གཅོད་ལ་ཆབ་སྲིད་ཀྱིས་ཁ་འཐོར་བཏང་ནས་རྩོད་རྙོག་ཡོང་གི་རེད། གཅིག་བྱས་ན་དེ་འདྲ་འབྱུང་བར་རྒྱུན་རིང་པོ་མི་འགོར་བར། ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་དཔལ་འབྱོར་གྱིས་རྩོད་རྙོག་འཕེར་འགྱུར་བཀག་འགོག་བྱེད་པ་ལས་ལྡོག་སྟེ་ཉམས་ཉེས་བྱེད་འགོ་འཛུགས་ཀྱི་རེད།
ཞི་བདེ་རྒྱ་མཚོའི་ཕན་ཚུན་ཕྱོགས་གཉིས་ནས་སུས་ཀྱང་གནས་ཚུལ་འདི་འདྲ་འབྱུང་འདོད་ཀྱི་མེད། ཨ་མེ་རི་ཀ་དང་རྒྱ་ནག་གཉིས་ཀས་བརྟན་པོ་དང་ཁེ་ཕན་ཆེ་བའི་དཔལ་འབྱོར་འབྲེལ་བ་དང་། འདས་པའི་ལོ་བཅུ་ཕྲག་བཞི་ལྷག་གི་རིང་ཡར་རྒྱས་བཏང་ཞིང་ཁྱོན་ཡོངས་ནས་བཟང་ཕྱོགས་སུ་བསྐྱོད་བཞིན་པའི་ཆབ་སྲིད་འབྲེལ་བ་རྒྱུན་གནས་ཡོང་འདོད་ཀྱི་ཡོད། གཅིག་བྱས་ན་ཁོང་ཚོའི་མངོན་འདོད་ལ་གདོང་ཐུག་བྱུང་བ་འདིས་ཕན་ཚུན་ཀྱི་ཁེ་ཕན་ལ་ཉེན་ཚབས་ག་ཚོད་ཆེན་པོ་སྤྲོད་ཀྱི་ཡོད་མེད་གསལ་བོར་མ་མཐོང་བའི་སྐབས་སུ། རང་ཉིད་ཀྱི་འགྲུབ་ཐུབ་མེད་པའི་དམིགས་ཡུལ་དེ་དག་གི་ཆེད་ཕན་ཚུན་ལ་བསྟུན་མཁས་བྱེད་འདོད་མེད་པ་དེས་དཀའ་ངལ་འཕར་མ་ཞིག་བཟོ་གི་ཡོད།
འཁྲུག་རྩོད་ཀྱི་ཉེན་ཁ་ནི་ཕྱོགས་གཉིས་ནས་དེ་འདྲ་ཡོང་འདོད་པའི་ལྐུགས་རྟགས་ཆེ་དྲགས་པས་མ་ཡིན་པར། ཕྱོགས་གཉིས་ཀྱི་མི་སྣ་ཆེས་ཉུང་ཤོས་ཅིག་གིས་མ་གཏོགས་ཉེན་ཁ་རྣམས་གསལ་བོར་མ་མཐོང་བ་དང་ཉེན་ཁ་དེ་ལས་གཡོལ་བའི་ཐབས་ལམ་མ་ཤེས་པས་རེད།
འཁྲུག་རྩོད་འདི་ག་ཚོད་བར་དུ་འགྲོ་ཐུབ། སྟབས་མ་ལེགས་པ་ཞིག་ལ་རྩོད་རྙོག་འདི་མཚམས་འཇོག་ཡོང་བའི་རྒྱུ་མཚན་ཞིག་མཐོང་གི་མི་འདུག ང་ཚོས་ཕྱིར་མིག་ཅིག་བལྟས་ཡིན་ན་རྩོད་རྙོག་དེ་མགོ་འཛུགས་མ་བྱས་གོང་ནས་གྲང་དམག་སྐབས་ཀྱི་རང་གཤིས་སམ་ཁྱད་ཆོས་མཐོང་གི་རེད། དང་པོ་རྒྱལ་ཁབ་གཉིས་དང་རིམ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ལ་གྱོན་གུན་ཚབས་ཆེན་པོ་ཞིག་ཕོག་གི་རེད།
དེ་འདྲ་བྱུང་སྐབས་རྒྱལ་སྤྱིའི་མ་ལག་ཁྲོད་ཀྱི་རྒྱལ་ཁབ་གཞན་གང་རུང་གྱིས་རྩོད་རྙོག་དེ་དལ་རུ་གཏོང་བའི་གོ་སྐབས་མེད། རྒྱུ་མཚན་ནི་འགྲན་རྩོད་པ་གཉིས་ནི་འཛམ་གླིང་ཐོག་གི་སྟོབས་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་པས་རེད། ཁོང་གཉིས་ཀྱི་སྟོབས་ཤུགས་ཀྱི་རྒྱ་ཁྱོན་དེར་རྒྱལ་ཁབ་གཞན་ནམ་ཡང་ན་རྒྱལ་ཁབ་མང་པོ་མཉམ་འབྲེལ་བྱས་ཀྱང་སྟངས་འཛིན་བྱེད་རྒྱུ་ཁག་པོ་རེད། དེར་མ་ཟད། འགྲན་རྩོད་བྱེད་མཁན་རྣམས་ལ་སྤྱི་མཚུངས་ལྟར་འགྲན་རྩོད་བྱེད་པའི་བོངས་ཚད་དང་མགྱོགས་ཚད་ཆེ་རུ་འགྲོ་གི་རེད་། (བོངས་ཚད་དང་མགྱོགས་ཚད་ཐུན་མོང་ལས་བྱུང་བའི་ཤུགས)
རྒྱ་ནག་ཕྱོགས་ནས་འགྲན་རྩོད་ཀྱི་རྣམ་འགྱུར་ག་ཚོད་བསྟན་པ་དེ་ཙམ་གྱིས་ཨ་མེ་རི་ཀའི་ཕྱོགས་ནས་མཁྲེགས་བཟུང་བྱས་ཐོག་རྨང་གཞིའི་ཁྱད་པར་ཁག་ལ་བསམ་ཤེས་བྱེད་པ་ལས་ལྡོག་སྟེ་རྣམ་འགྱུར་ལ་དེའི་ཚོད་ཀྱི་ལན་འདེབས་བྱེད་ངེས་ཡིན་པ་དང་། འགྲན་རྩོད་ཀྱི་འགུལ་ཤུགས་ག་ཚོད་ཆེ་བ་དེ་ཙམ་གྱིས་ཕྱོགས་གཉིས་ནས་ཕྱིར་ནུར་རམ་ཕམ་ཁའི་རྣམ་པའི་ཐོག་ནས་གྲོས་མོལ་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན། དོན་དངོས་ཐོག་གང་མགྱོགས་ངང་ཕྱོགས་གཉིས་ནས་རྩོད་རྙོག་གི་འཕར་ཚད་དལ་རུ་བཏང་ནས་ཕན་ཚུན་ལ་བསྟུན་མཁན་བྱེད་རྒྱུ་ཡོང་མི་སྲིད་པ་ལྟ་བུ་རེད།
མྱུར་པོའི་རྩོད་རྙོག
འགྲན་རྩོད་ཀྱི་སྒུལ་ཤུགས་དལ་བོའི་ངང་འཕེར་འགྱུར་ཡོང་བ་ནི་འབྱུང་སྲིད་པའི་སྔོན་དཔག་གཅིག་པོ་དེ་མ་རེད། ཡིན་དང་ཡིན། སྔོན་དཔག་གཞན་དེ་ནི་ང་ཚོ་ལ་ཉེན་བརྡ་ཆུང་ཆུང་ཞིག་དང་ཆབས་ཅིག་
ཚབས་ཆེས་གཉན་འཕྲང་གི་མེ་ལྕེ་འབར་བའི་ཁྲོད་གང་མགྱོགས་ལྷུང་རྒྱུ་དང་། ཐ་ན་དམག་འཁྲུག་ཀྱང་བྱེད་སྲིད་པ་དེ་རེད། རྒྱ་ནག་དང་མཉམ་དུ་དམག་འཁྲུག་ཤོར་ཉེན་ཡོད་པའི་གནས་སྟངས་ཤེས་རྒྱུ་ནི་ཨ་མེ་རི་ཀའི་རྒྱ་ནག་ཐོག་གི་གདམས་ཀའི་གཙོ་བོ་ཡིན། དམག་འཁྲུག་ཞིག་ལས་སླ་བོའི་སྒོ་ནས་འགོ་འཛུགས་བྱེད་སྲིད། འོན་ཀྱང་། མཇུག་བསྡུ་རྒྱུ་ནི་ཧ་ཅང་ཁག་པོ་ཡོད་པ་དང་། ཨ་མེ་རི་ཀར་མཚོན་ན་དེའི་མཇུག་འབྲས་ནི་ཚབས་ཆེ་བའི་བྱུས་ཉེས་ཡིན། དེ་ནས་ཉེན་ཁ་འདི་ཆུང་རུ་གཏོང་རྒྱུ་ནི་རྒྱ་ནག་ཐོག་འཛིན་པའི་གདམས་ཀའི་ཁྲོད་ཨ་མེ་རི་ཀས་དམིགས་ཡུལ་གྱི་ལྟེ་བར་འཛིན་དགོས། འོན་ཀྱང་ཨ་རྒྱའི་དམག་འཁྲུག་སྐོར་ནི་ཨ་མེ་རི་ཀ་བ་རྣམས་ཀྱི་བགྲོ་གླེང་ནང་དམིགས་བསལ་བརྗོད་གཞིར་གྱུར་མེད།
ཕྱོགས་གཅིག་བཤད་ན་ཨ་མེ་རི་ཀས་ད་ལྟའི་བར་དུ་ཨ་རིའི་དམག་དཔུང་དང་བསྡུར་ནས་རྒྱ་ནག་གི་དམག་དཔུང་ནུས་སྟོབས་ལ་ཚོད་རྩིས་དམའ་བོ་རྒྱབ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་བར་གྱི་དམག་འཁྲུག་དེ་བློ་ཡུལ་དུ་འཆར་མི་ཐུབ་པ་ཞིག་ཡིན་པས་རེད། ང་ཚོས་གྲང་དམག་རྗེས་ནས་ཨ་མེ་རི་ཀ་དང་རྒྱ་ནག་བར་ཀྱི་རྩོད་རྙོག་གཞི་རྒྱ་ཆེན་པོ་དེ་འདྲ་བྱུང་བ་ནི་མཐོང་མེད། འོན་ཀྱང་དེ་འདྲ་མི་ཡོང་བའི་ངེས་པ་མེད། གང་ལྟར་ཀྱང་ཉེན་ཁ་ཆེན་པོ་ཞིག་བཟོ་བཞིན་ཡོད་པས། ང་ཚོས་ནུས་ཚོད་ཀྱིས་ཡོང་སྲིད་པའི་གནས་ཚུལ་ལ་ཞིབ་འཇུག་མཐར་ཕྱིན་བྱེད་རྒྱུ་གལ་ཆེན་པོ་རེད།
དང་པོ་ང་ཚོས་ངོས་འཛིན་ཐུབ་དགོས་པ་ཞིག་ནི། ཨ་རི་དང་རྒྱ་ནག་གཉིས་གཏན་ཁེལ་མེད་པའི་དུས་ཚོད་ཅིག་གི་ནང་ཉེན་བརྡ་ཆུང་ཆུང་ཞིག་ལས་མེད་པར་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་སུ་རྩོད་རྙོག་ནང་ལྷུང་སྲིད་པ་དེ་རེད། གནད་དོན་མ་འདྲ་བ་ཁ་ཤས་ཀྱི་དབང་གིས་ཉེན་བརྡ་ཙམ་ཡང་མེད་པའི་ཐོག་སྡང་དགྲའི་མེ་སྟག་མཆེད་པའི་པར་འགྱུར། ཐེ་ཝན་མཚོ་འགག་ནི་རྒྱུན་རིང་པོ་ཞིག་ནས་ཉེན་ཁའི་ནང་ཡོད་པ་དང་། མཚོ་ངོགས་ཕྱོགས་གཉིས་ཀྱི་འཕེལ་ཕྱོགས་ཀྱིས་ཁོ་ཚོར་སྐྱི་ཡ་བའི་ལམ་ཁ་ཞིག་ཏུ་འདེད་བཞིན་ཡོད། འོན་ཀྱང་། ཉེ་བའི་ཆར་པེ་ཅིང་དང་ཐེ་པེ་ཕྱོགས་ཀྱི་འབྲེལ་བ་དེ་ནི་ལྷག་བསམ་ཟོལ་མེད་ཀྱི་རྣམ་པར་གནས་ཡོད་པ་དང་། ཆབས་ཅིག་གནད་དོན་གཞན་ཁ་ཤས་ཀྱིས་རྩོད་རྙོག་གི་ཉེན་ཁ་ཆེན་པོ་ཞིག་སྤྲོད་ཀྱི་ཡོད། རྩོད་རྙོག་དེ་དག་གི་ཁྲོད་དུ།
ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་ས་ཆུའི་བདག་དབང་སྐོར་དང་།
ཨ་མེ་རི་ཀའི་མཚོ་དམག་གིས་རྒྱ་ནག་གི་དམིགས་བསལ་དཔལ་འབྱོར་གླིང་(ས་ཁུལ་དང་སྐབས་འདིར་རྒྱ་མཚོའི་མངའ་ཁུལ་དུ་གོ)་དུ་དམག་སྦྱོང་།
མཚོ་སེར་པོའི་(YELLOW SEE)་ཁུལ་དུ་ཨ་རིའི་མཚོ་དམག་གི་དམག་སྦྱོང་།
ཤར་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་དང་འཇར་པན་བར་གྱི་མཚོ་ཁུལ་ཁྱབ་ཁོངས་བཅས་ཀྱི་རྩོད་གླེང་བཅས་ཚུད་ཀྱི་ཡོད།
གནས་སྟངས་དེ་དག་རེ་རེའི་ནང་ཕན་ཚུན་ངོས་ལེན་མི་བྱེད་པའི་སྒུལ་ཤུགས་གཙོ་བོ་ནི་དངོས་ཡོད་ཀྱི་གནད་དོན་ཁག་མིན་པར། ཕྱོགས་གཉིས་ཀྱིས་དེ་ནི་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་མངའ་ཁུལ་འདི་སོ་སོའི་གནས་བབ་ལ་ཉམས་ཚོད་ལེན་གྱི་ཡོད་པར་མཐོང་གི་ཡོད། གནས་བབས་ཀྱི་ཁེ་ཕན་ལ་ཐུག་དུས་འགྲན་རྩོད་བྱེད་མཁན་སུས་ཀྱང་གྲུབ་འབྲས་ལ་ངོས་འཛིན་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན། གང་ལྟར་གནས་ཚུལ་ཆུང་ཚགས་རིགས་ལ་ཡང་ཕྱོགས་གཉིས་ཀྱིས་རྒྱལ་ཕམ་གྱི་འགྲེལ་བཤད་རྒྱག་པ་དང་། ཨ་རྒྱ་གཉིས་བར་དུ་འགྲན་རྩོད་བྱེད་ཤུགས་ཆེ་བ་དེ་ཙམ་གྱིས། ཐབས་ཇུས་ཀྱི་འབྲེལ་ལམ་ཚང་མ་མགོ་རྙོག་དང་སྒྲོ་འདོགས་ཆེ་རུ་གཏོང་གི་རེད། ཕན་ཚུན་ལ་འབྲེལ་བ་བྱེད་ཐེངས་རེ་རེ་བཞིན་སྟོབས་ཤུགས་ལ་ཉམས་ཚོད་ལེན་པར་མཐོང་ནས་རྩོད་རྙོག་གི་འགུལ་ཤུགས་ལ་སྔོན་འགོག་བྱེད་རྒྱུ་ཧ་ཅང་ཁག་པོ་ཆགས་ཀྱི་རེད། སྣང་བརྙན་སྐོར་གྱི་དྲི་བ་རྣམས་ལ་སྔོན་ཚུད་ནས་གནད་དོན་འདི་དག་ལ་དཀྲི་སླས་རྒྱབ་ཟིན་པ་དང་དེ་དག་ལ་བརྟེན་ནས་རྙོག་དྲ་ཆུང་ཙག་གིས་ཀྱང་དམག་འཁྲུག་སློང་སྲིད།
གཉིས་པ། ཨ་རྒྱ་དབར་གྱི་རྙོག་དྲ་ཆུང་ཆུང་དག་ལ་ཡང་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ངན་པ་ཡོད་པ་དང་། དེ་ཡིས་འབྲེལ་ལམ་གྱི་རྨང་གཞི་ལ་གཏན་འཇགས་ཀྱི་འགྱུར་བ་གཏོང་སྲིད། གལ་སྲིད་ཕྱོགས་གཉིས་འཁྲུག་རྩོད་ལས་གཡོལ་བ་ཐུབ་པ་ཡིན་ན་ཡང་། ད་ལྟ་ནང་བཞིན་འགྲན་རྩོད་ཡོད་ཀྱང་མཉམ་ལས་དང་གཅིག་ལ་གཅིག་བརྟེན་གྱི་གནས་བབས་ལ་སྐྱར་ལོག་ཡོང་བའི་གོ་སྐབས་ཧ་ཅང་དཀོན། ལྷག་པར་དུ་འབྲེལ་ལམ་ཡང་གང་མགྱོགས་སྒོས་གྲང་དམག་སྐབས་ཀྱི་འགྲན་རྩོད་ལྟ་བུར་གྱུར་ནས་ཕྱོགས་གཉིས་ཀྱི་ཡིད་ཆེས་བརླག་འགྲོ་བ་དང་། གཏིང་ཟབ་ས་ནས་མི་མཐུན་པའི་ཕྱོགས་ཀྱང་མངོན་གསལ་དོད་རུ་འགྲོ་གི་རེད། དམག་འཁྲུག་ཆུང་ཆུང་ཞིག་རྒྱབ་པས་ཀྱང་། ཨ་རྒྱ་གཉིས་ཀྱིས་བརྟན་བརླིང་དང་མཉམ་ལས་ཅན་གྱི་འབྲེལ་བ་ཞིག་འཛུགས་ཐུབ་པའི་རེ་བ་རྩ་མེད་གཏོང་གི་རེད། དེ་འདྲ་བྱུང་བ་ཡིན་ན་ཚང་མའི་རེ་འདུན་ནི་མུན་ནག་གི་རང་བཞིན་ལས་མ་འདས།
ད་དུང་ངོས་འཛིན་བྱེད་རྒྱུ་གལ་ཆེན་པོ་ཞིག་ནི། ཨ་རྒྱའི་བར་ལྟོས་ས་ལྟོས་འཇོག་གི་འཁྲུག་རྩོད་ཆུང་ཆུང་ཞིག་བྱུང་ཡིན་ན་ཡང་། དེ་ཡིས་ཐད་ཀར་མངའ་ཁུལ་དེ་དང་འཛམ་གླིང་ཁྱོན་ཡོངས་ལ་བཞག་པའི་གནོད་སྐྱོན་གྱི་མཇུག་འབྲས་ངན་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན། ཨ་རྒྱའི་དབར་གྱི་ཚོང་འབྲེལ་དང་དངུལ་རྩིས་ཕར་ཚུར་སྤྲོད་ལེན་ཀྱང་ཡོངས་སུ་མཚམས་འཇོག་བྱེད་པར་མ་ཟད། རྒྱ་ནག་དང་ཚོང་འབྲེལ་ཡོད་ས་ཚང་མ་མཚམས་འཇོག་བྱེད་པ་སྨོས་ཅི་དགོས། ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་མངའ་ཁུལ་གྱི་མཚོ་ཐོག་སྐྱེལ་འདྲེན་དུས་ཚོད་གང་འཚམས་རིང་མཚམས་འཇོག་ཡོང་སྲིད་པ་དང་། ཨེ་ཤི་ཡ་དང་འཛམ་གླིང་གང་སའི་ཨ་མེ་རི་ཀའི་་མཐུན་གྲོགས་རྒྱལ་ཁབ་རྣམས་ཀྱིས་ཨ་རིའི་དགྲ་བོ་དང་མཉམ་དུ་ཚོང་ལས་མཚམས་འཇོག་ཡོང་བའི་གནོན་ཤུགས་ཆེན་པོ་ཞིག་སླེབས་ཀྱི་རེད། འཁྲུག་རྩོད་དེ་བདུན་ཕྲག་ཁ་ཤས་ནང་མཚམས་བཞག་པ་ཡིན་ན་ཡང་འཛམ་གླིང་གི་དཔལ་འབྱོར་ལ་བཞག་པའི་གྲུབ་འབྲས་ནི་བརྗོད་མི་ཐུབ་པ་ཞིག་ཡིན། གལ་སྲིད་ཟླ་བ་ཁ་ཤས་ལ་འགྱངས་པ་ཡིན་ན་འཛམ་གླིང་གི་ཚོང་ལས་དང་དངུལ་རྩིས་གྱི་གཞི་སྒྲོམ་ལ་ཁྱོན་ཡོངས་ནས་གཏོར་བཤིག་ཆེན་པོ་ཞིག་ཐེབས་ངེས་རེད།
གཉན་འཕྲང་གི་རྣམ་པ་ཞིག།
འདས་པའི་ལོ་ཤས་རིང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་མངའ་ཁུལ་གྱི་མཚོ་ཁུག་དང་ས་ཁུལ་གྱི་བདག་དབང་ཁོང་ཚོར་ཡོད་སྐོར་ནན་རྩོད་བྱས་པར་ཨ་རིས་ཕྱོགས་ནས། ཝེ་ནམ་དང་ཧྥེ་ལེན་པིན་གྱིས་གཙོས་བདག་དབང་རྩོད་ལེན་བྱེད་མཁན་རྣམས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལན་འདེབས་བྱས་ཡོད།
ཨ་རི་དང་རྒྱ་ནག་ཕྱོགས་གཉིས་ནས་འདི་ལྟར་རྒྱན་རྩེད་བྱས་པ་ཡིན་ན། ཁེ་གྱོང་ལ་འབྲེལ་བ་ཡོད་པའི་དངོས་ཡོད་ཀྱི་གནད་དོན་རྣམས་གལ་ཆུང་རུ་བརྩི་ནས་ཕྱིའི་རྣམ་པ་གལ་ཆེ་རུ་བརྩི་གི་རེད། འདིས་གནས་སྟངས་ཉེན་ཚབས་ཆེ་རུ་གཏོང་གི་ཡོད། ད་ལྟ་པེ་ཅིང་དང་ཝ་ཞིན་ཀྲོན་གཉིས་ནས་རྒྱལ་ཕམ་གང་རུང་མ་བྱུང་བར་དུ་ཕྱིར་འཐེན་བྱེད་མི་ཐུབ་པའི་གནས་སྟངས་ཞིག་ལ་ཕྱོགས་ཡོད། གལ་སྲིད་རྒྱ་ནག་གིས་ཕྱིར་བཤིག་རྒྱབ་པ་ཡིན་ན་ཨ་མེ་རི་ཀ་ནི་ཨེ་ཤེ་ཡའི་མངའ་ཁུལ་དུ་མཚོ་དམག་གི་ཟིལ་ཤུགས་ཆེ་ཤོས་ཡིན་པའི་ར་སྤྲོད་བྱས་པ་ཡིན་ལ། གལ་སྲིད་རྒྱ་ནག་གིས་(Hanoi or Manila)་ཝེ་ནམ་དང་ཧྥེ་ལེན་པིན་གནོན་ཤུགས་སྤྲད་པར་ཨ་མེ་རི་ཀས་རོགས་སྐྱོར་མ་བྱས་པ་ཡིན་ན། པེ་ཅིང་གི་མངའ་ཐང་དར་བ་ཞིག་ཏུ་ཁུངས་སྐྱེལ་ར་སྤྲོད་བྱས་པ་ཞིག་ཡིན་ལ། ཨ་མེ་རི་ཀས་ཕྱོགས་ནས་ཨེ་ཤེ་ཡའི་མངའ་ཁུལ་གྱི་མཚོ་དམག་སྟོབས་ཤུགས་ཆེ་ཤོས་ཡིན་ཚུལ་བརྗོད་པའི་སྣང་བརྙན་ལ་སྐྱོན་རྒྱག་གི་ཡོད། དེ་བས་ཨ་རྒྱ་གཉིས་ཀྱི་བར་དུ་བྲག་རི་ཁ་ཤས་དང་མཚོ་ཁུག་ཁ་ཤས། ལྷག་པར་དུ་ས་སྣུམ་དང་རྡོ་རླངས་ཙམ་མ་ཡིན་པར་ཁེ་གྱོང་ཆེན་པོ་ཞིག་ལ་ཐུག་གི་ཡོད། རྒྱབ་ལྗོངས་འདི་དག་ལ་མ་བལྟས་པར་གལ་སྲིད་མ་འོངས་པར་རྒྱ་ནག་དང་ཝེ་ནམ་གཉིས་བར་རྩོད་རྙོག་ལ་འཕེལ་འགྱུར་བྱུང་བ་ཡིན་ན་ག་རེ་འབྱུང་གི་རེད་དམ། དཔེར་ན། རྒྱ་ནག་གི་མཚོ་དམག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་རྩོད་རྙོག་ཅན་གྱི་སེ་པེ་ཌེ་ལེས་(Spratly Islands)་མཚོ་ཁུལ་དུ་ཡོད་པའི་ཝེ་ནམ་གྱི་ས་འགུལ་རྟོག་ཞིབ་པར་ཇུས་གཏོགས་བྱས་པ་དང་། དེའི་ལན་ཏུ་ཝེ་ནམ་ཕྱོགས་ནས་རྒྱ་ནག་གི་མཚོ་གྲུ་ལ་མེ་མདའ་རྒྱབ་པ་དང་། རྒྱ་ནག་ཕྱོགས་ནས་དེའི་ལན་འདེབས་ལྟ་བུར་མེ་མདའ་རྒྱབ་ནས་དམག་འཐབ་ཆུང་ཙག་གི་འགོ་བཙུགས་པ། རྒྱ་ནག་ཕྱོགས་ནས་རྩོད་རྙོག་ས་ཁུལ་དེར་དམག་དཔུང་རྒྱ་ཆེ་རུ་བཏང་བ། དུས་མཚུངས་སུ་ཝེ་ནམ་ཕྱོགས་ནས་ཨ་མེ་རི་ཀའི་རྒྱབ་སྐྱོར་བཙལ་བ་ཡིན་ན། ཨ་མེ་རི་ཀར་ཝེ་ནམ་ལ་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་མཐུན་གྱི་འོས་འགན་མེད་ཀྱང་། ཝེ་ནམ་ལ་རྒྱབ་སྐྱོར་ཆེད་རྒྱ་ནག་གི་ཁ་གཏད་ལྟ་བུར་ལངས་པ་ཡིན་ན། ཨ་མེ་རི་ཀ་དོན་དངོས་ཐོག་ཅི་བྱ་བརྟོལ་མེད་ཀྱི་གནས་སུ་བསྐྱལ་གྱི་ཡོད། ཁོ་ཚོས་ཝེ་ནམ་ལ་རྒྱབ་སྐྱོར་བྱས་པ་ཡིན་ན་རྒྱ་ནག་ལྷན་དུ་རྩོད་རྙོག་ནང་ལྷུང་བའི་ཉེན་ཁ་ཡོད་པ་དང་། གལ་སྲིད་ཕྱིར་བཤོལ་བྱས་པ་ཡིན་ན་ཨ་རི་ནི་རྒྱ་ནག་གི་ཁ་གཏད་དུ་ལངས་མཁན་གྱི་ཡིད་བརྟན་ཆོག་པའི་ལྕགས་རི་དེ་ཡིན་པའི་སྣང་བརྙན་ལ་སྐྱོན་རྒྱག་གི་རེད། ཝ་ཞིན་ཀྲོན་གྱི་སེམས་ཁྲལ་བྱེད་ས་ནི་ཝེ་ནམ་གཅིག་པོ་མ་ཡིན་པར་། (Manila, Singapore and Jakarta, and even in Delhi, Seoul and Tokyo, America’s standing as an Asian power would be weakened)་མེ་ནེ་ལ། སིང་སྒ་ཕོར། འཇུ་ཁར་ཌ་དང་། ཐ་ན་ལྡི་ལི་དང་སོལ་ཀྲོག་ཀྱོ་བཅས་ཀྱི་ནང་ཨ་མེ་རི་ཀ་རྒྱལ་ཁབ་འདི་ཨེ་ཤེ་ཡའི་མངའ་ཁུལ་གྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པ་དེ་གནས་སྟངས་སྐྱོ་རུ་བཏང་བ་ཡིན། ཨ་མེ་རི་ཀའི་སེམས་འཚབ་ཆེ་ཤོས་ནི་པེ་ཅིང་གི་མདུན་དུ་ཁོ་ཚོས་ཕྱིར་ནུར་བྱས་པའི་སྣང་བརྙན་དེ་ཡིན། འདི་ནི་ནུབ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ད་ལྟའི་བར་དུ་ཝ་ཞིན་ཀྲོན་གྱིས་ལག་བསྟར་བྱེད་བཞིན་པའི་མཚོ་དམག་སྟོབས་ཤུགས་ཆེན་པོ་དེ་རྒྱ་ནག་དང་མཉམ་སྤྱོད་བྱེད་དགོས་པ་དེ་ཡིན། དེ་ལྟར་བྱས་པ་ཡིན་ན་རྒྱལ་ནང་གི་སྲིད་དོན་པ་ཚོས་སྐད་ཅོར་རྒྱག་གི་ཡིན་པས། ཝེ་ནམ་ལ་རོགས་སྐྱོར་བྱེད་ཀྱི་མིན་ཟེར་རྒྱུ་ཧ་ལམ་ཡོང་མི་སྲིད་པ་ལྟ་བུ་ཞིག་ཡིན་བས་ཁོང་ཚོར་རོགས་སྐྱོར་ཁས་ལེན་བྱེད་དགོས་པར་འགྱུར།
ཁས་ལེན་བྱས་པ་ཡིན་ན། ཨ་མེ་རི་ཀས་ག་རེ་བྱེད་ཐུབ་ཀྱི་རེད་དམ། ལོ་ལྔ་བཅུའི་གོང་ཡིན་ན་ལན་འདེབས་བྱེད་རྒྱུ་ལས་སླ་བོ་རེད། ཨ་མེ་རི་ཀའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དམག་སྤྱི་ཆེན་མོས་གནམ་གྲུ་ཁྱེར་ཐུབ་པའི་མཚོ་དམག་ཁག་ཅིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྔམ་བརྗིད་ལྡན་པའི་ངང་བཏང་ནས། འགྲན་ཟླ་མེད་པའི་མཚོ་ཐོག་གི་རྔམ་སྟོན་དེས་རྒྱ་ནག་གི་བྱེད་སྤྱོད་སྤེལ་བར་བཀག་འགོག་ཐུབ་པའི་གདེང་ཚོད་ཡོད་པ་རེད། འོན་ཀྱང་། ད་ལྟ་དེ་འདྲའི་ལས་སླ་བོ་ཞིག་མེད། ཨ་མེ་རི་ཀས་མཚོ་དམག་གི་གྲུ་གཟིངས་ཆེན་པོ་རྣམས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་སྐྱོད་ཐུབ་མོད། འོན་ཀྱང་ལེའུ་བཞི་བའི་ནང་མཐོང་གསལ་ལྟར་ལོ་ལྔ་བཅུའི་སྔོན་དང་བསྡུར་ན་རྒྱ་ནག་གིས་ཚུར་དམག་གྲུ་གང་རུང་ཞིག་གཏོར་རྒོལ་གཏོང་བར་གོ་སྐབས་ཆེན་པོ་ཡོད།
ཨ་མེ་རི་ཀས་མཚོ་དམག་གིས་ཁོང་ཚོས་དང་པོར་ཕར་རྒོལ་མ་བྱས་ཡིན་ན་རྒྱ་ནག་གིས་ཨ་རིའི་དམག་གྲུར་ཚུར་གཏོར་རྒོལ་གཏོང་གི་མིན་པའི་ཚོད་རྩིས་བྱེད་སྲིད་མོད། དེ་འདྲ་ཡིན་ན་དམག་གྲུ་དེ་དག་གང་གི་ཆེད་དུ་བེད་སྤྱོད་གཏོང་དགོས་སམ། དམག་གྲུ་དེ་དག་ལ་གླགས་རྙེད་སླ་བོ་ཡོད་པ་དེས། ཨ་མེ་རི་ཀར་དམག་དཔུང་ལ་སྟོབས་ཤུགས་སྤྲོད་པ་ལས་ལྡོག་སྟེ་གནོན་ཤུགས་སྤྲོད་ཀྱི་ཡོད། གང་ཡིན་ཟེར་ན། དེ་དག་སྲུང་སྐྱོབ་ཀྱི་དགོས་མཁོའི་དབང་གིས་རྩོད་རྙོག་སྐབས་ལས་འགུལ་སྤེལ་བར་སེམས་ཤུགས་གཅོག་པའམ་བཤོལ་འདེབས་བྱེད་རྐྱེན་ཏུ་འགྱུར་གྱི་ཡོད་པས་རེད། ཨ་མེ་རི་ཀས་བར་འདུམ་བྱས་པ་ཡིན་ན་རྒྱ་ནག་གིས་འཁོན་ལན་སློག་ཏེ་དམག་གི་གྲུ་གཟིངས་ལ་གཏོར་རྒོལ་བྱེད་པའི་བློ་འཚབ་ཡོད་པ་ངོས་ཟིན་ནས། རྒྱ་ནག་ཕྱོགས་ནས་མུ་མཐུད་ཝེ་ནམ་གྱི་དམག་དཔུང་གི་ཁ་གཏད་དུ་ལངས་ཐུབ་ཀྱི་རེད། དེ་བས་གྲུ་གཟིངས་དམག་དཔུང་བཀོད་བཤོམས་བྱེད་པ་ནི་སྟོབས་ཤུགས་ངོམ་སོ་ཞིག་མ་ཡིན་པས་སྟོབས་མེད་རང་བཞིན་གསལ་སྟོན་བྱས་པ་ཞིག་ཏུ་འགྱུར་གྱི་ཡོད་པ་དང་། ཝེ་ནམ་ལ་རྒྱབ་སྐྱོར་བྱས་པའི་མཇུག་འབྲས་ངན་པ་ལས་གཡོལ་བའི་རེ་བ་རྣམས་གང་ལྟར་འགྲུབ་ཀྱི་མ་རེད།
བློ་ཡུལ་ལས་འདས་པའི་མཐའ་སྡོམ་ནི་ཁོང་ཚོས་ཨེ་ཤེ་ཡའི་ནང་གི་མཐུན་གྲོགས་རྣམས་ལ་རྒྱབ་སྐྱོར་བྱེད་འདོད་པར་ཡིག་ཚད་དམ་ལྟ་ཚོད་བཏང་བ་ཡིན་ན། རྒྱ་ནག་དང་མཉམ་དུ་དམག་འཁྲུག་རྒྱབ་པ་ཁོ་ནས་ཨ་མེ་རི་ཀས་རང་ཉིད་ཀྱི་ཨེ་ཤི་ཡའི་མངའ་ཁུལ་གྱི་གནས་བབས་སྲུང་སྐྱོབ་བྱེད་ཐུབ། དེ་བས་དམག་གྲུ་ཆེན་པོ་དེ་དག་གི་ཐོག་ནས་གནམ་གྲུ་བཏང་སྟེ་རྒྱ་ནག་གི་དམག་གྲུ་ཁ་ཤས་རྒྱ་མཚོའི་ནང་བྱིང་བཅུག་པ་ཡིན་ན། པེ་ཅིང་ཕྱོགས་ནས་ལན་འདེབས་ཇི་ལྟར་བྱེད་ཀྱི་རེད་དམ། ཁོ་ཚོ་ལ་ཡང་ཝ་ཞིན་ཀྲོན་ལ་འཕྲད་པའི་དཀའ་ངལ་གཅིག་པ་འཕྲད་ཀྱི་ཡོད། གལ་སྲིད་ཁོ་ཚོས་ཕྱིར་བཤོལ་བྱས་པ་ཡིན་ན་ཁོ་ཚོས་ཨེ་ཤེ་ཡའི་ནང་མཚོ་དམག་གི་སྟོབས་ཤུགས་ཐོག་འགོ་ཁྲིད་མཁན་ཡིན་པའི་སྣང་བརྙན་ལ་སྐྱོན་རྒྱག་པར་མ་ཟད། རྒྱ་ནག་ནང་ཁུལ་མི་མང་ལ་ཁོང་ཁྲོ་དྲག་པོ་སློང་རྒྱུ་ཡིན་པ་ཐེ་ཚོམ་མི་དགོས། རྒྱ་ནག་གི་འགོ་ཁྲིད་ཚོར་མཚོན་ན། རྒྱ་དམག་གི་མཚོ་གྲུ་གཏོར་བར་རྒོལ་ལན་མི་བྱེད་ཐབས་མེད་ཡིན། དེ་བས་ཁོ་ཚོས་ཨ་མེ་རི་ཀས་མཚོ་གྲུ་ཞིག་གཏོར་དགོས་པར་འགྱུར། གལ་སྲིད་ཁོ་ཚོས་སྤྱང་པོ་ཡིན་ན་གྲུ་གཟིངས་ཆེན་པོ་(གནམ་གྲུ་འབབ་ཐུབ་པའི་གྲུ་གཟིངས་)་མ་ཡིན་པར་དམག་གྲུ་ཅུང་ཟད་ཆུང་བའི་རིགས་ཞིག་གཏོར་གྱི་རེད། ང་ཚོས་སྤྱང་པོ་ཡོད་པའི་རེ་བ་རྒྱག་གི་ཡོད། གལ་སྲིད་གྲུ་གཟིངས་ཆེན་པོ་ཞིག་གཏོར་བ་ཡིན་ན། རྩོད་རྙོག་སེལ་བའི་རེ་བར་རྫོགས་ཚིག་བྲིས་པ་རེད། གལ་སྲིད་ཁོ་ཚོས་དམག་གྲུ་དཀྱུས་མ་ཞིག་གཏོར་བ་ཡིན་ན། ད་དུང་རེ་བ་ཆུང་ཆུང་ཞིག་ཡོད་པ་རེད། ཕྱོགས་གཉིས་ཀྱི་ཐབས་ཇུས་ལྡན་པའི་ཕྱི་འབྲེལ་དང་སྲིད་དོན་ཀྱི་བློ་སྤོབས་ཅན་རྣམས་མཐའ་གཉིས་སུ་མ་ལྷུང་བ་བྱེད་ཐུབ་སྲིད། རེ་འདུན་འདི་དག་ནི་སྲིད་གཞུང་དེ་དག་ལ་མི་མང་གི་དམག་འཁྲུག་རྒྱག་དགོས་པའི་གནོན་ཤུགས་ཆེན་པོ་སླེབས་སྐབས་ཁོང་ཁྲོ་དང་བློ་འཚབ་འགོག་ཐུབ་པའི་ནུས་པ་དང་དཔང་པོ་བྱེད་པ་མཚོན་མི་ཐུབ།
འདི་ནས་བཟུང་དམག་འཁྲུག་ཆེན་པོ་ཞིག་འགོ་འཛུགས་བྱེད་རྒྱུ་ནི་དུས་ཚོད་ཐུང་ངུ་དང་རྣོ་ངར་ཅན་ཞིག་ཏུ་འགྱུར། ང་ཚོས་ལེའུ་བཞི་བའི་ནང་མཐོང་གསལ་ལྟར། ཨ་མེ་རི་ཀས་རྒྱ་ནག་དང་དམག་འཐབ་འཆར་འགོད་བྱས་པ་ལྟར་གནམ་མཚོའི་དམག་འཁྲུག་རྒྱག་གི་རེད། ཨ་མེ་རི་ཀས་ཕྱོགས་ནས་ཕར་རྒོལ་བྱེད་སྟངས་ནི་རྒྱ་ནག་གི་གནམ་དམག་དང་མཚོ་དམག་གི་རྟེན་གཞི་ལ་གཏོར་རྒོལ་ཆེན་པོ་ཞིག་གཏོང་རྒྱུ་དང་། དེས་ཁོ་ཚོས་མཚོ་དམག་ལ་ཉེན་ཚབས་དེ་ཙམ་ཆེན་པོ་མེད་པའི་འོག་དམག་འཁྲུག་རྒྱག་ཐུབ་ཀྱི་ཡོད། དམག་འཁྲུག་གི་འཆར་འགོད་འདི་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཡིན་ཀྱང་། དེ་ལ་ཐབས་ཇུས་ཐོག་ནས་བརྗོད་ན་མཇུག་འབྲས་ཚབས་ཆེན་པོ་ཞིག་ཡོད། གང་ཡིན་ཟེར་ན། དེས་ཨ་རི་ཕྱོགས་ནས་ཐད་ཀར་རྒྱ་ནག་གི་སྐམ་སར་གཏོར་རྒོལ་སོགས་ཚུད་པའི་རྩོད་རྙོག་ཚད་མཐོན་པོ་ཞིག་ལ་བསྐྱལ་རྒྱུ་ཡིན་པ་གཏན་ཁེལ་གྱི་ཡོད་པས། འཆར་འགོད་ཀྱི་ལྟ་ཚུལ་དེ་གཅིག་པོ་ལས་ཀྱང་གསལ་བོར་མཐོང་ཐུབ་པ་ནི་རྩོད་རྙོག་དེ་ལོ་བཅུ་ཕྲག་ཁ་ཤས་ནང་བྱུང་མ་མྱོང་དམག་འཁྲུག་ཆེན་པོ་ཞིག་དང་། གཅིག་བྱས་ན་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་དམག་འཁྲུག་ཆེ་ཤོས་སུ་འགྱུར་སྲིད། འོན་ཀྱང་། ཨ་མེ་རི་ཀའི་ཕྱོགས་ནས་རང་ཉིད་ཀྱི་ཁྱོན་ཡོངས་ཀྱི་ཐབས་ཇུས་དམིགས་ཡུལ་འགྲུབ་མི་ཐུབ་པར་མ་ཟད། ཁོ་ཚོར་ཚད་བཀག་བཟོ་སྲིད། ད་དུང་དམག་འཁྲུག་མང་པོ་དང་བསྡུར་ན། དམག་འཁྲུག་འདི་འགོ་འཛུགས་བྱེད་རྒྱུ་ཧ་ཅང་ལས་སླ་བོ་དང་མཇུག་བསྡོམས་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན།
མཇུག་མཐར། རྡུལ་ཕྲན་མཚོན་ཆའི་རྒྱ་ཁྱོན་ལ་ཅིག་ལྟོས་དང་། ང་ཚོས་གོང་དུ་བཤད་ཟིན་པའི་དམག་འཁྲུག་དེ་འདྲ་ཞིག་གི་ནང་རྡུལ་ཕྲན་མཚོན་ཆའི་ས་མཚམས་གང་དུ་ཡོད་པར་བསམ་བློ་ཞིག་བཏང་ན། རྩོད་རྙོག་དེ་འདྲའི་སྐབས་ས་མཚམས་དེ་ང་ཚོས་གསལ་བོ་མི་ཤེས་ནང་བཞིན་རྡུལ་ཕྲན་མཚོན་ཆ་འཛིན་སྐྱོང་གི་འགན་ཡོད་མཁན་ཚོས་ཀྱང་གསལ་བོ་ཞིག་མི་ཤེས། གྲང་དམག་སྐབས་སུ་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་གཏོང་ཕྱོགས་སྐོར་ལ་ཕྱོགས་གཉིས་ཀྱིས་རྒྱ་ཁྱབ་དུ་བགྲོ་གླེང་དང་ས་མཚམས་ཡོད་པ་ཞིག་ཡིན་ཀྱང་། ཨ་རི་དང་རྒྱ་ནག་བར་དུ་གནད་དོན་འདི་རིགས་ལ་གསལ་བོ་དེ་ཙམ་མེད་པ་མ་ཟད། ཕན་ཚུན་གནས་ཚུལ་གོ་ནོར་ཐེབས་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡིན། གནམ་མཚོའི་དམག་འཐབ་དེ་ལག་བསྟར་གྱིས་རྒྱ་ནག་ཐོག་དམག་རྒྱབ་པ་ཡིན་ན། རྒྱ་ནག་ཕྱོགས་ནས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བཏང་ནས་ཨ་རིའི་དམག་གི་རྟེན་གཞི་དཔེར་ན་རྒམ་(GUAM)་སོགས་ལ་ཚུར་རྒོལ་བྱེད་ཀྱི་མ་རེད་བསམ་པ་ནི་སྤྱང་གྲུང་ལྡན་ཞིག་མིན། ང་ཚོས་ལེའུ་བཞི་བའི་ནང་མཐོང་གསལ་ལྟར། རང་ཉིད་ཀྱི་རྡུལ་ཕྲན་མཚོན་ཆ་ལྡན་པའི་མེ་ཤུགས་འཕུར་མདའ་བཏང་ནས་ཨ་རིའི་གྲོང་ཁྱེར་ཆེ་ཁག་ལ་གཏོར་རྒོལ་བྱེད་སྲིད་རྒྱུ་མཚན་ལ་བསམ་ནས་རྒྱ་ནག་གི་འགོ་ཁྲིད་ཚོས་ཨ་རིས་རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་མི་གཏོང་བའི་ཡིད་ཆེས་བྱེད་ཀྱི་ཡོད་སྲིད། ཁོང་ཚོའི་ཚོད་དཔག་དེ་འགྲིག་གི་ཡོད་མེད་སུས་ཤེས་ཐུབ་བམ།
བགློ་གླེང་འདིའི་རིགས་ནི་ཚོད་དཔག་ཁོ་ན་ལས་མ་འདས་ཀྱང་། ཚོད་དཔག་བྱེད་པ་འདི་ཡང་ལས་མེད་ཉི་མ་འབུད་ཐབས་ཞིག་ག་ལ་ཡིན། སྔོན་ཆད་མཁས་པ་ཞིག་ནས་ཉམས་ཉེས་འཇིག་ཆགས་ལ་ཚོད་དཔག་བྱེད་མི་ཐུབ་མཁན་ཚོ་ལ་དེ་སྔོན་འགོག་བྱེད་པའི་ནུས་པ་མེད་ཅེས་གསུང་ཡོད། ཨ་མེ་རི་ཀའི་དབུ་ཁྲིད་ཚོས་དམག་འཁྲུག་གི་ཉེན་ཁའི་གནས་སྟངས་གསལ་བོ་མཁྱེན་པ་དང་། ཁོང་ཚོའི་འདེམས་ཀ་ཡིས་ཉེན་ཁ་དེ་ལ་ཤུགས་རྐྱེན་ཅི་ལྟར་སླེབས་ཀྱི་ཡོད་མེད་མ་མཁྱེན་པ་ཡིན་ན། ཁོང་ཚོས་ཨ་རྒྱའི་དབར་གྱི་མ་འོངས་འབྲེལ་ལམ་ལ་འགན་ཁུར་ཡོད་པའི་ཐག་གཅོད་ཅིག་གནང་མི་ཐུབ། དེ་བས་ཉེན་ཁ་འདི་དག་དཔྱད་ཞིབ་ཀྱི་ཐབས་ལམ་ཡང་གནས་ཚུལ་ག་རེ་ཡིན་ན་ཡང་འབྱུང་སྲིད་པའི་སྐོར་བསམ་བློ་གཏོང་རྒྱུ་དེ་རེད། ཉེན་ཚབས་འདི་དག་རྒྱང་རིང་པོ་ཞིག་དང་ཡོང་མི་སྲིད་པ་ཞིག་མ་རེད། ཨེ་ཤེ་ཡའི་མངའ་ཁུལ་དུ་འཕེལ་རྒྱས་ལ་འགྲོ་བཞིན་པའི་རྒྱ་ནག་གི་སྟོབས་ཤུགས་ལ་འགྲན་རྩོད་བྱེད་པ་ནི་ཉེན་ཁ་འདི་དག་འདེམས་པ་ཞིག་རེད། དེ་བས་འདེམས་ཀ་འདིའི་ཐོག་ཤུགས་རྒྱག་མཁན་ཚོས་རང་ཉིད་ནས་རྒྱ་ནག་དང་འབྲེལ་ལམ་ཐད་འདེམས་ཀ་གཞན་ཡོད་པ་ཁག་ལས་ཨ་རིར་ཉེན་ཁ་ཆུང་བ་ཡིན་པར་ལྟ་ཚུལ་འཛིན་གྱི་ཡོད་པ་རེད། ལྟ་ཚུལ་འདི་འདྲ་ཡོད་མཁན་ཚོས་ངེས་པར་དུ་དམག་འཁྲུག་གི་ཉེན་ཁ་ངོས་འཛིན་གསལ་བོ་ཡོད་པའི་ཐོག འདེམས་ཀ་གཞན་གྱི་སྐོར་གོ་རྟོགས་གཏིང་ཟབ་པོ་ཞིག་དགོས་ངེས་ཡིན།
འདི་ནི་རང་མཉམ་བོད་རིགས་ཚོར་གོ་རྟོགས་སྤེལ་ཆེད་བསྒྱུར་བ་ཞིག་ཡིན་པ་དང་། ལེའུ་སྔོན་མ་རྣམས་གུས་པ་སྒེར་གྱི་ཟིན་བྲིས་ནས་གཟིགས་ཐུབ། http://khabanagbo.com
རྒྱ་ནག་སྐྱིད་ཐག་ཆོད་པ་རེད།
ཨ་རིས་རྒྱ་ནག་གཡས་ནས་སྐྱོར་གཡོན་ནས་སྐྱོར་ནས་འཛམ་གླིང་ཚོང་དོན་ཁང་ནང་ལ་བཞག དཔལ་འབྱོར་ཡར་རྒྱས་ཆེན་པོ་བཏང་། རྒྱ་ནག་གི་ཚོང་ལ་ཁྲལ་ཆུང་ཆུང་རྒྱབ་བས་རྒྱ་ནག་ཕྱུག་པོ་ཆགས་དུས་ཨ་རི་ལ་འགྲན་བཙུག་ནས་ཡོང་བ་རེད། ད་དུང་རྒྱ་ནག་གི་ཚོང་ལ་སྔར་བཞིན་ཁྲལ་རྒྱག་གི་མིན་ཟེར་བ་རེད། ད་ནི་རྒྱ་ནག་ལ་ཧམ་པ་ཆེ་དྲག་པ་རེད།
ཨ་རྒྱའི་གདོང་ཐུག་ཆབ་སྲིད་ཟློས་གར་ཁྲབ།
རྗེས་ལུས་སྤྱི་ཚོགས་རེ་སྟོང་ངང་དུ་ལྷག།
ཨ་རྒྱའི་ཆབ་སྲིད་འཛམ་གླིང་མགོ་འཁོར་འོག།
ཨ་རྒྱའི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཉོས།
ཨ་རི་མར་རྩའི་རིང་ལུགས་དང།
རྒྱ་ནག་དམར་པོའི་རིང་ལུགས་གཉིས།
དུག་སྦྲུལ་དཀར་ནག་ཤེལ་དམ་གཅིག་གི་ནང།
ནམ་ཡང་མཉམ་གསོན་མི་ཐུབ་རིག་པས་སྒྲུབ།
རྩོམ་ཡིག་དགའ་བོ་མཐའ་མའི་སྙན་ངག་འདིས་བྲོ་བ་མེད་པར་བཟོས་སོང་།