བློ་བཟང་ལུང་རྟོགས་ཀྱིས་བསྒྱུར།
སྔར་ཡོད་སོར་གནས།
ཨ་རྒྱའི་དམག་དཔུང་གི་བར་ཁྱད་གནས་སྟངས་འདི་ནི་ཨེ་ཤི་ཡའི་ནང་ཨ་མེ་རི་ཀས་ངེས་པར་དུ་སྒྲུབ་དགོས་པའི་གདམས་ཀ་ལ་གནད་འགག་ཆེན་པོ་ཆགས་ཡོད། འོན་ཀྱང་། བར་ཁྱད་འདི་ཤེས་རྟོགས་ཡོང་པར་དམག་དཔུང་གི་འཇོན་ཐང་དང་སྔོན་རྩིས་ལ་དཔྱད་བསྡུར་བྱས་པ་གཅིག་པོས་འགྲིག་གི་མེད། འདི་འདྲའི་མཚུངས་བསྡུར་བྱས་ན་རྒྱ་ནག་གི་དམག་དཔུང་ག་ཚོད་འཕེལ་རྒྱས་སུ་སོང་བ་དང་ཨ་རིའི་དམག་དཔུང་གི་སྟོབས་ཤུགས་ག་ཚོད་ཆེན་པོ་ཡིན་པའི་ཕྱོགས་གཉིས་ཀ་སྟོན་གྱི་ཡོད་མོད། སྣང་ཚུལ་འདི་གཉིས་ཀྱིས་གནད་འགག་གཙོ་བོ་དེ་ཕྱིར་མངོན་ཐུབ་ཀྱི་མེད། ཁོང་ཚོའི་མ་འོངས་བའི་འབྲེལ་ལམ་ཐོག་གི་གནད་དོན་ཁག་ནི་ཨ་རྒྱ་གཉིས་ལ་དམག་དཔུང་ག་འདྲ་ཡོད་མེད་དེ་མིན། གཙོ་བོ་ཁོང་ཚོས་དམག་དཔུང་རྣམས་དགོས་མཁོའི་སྐབས་ཡུལ་དུས་དང་བསྟུན་པའི་ནུས་པ་ག་རེ་འདོན་ཐུབ་མིན་དེ་ཡིན།
ང་ཚོས་དམག་དཔུང་གི་ངོས་གཅིག་པོར་མི་བལྟ་བར་ཁོང་ཚོས་(དམག་དཔུང་གིས་)ག་རེ་སྒྲུབ་ཐུབ་མིན་དང་། དེས་ཐབས་ཇུས་དང་ཆབ་སྲིད་ཀྱི་འབྲེལ་བར་ཕན་ནུས་ག་རེ་སྐྲུན་ཐུབ་ཀྱི་ཡོད་མེད་དེ་ཡིན། ང་ཚོས་འདི་ལྟར་དཔྱད་པ་གཏོང་དུས། ཨ་རྒྱ་གཉིས་ཀྱི་སྟོབས་ཤུགས་དང་ཞན་ཆའི་སྐོར་ལ་མ་འདྲ་བ་ཞིག་མཐོང་ཐུབ། ང་ཚོས་མཐོང་ཐུབ་པ་ནི་ཁོང་ཚོའི་དམག་དཔུང་ཁག་ལ་ཁྱད་པར་ཆེན་པོ་ཡོད་ཀྱང་དམག་དཔུང་ཕན་ཚུན་གྱི་འདེམས་ཀ་ཁག་ནི་ཧང་སངས་དགོས་པའི་འདྲ་མཚུངས་སུ་མཆིས།
ཡར་རྒྱས་ལ་འགྲོ་བཞིན་པའི་རྒྱ་ནག་གི་དམག་དཔུང་ལ་ཨ་མེ་རི་ཀའི་གོ་བབ་འཕྲོག་པའི་སྟོབས་ཤུགས་འདང་ངེས་ཞིག་མེད་པའི་དུས་སྐབས་འདིར། ཨ་མེ་རི་ཀའི་དམག་དཔུང་རྒྱ་ཆེན་པོ་དང་ལེགས་པོ་ཡིན་ཀྱང་གནས་སྟངས་གཞན་ཁ་ཤས་ཀྱི་ཐོག་མཐུན་རྐྱེན་ཆུང་རུ་འགྲོ་གི་ཡོད་པ་དེར་ཨ་རིས་ཁ་གསབ་བྱེད་ཁག་པོར་གྱུར་ཡོད། འདས་པའི་མི་ལོ་བཅུ་ཕྲག་ཁ་ཤས་རིང་རྒྱ་ནག་ལ་ཨེ་ཤི་ཡ་མངའ་ཁུལ་དུ་ཨ་མེ་རི་ཀའི་འདེམས་ཀ་ལ་ཚད་བཀག་བཟོ་བའི་འཇོན་ཐང་ཡོད་པ་མངོན་གསལ་ཆེ་རུ་ཕྱིན་ཡོད་ཀྱང་། ཨ་མེ་རི་ཀར་ད་དུང་རྒྱ་ནག་གིས་རང་དབང་ཐོག་བྱ་སྤྱོད་སྤེལ་བར་ཚད་བཀག་བཟོ་ཐུབ་པར་འགྲན་ཟླ་མེད་པའི་འཇོན་ཐང་དེ་མུ་མཐུད་བསྡད་ཡོད།
ཨེ་ཤི་ཡ་མངའ་ཁུལ་དུ་ཨ་མེ་རི་ཀའི་ཐབས་ཇུས་ཀྱི་གནས་བབ་དེ་རྟག་པར་མཚོ་ཐོག་གི་སྟོབས་ཤུགས་ལ་བརྟེན་ཡོད། སྔོན་གྱི་ཡོ་རོབ་པ་རྣམས་དང་མ་འདྲ་བར་ཨེ་ཤི་ཡའི་གླིང་ཆེན་ནང་ཨ་མེ་རི་ཀ་ནི་གལ་གནད་ཆེ་བའི་ས་ཐོག་གི་སྟོབས་ཤུགས་ཅན་ཞིག་ཏུ་འགྱུར་ཐུབ་མེད། འོན་ཀྱང་། དུས་རབས་གཅིག་ལྷག་གི་རིང་ཁོང་ཚོ་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་ཀྱི་མཚོ་དམག་སྟོབས་ཤུགས་ཆེ་ཤོས་དེ་ཡིན་པ་དང་། དུས་ཚོད་དེའི་རིང་དོན་དངོས་ཐོག་ཁོང་ཚོའི་གནས་བབ་ལ་ཁ་གཏད་གཅོག་ཐུབ་མཁན་བྱུང་མྱོང་མེད། ཁོང་ཚོས་མཚོ་དམག་ཐབས་ཇུས་པ་རྣམས་ཀྱིས་འབོད་པའི་(རྒྱ་མཚོ་སྟངས་འཛིན)་ལག་བསྟར་བྱས་པ་ཡོད་པ་དེ་ནི་གནམ་གྲུ་འཕུར་སྐྱོད་ཐུབ་པའི་དམག་གྲུ་དང་མཚོ་དམག་མཉམ་སྤྱོད་ཀྱིས་དམག་དཔུང་རྣམས་མངའ་ཁུལ་གྱི་མཚོ་ཐོག་ཏུ་དགྲ་བོས་གཏོར་སྐྱོན་ལ་འཇིགས་སྣང་མེད་པར་འགྲོ་བསྐྱོད་བྱེད་ཐུབ་པ་དེ་རེད། དམག་དཔུང་ངམ་སྟོབས་ཤུགས་འཆར་འགོད་ཀྱི་ནུས་ཤུགས་དེས་ཨ་མེ་རི་ཀའི་དམག་དཔུང་དེ་ཐེ་ཝན་གྱིས་མཚོན་པའི་རྒྱ་ནག་དང་ཐག་ཉེའི་མཚོ་ཁའི་རྒྱུད་དུ་རྩོད་རྙོག་བྱུང་སྐབས་ཁོ་ཚོའི་དམག་དཔུང་གང་མགྱོགས་དང་ཐག་ཆོད་པོའི་ངང་བེད་སྤྱོད་གཏོང་ཐུབ། ཕྱི་ལོ་༡༩༩༠་ནང་རྒྱ་ནག་ལ་དཔལ་འབྱོར་དང་འཕྲུལ་རིགས་གང་ཅིའི་ཐད་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་སུ་ཨ་རིར་(མཚོ་ཐོག་སྟངས་འཛིན་དང་སྟོབས་ཤུགས་འཆར་འགོད་) ཁ་གཏད་གཅོག་ཐུབ་མེད་པ་མ་ཟད། ཁོང་ཚོའི་ཐབས་ཇུས་ཀྱི་དགོས་གལ་ཁག་ཀྱང་ཕྱོགས་གཞན་ཏུ་དམིགས་འབེན་གཏད་ཡོད།
ཕྱི་ལོ་༡༩༤༥་ལོ་ནས་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་ཀྱི་ཨ་རིའི་སྟོབས་ཤུགས་གཙོ་བོ་རྡུལ་ཕྲན་མཚོན་ཆ་ཡིས་རྒྱབ་སྐྱོར་བྱས་ཡོད། སྤྱིར་བཏང་། འདིས་གྲང་དམག་སྐབས་ཀྱི་ཡོ་རོབ་ཁུལ་དུ་ལྟོས་འཇོག་གིས་ཉུང་བའི་མཚོན་ཆ་དཀྱུས་མའི་(རྡུལ་ཕྲན་མཚོན་ཆ་མ་ཚུད་པའི་)་ཚབ་བྱས་པ་དང་བསྡུར་ན་ཨེ་ཤི་ཡའི་ནང་ཆ་ཤས་དེ་ཙམ་ཆེན་པོ་བླངས་མེད། ཨ་མེ་རི་ཀའི་མཚོ་དམག་དང་གནམ་དཔུང་གི་དབང་ཤུགས་རྩེར་སོན་པའི་ཨེ་ཤི་ཡའི་ནང་དེ་དགོས་ངེས་ཅན་ཏུ་གྱུར་མེད། ཕྱི་ལོ་༡༩༥༠་ནང་ཨ་མེ་རི་ཀས་Laos and the islands of Quemoy and Matsu་ཝེ་ཊི་ནམ་གྱི་དམག་འཁྲུག་ཛ་དྲག་གི་སྐབས་རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆའི་རྒོལ་འཛིངས་ཀྱི་ཞེད་སྣང་སྐུལ་ཡོད། གདམ་ཀ་འདི་ཕྱི་ལོ་༡༩༦༤་ལོ་ནས་རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་བཟོ་འགོ་བརྩམས་པ་ནས་བཟུང་མེད་པར་བཏང་བ་དང་། ཕྱི་ལོ་༡༩༧༠་ནང་རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་ཨ་མེ་རི་ཀའི་གླིང་ཆེན་ལ་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདའ་བཟོས་པ་ནས་བཟུང་གདམ་ཀ་དེ་རྩ་མེད་ཆགས་པ་རེད། གང་ལྟར་ཡང་། རྒྱ་ནག་གིས་ཨ་རིའི་གླིང་ཆེན་གཏོར་བཅོམ་བྱེད་ཐུབ་པའི་ནུས་པ་གང་ལ་གང་འཚམས་ཀྱི་ད་དུང་ཆུང་ཆུང་ཡིན་པ་དང་། རྒྱ་ནག་གིས་གྲང་དམག་སྐབས་ཨ་རི་དང་ར་ཤི་ཡའི་གཉིས་ཀྱིས་རྒྱབ་པའི་དམག་གི་གོ་མཛོད་ཆེན་པོ་དེ་འདྲ་རྒྱག་པར་འབད་རྩོལ་དེ་ཙམ་བྱས་མེད། དེ་བས་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་དེ་དམག་དཔུང་གི་ཁྱད་པར་ནང་ཞན་ཆར་གྱུར་ཡོད།
བར་ཁྱད་ཀྱི་འཕོ་འགྱུར།
རྒྱུན་རིང་པོ་ཞིག་ལ་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་སུ་ཨ་མེ་རི་ཀའི་དམག་དཔུང་གི་གནས་བབས་ལ་དོན་དངོས་ཐོག་ཉམས་ཚོད་ལེན་མཁན་བྱུང་མེད། ཝེ་ཊི་ནམ་གྱི་དམག་འཁྲུག་རྗེས་སུ་ཨ་རིའི་དམག་དཔུང་གིས་ཨེ་ཤི་ཡའི་ནང་དམག་འཁྲུག་རྒྱབ་མེད་པ་དང་། དམག་འཁྲུག་འབྱུང་ངེས་པའི་གཉན་འཕྲང་གི་དུས་ཚོད་ཅིག་ཤར་མེད། ཉམས་ཚོད་ལེན་མཁན་དེ་འདྲ་མ་བྱུང་བའི་རིང་། ཨ་མེ་རི་ཀའི་ངོས་ནས་དམག་དཔུང་ཐབས་ལམ་རྒྱུན་གནས་ཐོག་ཨེ་ཤི་ཡའི་མངའ་ཁུལ་དུ་འགོ་གཙོ་ཡིན་ཤག་ཤག་བྱས་ནས་བསྡད་པ་རེད། འོན་ཀྱང་། རྒྱ་ནག་གི་དམག་དཔུང་གི་དམིགས་ཡུལ་དང་སྟོབས་ཤུགས་ལ་འགྱུར་ལྡོག་བྱུང་པ་དང་། ཕྱི་ལོ་༡༩༩༠་ནང་ནས་བཟུང་དམག་དཔུང་གི་ཁྱད་པར་ལ་འགྱུར་བ་ཐེབས་འགོ་བརྩམས། འདི་ལ་འཕེལ་རིམ་གསུམ་གྱིས་ཁ་ལོ་བསྒྱུར་ཡོད།
དང་པོ། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ལ་སོང་བ་ལྷན་དུ་བདེ་སྲུང་གི་སྔོན་རྩིས་འཕར་བ་དང་།
གཉིས་པ། གླིང་ཆེན་ཁྱོན་ཡོངས་ལ་ཉེན་ཚབས་ཆེ་བའི་ར་ཞི་ཡ་(སོ་ཝེ་ཡིག་ཉོན)་འཐོར་བཤིག་དུ་ཕྱིན་པ་དེས་རྒྱ་ནག་ལ་ས་ཐོག་དམག་དཔུང་(རྐང་དམག)་ནས་མཚོ་དམག་སྟོབས་ཤུགས་ལ་བསྒྱུར་བའི་གོ་སྐབས་བྱུང་བ་རེད།
གསུམ་པ། ར་ཞི་ཡ་དང་སྔོན་མ་ (སོ་ཝེ་ཡིག་ཉོན)་ཁོངས་གཏོགས་རྒྱལ་ཁབ་ཁག་ནས་རྒྱ་ནག་ལ་དམག་དཔུང་གི་འཕྲུལ་རིགས་བཙོང་བ་དེས་རྒྱ་ནག་གི་སྟོབས་ཤུགས་གང་མགྱོགས་ངང་སྤེལ་ཐུབ་པ་བྱུང་ཡོད།
གྲུབ་འབྲས་ནི་ཧ་ལས་བ་ཞིག་སྟེ་འདས་བའི་ལོ་བཅུ་ཕྲག་གཉིས་ཀྱི་རིང་རྒྱ་ནག་གི་གནམ་མཚོའི་དམག་དཔུང་གི་ནུས་ཤུགས་མགྱོགས་མྱུར་འཕེལ། དྲི་བ་གཙོ་བོ་རྣམས་ནི་འདི་དག་ཡིན། རྒྱ་ནག་གིས་མཚོ་དམག་སྟོབས་ཤུགས་རྒྱ་བསྐྱེད་ནས་གྲུབ་འབྲས་ག་རེ་ཐོབ་ཐུབ་ཀྱི་ཡོད་དམ། ཁོང་ཚོར་ད་ལྟའི་བར་དུ་གྲུབ་འབྲས་ག་ཚོད་ཅིག་ཐོབ་ཡོད་དམ། ཨ་རིས་མུ་མཐུད་འགོ་གཙོ་གནས་བབས་རྒྱུན་སྐྱོང་ཐུབ་ཀྱི་ཡོད་མེད་ལ་འབྲེལ་བ་ག་རེ་ཡོད་དམ།
རྒྱ་ནག་གི་དམིགས་ཡུལ་ཁག་གི་དྲི་བར་ལན་གསུམ་ཙམ་ཡོད་སྲིད། ཁོ་ཚོའི་དམིགས་ཡུལ་ཆེ་ཤོས་ནི་(ཆུ་སྔོན་པོ)་མཚོ་དམག་གི་སྟོབས་ཤུགས་ཀྱི་ཆེད་དུ་འབད་པ་དེ་ཡིན། གསལ་ཙམ་ཞུས་ན། གནམ་གྲུ་ཁྱེར་བའི་གྲུ་གཟིངས་དང་། མཚོ་དམག རྒྱང་རིང་སྙོམ་ཐུབ་པའི་ཆུ་འཛུལ་དམག་གྲུ་སོགས་བེད་སྤྱོད་གཏོང་ཐུབ་པ་དང་། གནམ་མཚོ་གཉིས་ཀྱི་དམག་དཔུང་གི་སྟོབས་ཤུགས་ཨེན་ཌི་ཡན་(ཧིན་རྡི་རྒྱ་མཚོ)་དང་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས། ཡང་ན་དེ་ལས་བརྒལ་བའི་འཆར་འགོད་བྱེད་རྒྱུ་བཅས་ཡིན། རྒྱུ་མཚན་གསལ་ཤོས་ནི་ཁོང་ཚོས་ཆེས་གནད་འགག་ཅན་གྱི་མཚོ་ཐོག་གི་ཚོང་ལས་སྲུང་སྐྱོབ་བྱེད་པ་དང་། དམིགས་བསལ་འགྲན་ཡ་རྒྱལ་ཁབ་ཨ་མེ་རི་ཀ་དང་རྒྱ་གར་ནས་བཀག་སྡོམ་བྱེད་སླ་བའི་ (Gulf) རྒོལ་ཧྥུའུ་མངའ་ཁུལ་ནས་རྡོ་རླངས་དང་ས་སྣུམ་ནང་འདྲེན་བྱེད་རྒྱུ་དེ་ཡིན། སྔོན་མ་ཨ་མེ་རི་ཀ་དང་ར་ཞི་ཡ་གཉིས་ཀྱིས་འགྲན་བསྡུར་བྱས་པ་ལྟར་རྒྱ་ནག་རང་ཉིད་ཀྱི་མཚོ་རྒྱུད་ལས་བརྒལ་པའི་རྒྱང་རིང་གི་ཕྱོགས་སུ་ཆབ་སྲིད་ཀྱི་ཤུགས་རྐྱེན་སྤེལ་བའི་འདུན་པ་ཆེན་པོ་ཡོད་ཀྱང་སྲིད། དེ་ལས་འདུན་པ་ཅུང་ཆུང་བའི་ངང་རྒྱ་ནག་གིས་གཅིག་བྱས་ན་གནས་སྐབས་རིང་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་མངའ་ཁུལ་སུ་བྱ་སྤྱོད་དེ་དག་སྤེལ་འདོད་ཡོད། འདིས་ཁོང་ཚོས་ཤར་ཨེ་ཤི་ཡའི་ནང་མངའ་ཁུལ་གྱི་འགོ་ཁྲིད་བྱེད་པའི་མངོན་འདོད་ལ་གཞོགས་འདེགས་བྱེད་ཀྱི་ཡོད་ཀྱང་མངའ་ཁུལ་དེ་ལས་བརྒལ་ཐུབ་མེད།
མཇུག་མཐར། རྒྱ་ནག་གིས་སོ་སོར་སྟོབས་ཤུགས་ངེས་ཅན་ཞིག་བསྐྲུན་མི་དགོས་པར་ལས་སླ་བོའི་ངང་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་སུ་ཨ་མེ་རི་ཀའི་དམག་དཔུང་འཆར་འགོད་རྣམས་རིམ་གྱིས་ཉམས་དམས་ཡོང་ཐབས་ལ་དམིགས་ཀྱང་ཆོག
རྒྱ་ནག་གི་འཆར་གཞི་ཁག་ནས་དཔེར་མཚོན་ཙམ་བརྗོད་ན། དལ་བོ་ཡིན་ཀྱང་ཨུ་ཚུགས་ཚ་བོའི་སྒོ་ནས་གནམ་གྲུ་འཕུར་སྐྱོད་ཐུབ་པའི་གྲུ་གཟིངས་ལས་འཆར་ཐོག་ཤུགས་རྒྱག་གི་ཡོད་པ་དེས་ག་རེ་སྟོན་གྱི་འདུག་ཟེར་ན། ཁོང་ཚོའི་ཨ་རིའི་མཚོ་དམག་ལ་དཔེ་བལྟས་ནས་མ་འོངས་མཚོ་དམག་གི་གཞོགས་འདེགས་འོག་མངའ་ཁུལ་གྱི་འགོ་གཙོ་བྱེད་རྒྱུ་དེ་རེད། གལ་སྲིད་འདི་རྒྱ་ནག་གི་དམིགས་ཡུལ་ཡིན་ན། ཁོང་ཚོ་དེ་ལེགས་འགྲུབ་ཡོང་པར་ད་དུང་རྒྱང་ཐག་ཧ་ཅང་རིང་། འོན་ཀྱང་། རྒྱ་ནག་གིས་བག་ཡོད་ངང་རང་ཉིད་ཀྱི་དམིགས་ཡུལ་ཁ་ཤས་སྒྲུབ་ཐུབ་པ་དེ་རང་ཧ་ཅང་གལ་ཆེན་པོ་ཞིག་ཏུ་གྱུར་འདུག ཞི་བདེའི་རྒྱ་མཚོའི་ལྷོ་ཕྱོགས་སུ་ཨ་མེ་རི་ཀའི་སྟོབས་ཤུགས་ལ་ཚད་བཀག་བཟོས་པ་དེས་རྒྱ་ནག་གིས་ཨེ་ཤི་ཡའི་མངའ་ཁུལ་གྱི་ཨ་མེ་རི་ཀའི་སྟོབས་ཤུགས་ལྟེ་བ་དང་ཐབས་ཇུས་ཀྱི་གནད་འགག་ལ་ཁ་གཏད་བཅག་པ་ཞིག་དང་། རྒྱ་ནག་ནང་རང་ཉིད་ཀྱི་དམིགས་ཡུལ་ངེས་ཅན་ཞིག་འགྲུབ་པའི་གནས་སྟངས་ལ་སླེབས་ཡོད།
མི་ལོ་བཅུ་ཕྲག་གཉིས་རིང་རྒྱ་ནག་ཕྱོགས་ནས་གནམ་མཚོ་གཉིས་ཀྱི་དམག་དཔུང་རྒྱ་བསྐྱེད་བྱས་པ་དེས་༡༩༤༥་ལོར་ཨེ་ཤི་ཡའི་སྟོབས་ལྡན་རྒྱལ་ཁབ་འཇར་པན་ཕམ་ཉེས་སུ་བཏང་ནས་བཟུང་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་སུ་ཨ་མེ་རི་ཀའི་མཚོ་ཐོག་གི་སྟོབས་ཤུགས་ལ་ཚབས་ཆེའི་དོ་ཟླ་བྱེད་མཁན་ཐོག་མ་དེ་ཡིན། འདི་དཔེ་ཟླ་བྲལ་བའི་རྒྱལ་ཁབ་ཀྱི་བྱ་བཞག་ཞིག་ཏུ་མཐོང་།
ལོ་ཁ་ཤས་གོང་ནས་མི་རྣམས་ཀྱིས་ཨ་མེ་རི་ཀའི་དམག་དཔུང་གིས་འཛམ་གླིང་ཕྱོགས་གང་དུའང་རང་གི་དགྲ་བོར་ཐག་ཆོད་པའི་ངང་གདོང་ལེན་བྱེད་རྒྱུ་ལས་སླ་བོ་ཡིན་སྐོར་བརྗོད་པ་རེད། འདི་ནི་ནམ་རྒྱུན་གྱི་འུད་གཏམ་སྒྲོག་པ་རང་ཡིན་པ་ནི་ཨེ་རག་དང་ཨ་ཧྥི་རྒན་གྱི་གནས་སྟངས་ཀྱིས་གསལ་སྟོན་བྱས་ཡོད། འདིས་ཨ་མེ་རི་ཀའི་དམག་དཔུང་སྟོབས་ཤུགས་ཀྱི་རང་བཞིན་ལ་གོ་ནོར་ཆེན་པོ་ཞིག་ཐེབས་ཡོད་པ་གསལ་ཐུབ། ཨ་མེ་རི་ཀར་རྒྱལ་སྲུང་སྔོན་རྩིས་ཆེ་ཤོས་དང་། དེང་རབས་འཕྲུལ་རྩལ་ལེགས་ཤོས། དམག་གྲུ་དང་གནམ་གྲུ་འཕུར་བསྐྱོད་ཐུབ་པའི་དམག་གྲུ་ཆེ་ཤོས་མང་པོ་ཡོད། འདྲ་མཚུངས་ཀྱི་འགྲན་བསྡུར་ཁྲོད་ཨ་མེ་རི་ཀ་ནི་རྒྱ་ནག་ལས་རྟག་པར་རྒྱལ་ངེས་ཡིན། འོན་ཀྱང་། ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་སུ་ཁོང་གཉིས་འགྲན་བསྡུར་དེ་འདྲ་མཚུངས་ཀྱི་གནས་སྟངས་ཞིག་མིན། ཆ་མི་སྙོམས་པའི་གནས་སྟངས་ཁ་ཤས་ཡོད་པ་དང་། ཆ་མི་སྙོམ་པའི་གནས་སྟངས་འདིས་སྟོབས་ཤུགས་ཀྱི་བར་ཁྱད་རྒྱ་ནག་གི་མཐུན་ཕྱོགས་སུ་ཡོད།
དང་པོ། ཨ་མེ་རི་ཀ་ནི་འཛམ་གླིང་ཕྱོགས་གང་སར་དམིགས་ཡུལ་དང་དོ་སྣང་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཞིག་ཡིན་པའི་དུས་མཚུངས་སུ་རྒྱ་ནག་ནི་ཉུང་མཐར་ཡང་ལོ་བཅུ་ཕྲག་ཁ་ཤས་རིང་གཙོ་བོ་ཨེ་ཤི་ཡའི་ནང་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གནས་རྒྱུ་དེ་རེད། དོན་དངོས་ཐོག་ཁོང་ཚོ་ནི་ཨེ་ཤི་ཡའི་ཤར་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པ་དང་ཁོང་ཚོའི་དམིགས་ཡུལ་ཀྱང་རང་ཉིད་ཀྱི་རྒྱལ་མཚམས་འདབས་འབྲེལ་ཨེ་ཤི་ཡའི་གླིང་ཆེན། ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་དང་འབྲེལ་བའི་ཨེ་ཤི་ཡའི་ཤར་ཕྱོགས་མངའ་ཁུལ་དམིགས་འབེན་དུ་བཟུང་ཡོད། དེའི་ནང་དོན་ནི་ཨ་མེ་རི་ཀའི་ཐབས་ཇུས་ཀྱི་ལྗིག་ཁོག་གོ་ལ་ཁྱོན་ཡོངས་སུ་ཁྱབ་བཞིན་ཡོད་པའི་སྐབས་འདིར་རྒྱ་ནག་གིས་མངའ་ཁུལ་གཅིག་གི་ནང་རིག་པ་བསྒྲིམས་བཞིན་ཡོད།
གཉིས་པ། རྒྱ་ནག་ལ་མཚོན་ན་ཁོང་ཚོ་སོ་སོའི་སྒོ་འགྲམ་དུ་ཨ་མེ་རི་ཀར་འགྲན་བསྡུར་བྱེད་པར་མཐུན་རྐྱེན་མང་པོ་ཡོད། ཨ་མེ་རི་ཀའི་ཕྱོགས་ནས་ཁོ་ཚོའི་སྟོབས་ཤུགས་དེ་ཞི་བདེ་རྒྱ་མཚོའི་ཕྱོགས་ཡོངས་དང་། ཁ་ཐོར་དུ་གནས་པའི་དམག་གི་རྟེན་གཞི་དཔེར་ན་ Guam and Okinawa་རྒམ་དང་ཨོ་ཀེས་ན་ཝ་སོགས་སུ་ཆགས་ཡུལ་ཡག་པོ་མེད་པ་དང་ཆབ་སྲིད་ཀྱི་བརྟིང་བརླིང་མེད་པའི་ས་ཁུལ་སོགས་ལ་འགྲེམས་འཇོག་བྱེད་དགོས་བྱུང་ཡོད། དེས་ཞི་བདེ་རྒྱ་མཚོའི་ལྷོ་ཕྱོགས་སུ་ཨ་མེ་རི་ཀའི་དམག་དཔུང་གི་འགུལ་སྐྱོད་རྒྱུན་གནས་ཡོང་བར་འགྲོ་གྲོན་ཐད་ཁྱད་པར་ཆེན་པོ་བཟོ་གི་ཡོད། དེ་བས་ཨ་མེ་རི་ཀར་གནད་འགག་ཆེན་པོ་ཡིན་སར་རྒྱ་ནག་གི་ནུས་པ་ཆུང་ཆུང་བཏོན་ནས་གྲུབ་འབྲས་ཆེན་པོ་ལེན་ཐུབ།
གསུམ་པ། གལ་ཆེ་ཤོས་ནི་རྒྱ་ནག་གི་རྨང་གཞིའི་ལས་འགུལ་གྱི་དམིགས་ཡུལ་ཨ་རི་དང་ཁྱད་པར་ཆེན་པོ་ཡོད་པ་ནི་ཁོ་ཚོས་སྟབས་བདེ་བོ་དང་འགྲོ་གྲོན་ཆུང་བའི་ཐོག་ནས་དམིགས་ཡུལ་སྒྲུབ་ཐུབ་ཀྱི་ཡོད། ཨེ་ཤི་ཡེའི་མངའ་ཁུལ་གྱི་འགོ་གཙོ་བྱེད་པར་ཨ་མེ་རི་ཀའི་ཕྱོགས་ནས་ངེས་པར་དུ་ཁོ་ཚོའི་ཕྱི་འབྲེལ་ཐབས་ཇུས་ཀྱི་རྒྱབ་སྐྱོར་འོག་གནམ་གྲུ་འཕུར་སྐྱོད་ཐུབ་པའི་གྲུ་གཟིངས་དང་མཚོ་དམག་གི་སྟོབས་ཤུགས་བེད་སྤྱོད་གཏོང་ཐུབ་དགོས་པ་དང་། གལ་སྲིད་ལས་དོན་གཞན་མང་པོ་ཞིག་བྱེད་མ་ཐུབ་ཀྱང་ཁོང་ཚོའི་ཨེ་ཤི་ཡའི་ནང་གི་མངོན་འདོད་འགྲུབ་ཐུབ་ལ་འབད་རྩོལ་བྱེད་དགོས། དེ་ལེགས་འགྲུབ་ཡོང་བར་ཁོ་ཚོས་དམིགས་བསལ་མཚོ་ཐོག་གཙོ་བྱས་པའི་དམག་གི་རྟེན་གཞི་ཁག་ལ་གཏོར་རྒོལ་མི་ཡོང་ཆེད་སྲུང་སྐྱོབ་བྱེད་ཐུབ། རྒྱ་ནག་ཕྱོགས་ལ་མཚོན་ན་ལས་སླ་བོ་ངང་སྒྲུབ་ཐུབ་པའི་ལས་དོན་ཡོད་པ་ནི། ཁོ་ཚོས་མཚོ་ཐོག་ལ་སྟངས་འཛིན་བྱེད་མི་དགོས་པར་(མཚོ་ཐོག་དགག་ལན་)་སྤྲད་པས་ཆོག ཁོང་ཚོས་རང་ཉིད་ཀྱི་འདེམས་ཀ་ལྟར་ཨ་རིའི་མཚོ་དམག་ལ་གནས་དུས་གང་རུང་ཞིག་ཏུ་གཏོར་རྒོལ་ཐུབ་པ་དང་། ཨ་མེ་རི་ཀའི་བྱ་སྤྱོད་ལ་བཀག་འགོག་བྱེད་ཐུབ་པའི་དངངས་འཚབ་སློང་ཐུབ་པ་ཙམ་མ་གཏོགས་མི་དགོས།
འཕྲུལ་རིགས་དང་དམག་དཔུང་བཀོལ་སྤྱོད་ཀྱི་དགེ་མཚན་ལྡན་ན་མཚོ་ཐོག་སྟངས་འཛིན་གྱི་ཐབས་ཇུས་དང་མཚོ་ཐོག་བཀག་འགོག་གི་ཐབས་ཇུས་གཉིས་ལས་བཀག་འགོག་ཐབས་ཇུས་དེ་སྒྲོམ་གཞིའི་གནད་འགག་ལ་སྟབས་བདེ་ཞིང་འགྲོ་གྲོན་ཉུང་བའི་སྒོ་ནས་ལག་བསྟར་བྱེད་ཐུབ། རྒྱུ་མཚན་ནི་ལས་སླ་བོ་ཡིན། གནམ་གྲུ་འཕུར་སྐྱོད་ཐུབ་པའི་དམག་གྲུ་དང་ཐུན་མོང་དུ་སྤྱོད་པའི་མཚོ་གྲུ་རྣམས་རྙེད་སླ་ཞིང་གཏོར་རྒོལ་གཏོང་སླ་བོ་ཡོད་པ་མ་ཟད། གཏོར་རྒོལ་གཏོང་བའི་མཚོན་ཆ་རྣམས་དང་བསྡུར་ན་རིན་གོང་ཆེན་པོ་ཡིན། དམག་གྲུ་དེ་ཚོ་རྙེད་སླ་བོ་ཡོད། གང་ཡིན་ཟེར་ན་དེ་ཚོ་ལེབ་ལེབ་དང་ཐོག་ཁེབས་མེད་པའི་མཚོ་ངོས་སུ་གཞི་རྒྱ་ཆེན་པོ་དང་དལ་བོའི་ངང་འགུལ་སྐྱོད་བྱེད་ཀྱི་ཡོད་པ་དང་། ལྷག་པར་ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་(མིས་བཟོས)་ཚོར་བ་ཧ་ཅང་རྐྱེན་པའི་འཕྲུལ་རིགས་ཡར་རྒྱས་ལ་སོང་བ་དེས་དམག་གྲུ་རྣམས་ལས་སླ་བོའི་ངང་ངོས་འཛིན་ཐུབ་ཀྱི་ཡོད་པ་རེད། ཐེངས་གཅིག་རྙེད་པ་ཡིན་ན། ཁོ་ཚོར་གཏོར་རྒོལ་གཏོང་རྒྱུ་ནི་གང་ལ་གང་འཚམ་གྱི་སྟབས་བདེ་བོ་ཡིན། རྒྱང་རིང་སྙོམས་ཐུབ་པའི་མེ་ཤུགས་འཕུར་མདའ་དཔེར་ན་མཚོ་གྲུ་འཇོམས་བྱེད་ཀྱི་མཚོན་ཆ་དེ་ཚོ་འགོག་རྒོལ་བྱེད་རྒྱུ་ཧ་ཅང་ཁག་པོ་ཡོད། ལྷག་པར་དུ་མཚོན་ཆ་དེ་འདྲ་མང་པོ་དུས་གཅིག་ཏུ་བེད་སྤྱོད་བཏང་བ་ཡིན་ན་ཁ་གཏད་གཅོག་ཁག་པོ་ཡིན། རིན་ཐང་ཧ་ཅང་ཆེ་བའི་གནམ་གྲུ་ཁྱེར་ཐུབ་པའི་གྲུ་གཟིངས་ཆེན་པོ་དེ་དག་དམིགས་འབེན་གྱིས་མེ་ཤུགས་འཕུར་མདའ་གང་མང་བེད་སྤྱོད་ཀྱིས་ཁོ་ཚོའི་སྲུང་སྐྱོབ་ནུས་མེད་གཏོང་བ་ནི་བྱེད་རིན་ཡོད་པ་ཞིག་རེད། དེ་དག་ལས་ཀྱང་ཉེན་ཁ་ཆེ་བ་ནི་མཚོ་འཛུལ་དམག་གྲུ་རྣམས་རེད། དེ་དག་ནི་གང་དུ་ཡོད་མེད་རྩད་ཆོད་དཀའ་ཞིང་དེ་དག་གི་ཆུ་འོག་འབར་མདེལ་མཚོན་ཆ་རྣམས་ནུས་པ་ཧ་ཅང་ཆེ། (ཆུ་འོག་འབར་མདེལ་ནི་མཚོ་འོག་དམག་གྲུ་སོགས་གཏོར་བྱེད་འབར་རྫས་རང་འགུལ་གྱིས་རྒྱུ་ཞིང་འབེན་དང་འཕྲད་མཚམས་འབར་འགས་བྱེད་པའི་འབར་མདེལ་ནར་མོ་ཞིག) འོན་ཀྱང་། ཆུ་འཛུལ་དམག་གྲུ་དཔེར་ན། སྒྲིག་ཁྲིམས་མི་བརྩི་བ་ཁག་གཅིག་ཡོད་ལ་དེ་ཚོ་རྩད་ཆོད་དཀའ་བ་དང་དེ་ཚོའི་མཚོ་དམག་ལ་རྒྱང་ཐག་རིང་པོའི་ས་ནས་ཉེན་ཁ་སྤྲོད་ཐུབ་པར་བརྟེན་དེ་ཚོར་དམིགས་བསལ་ཅན་དུ་གྱུར་ཡོད། གཅིག་བྱས་ན་རྐྱེན་གཞན་གང་རུང་ལས་ཀྱང་གལ་ཆེ་བ་ཞིག་ནི། གསང་བའི་ཆུ་འཛུལ་དམག་གྲུ་དང་མཚོ་ངོས་སུ་ཡོད་པའི་གླགས་རྙེད་སླ་བའི་རང་བཞིན་ཅན་གྱི་མཚོ་གྲུ་དབར་གྱི་ཆ་སྙོམས་པའི་ཁྱད་པར་འདིས་ད་ལྟའི་(མཚོ་ཐོག་འགོག་རྒོལ་དང་མཚོ་ཐོག་སྟངས་འཛིན་)་དབར་གྱི་ཆ་སྙོམས་མེད་པའི་རྨང་གཞིར་གྱུར་ཡོད། ཚོར་བ་རྐྱེན་པའི་འཕྲུལ་རིགས་གསར་བཏོད་ཀྱིས་ཆུ་འཛུལ་དམག་གྲུ་རྣམས་ཆུ་འོག་ཏུ་ཡིབ་སྡོད་པའི་ནུས་པ་མེད་པར་མ་བཏང་བར་དུ་ཆ་མ་སྙོམས་མིན་པའི་གནད་དོན་འདི་མུ་མཐུད་གནས་རྒྱུ་ཡིན།
མཐའ་སྡོམ། ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་སུ་ཨ་རྒྱ་གཉིས་ཀྱི་མངོན་འདོད་དྲག་པོ་དེ་ཆ་སྙོམས་མིན་ལ་གཏིང་ཟབ་པོ་ཞིག་ཡོད། གོ་ལ་གཅིག་གྱུར་གྱི་འཛམ་གླིང་འདིའི་ནང་དུ་ཡང་། རྒྱལ་ཁབ་གང་རུང་གི་ཐབས་ཇུས་ཀྱི་མངོན་འདོད་ཁག་ལ་ས་བབས་ཀྱིས་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ། ཨ་མེ་རི་ཀས་ཡུན་སྲིང་གིས་གཅིག་ཏུ་འབུངས་པའི་མངོན་འདོད་གཙོ་བོ་ནི་རང་ཡུལ་དང་ཐག་ཉེ་བའི་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་མངའ་ཁུལ་དུ་དམིགས་པ་གཏད་ཡོད། དེ་དང་གཅིག་མཚུངས་ལྟར། རྒྱ་ནག་གི་ཕྱོགས་ནས་ཀྱང་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་དང་ཨེ་ཤི་ཡའི་སྐམ་ས་ཆེན་མོར་དམིགས་པ་གཏད་ཡོད། དེ་བས་ཨ་རི་དང་བསྡུར་ན་ཨེ་ཤི་ཡའི་ནང་རྒྱ་ནག་ལ་ཁེ་གྱོང་ཆེན་པོ་ཡོད། དེ་བས་གནས་སྟངས་ཚང་མ་འདྲ་བོ་ཆགས་འདུག་པས་རྒྱ་ནག་གིས་ཨ་རི་དང་བསྡུར་ན་ཉེན་ཁ་ཆེ་བ་དང་གྱོང་གུན་ཆེ་བར་གདོང་ལེན་བྱེད་ངེས་རེད། ཕྱོགས་གཉིས་ཀྱི་དམག་དཔུང་གི་ནུས་སྟོབས་ཀྱི་ཁྱབ་ཚད་ཐག་ཉེ་རུ་འགྲོ་བ་དུས་མཚུངས་འདྲ་མཉམ་མིན་པའི་གནད་འགག་དེས་མཐའ་མཇུག་གི་འཆར་གཞི་དེ་དམག་འཁྲུག་གམ་ཡང་ན་ཞི་བདེ་ཆགས་མིན་ལ་ཐུག་གི་ཡོད། དེའི་རྒྱུན་རིང་གི་ཤུགས་རྐྱེན་ནི་ཕྱོགས་གཉིས་ཀའི་ཐག་གཅོད་ལ་རེག་ལས་ཡོད།
རྒྱ་ནག་ལ་གྲུབ་འབྲས་ག་རེ་བྱུང་ཡོད་པ་རེད་དམ།
ད་ལྟའི་རྒྱ་ནག་ནི་ལོ་བཅོ་ལྔའི་གོང་དང་མ་འདྲ་བར་ཨ་རིའི་མཚོ་གྲུ་རྣམས་རྙེད་ཐུབ་པ་དང་ཆུའི་ནང་ནུབ་ཐུབ་པའི་འཇོན་ཐང་ཡོད། དེས་ཨ་རིའི་གནམ་གྲུ་ཁྱེར་ཐུབ་པའི་གྲུ་གཟིངས་དང་མཚོ་དམག་རྣམས་འགག་རྩའི་སྐབས་ཇུས་གཏོགས་བྱེད་དུ་གཏོང་བར་ཉེན་ཁ་ཆེན་པོ་ཞིག་སླེབས་ཡོད། གནས་སྟངས་མང་པོ་ཞིག་འོག་རིན་ཐང་ཧ་ཅང་ཆེ་བའི་གྲུ་གཟིངས་དཔེར་ན་གནམ་གྲུ་ཁྱེར་ཐུབ་པའི་གྲུ་གཟིངས་རྣམས་རྒྱ་ནག་གི་(མཚོ་ཐོག་འགོག་རྒོལ་)ཁ་གཏད་དུ་གཏོང་བ་ནི་ཝ་ཤིན་ཌོན་ལ་མཚོན་ན་ལག་བསྟར་རུང་བའི་ཐབས་ཇུས་ཀྱི་གདམ་ཀ་ཞིག་མིན།
རྒྱ་ནག་གི་གྲུབ་འབྲས་དེ་ཇི་ལྟར་བླངས་པའི་སྐོར་ལ་རྩོམ་ཡིག་མང་པོ་ཞིག་མཐོང་རྒྱུ་འདུག འོན་ཀྱང་། ང་ཚོ་དེའི་སྐོར་ལ་བསྐྱར་དུ་ཞིབ་འཇུག་བྱེད་རྒྱུ་དེ་གནད་འགག་ཆེན་པོ་ཆགས་མེད། གནས་སྟངས་གཙོ་བོ་ནི་ང་ཚོའི་མིག་མདུན་དུ་གསལ་ཐག་ཆོད་ཡོད།
དང་པོ། རྒྱ་ནག་གིས་དེང་རབས་ཅན་དང་ཁུ་སིམ་ཅན་གྱི་ཆུ་འཛུལ་དམག་གྲུའི་ཐོག་མ་རྩ་ཕོན་ཆེན་པོ་ཞིག་བཏང་ཡོད་པ་མ་ཟད། རྡུལ་ཕྲན་མཚོན་ཆ་ལྡན་པའི་ཆུ་འཛུལ་དམག་གྲུའི་ཐོག་མ་རྩ་གཏོང་ཤུགས་ཆེ་རུ་ཕྱིན་ཡོད། ཆུར་འཛུལ་དམག་གྲུ་དེ་ཚོ་ཨ་རིའི་དམག་གྲུ་ནང་བཞིན་སྤུས་ཀ་དང་བཀོལ་སྤྱོད་ཡག་པོ་གཏོང་ཤེས་ཀྱི་མེད་ཀྱང་། དེ་ཚོས་ཤར་ཨེ་ཤི་ཡའི་མངའ་ཁུལ་དུ་འགུལ་སྐྱོད་བྱེད་བཞིན་པའི་ཨ་མི་རི་ཀའི་མཚོ་གྲུ་རྣམས་ལ་ཉེན་ཁ་ཆེན་པོ་སྤྲོད་ཐུབ།
གཉིས་པ། རྒྱ་ནག་གིས་ར་ཞི་ཡའི་རིགས་འདྲའི་མི་རབས་བཞི་བའམ་དེང་རབས་ཅན་གྱི་གནམ་གྲུ་ཁྱེར་ཐུབ་པའི་དམག་གྲུ་རྒྱ་བསྐྱེད་གཏོང་བཞིན་ཡོད། གནམ་གྲུ་ལ་གནམ་གྲུའི་ཁ་གཏད་གཅོག་ཐུབ་འདིས་ད་དུང་ཨ་རིའི་གནམ་གྲུ་ལ་འགྲན་མི་ཐུབ་མོད། སོ་སོའི་རང་ཡུལ་གྱི་དམག་གི་རྟེན་གཞི་དང་རྒྱ་ནག་གི་བདེ་སྲུང་མཚོ་དམག་ཐག་ཉེ་སར་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་ཁོ་ཚོའི་གྲངས་འབོར་གྱིས་ཁྱད་པར་ཆེན་པོ་བཟོ་ཐུབ། RAND Corporation་རེན་ཌི་སྒྲིག་འཛུགས་ཀྱིས་(ཨ་མེ་རི་ཀའི་དམག་དོན་ཆེད་ལས་ཞིབ་འཇུག་ལྟེ་གནས་ཞིག་) ཞིབ་འཇུག་ལྟར་ན་ཐེ་ཝན་མངའ་ཁུལ་དུ་གནམ་ཐོག་དམག་འཁྲུག་རྒྱབ་པ་ཡིན་ན་ཨ་མེ་རི་ཁས་རྒྱལ་ཁ་ལོན་རྒྱུ་ཁག་པོ་ཡིན་པའི་བསམ་ཚུལ་བརྗོད་འདུག དཔེར་ན། རྒྱ་ནག་གི་ས་བབ་དང་གྲངས་འབོར་གྱི་དགེ་མཚན་ལ་ཁ་གཏད་བྱེད་པ་ལྟ་བུ་རེད། གསུམ་པ། རྒྱ་ནག་གིས་གྲུ་གཟིངས་འགོག་རྒོལ་གྱི་མེ་ཤུགས་འཕུར་མདའ་གསར་བཟོ་བྱས་པའི་གནས་ཚུལ་ཐོན་པ་ལྟར་ན་མེ་ཤུགས་འཕུར་མདའ་རྣམས་རིན་ཐང་ཆེ་བའི་གནམ་གྲུ་འཕུར་སྐྱོད་ཐུབ་པའི་མཚོ་གྲུ་ཡི་ཁ་གཏད་དུ་བེད་སྤྱོད་གཏོང་ཐུབ་པ་མ་ཟད་མེ་ཤུགས་འཕུར་མདའ་དཀྱུས་མ་ལས་ཉེན་ཁ་ཧ་ཅང་ཆེན་པོ་ཡིན། བཞི་བ། རྒྱ་ནག་གིས་ནུས་སྟོབས་ཆེ་བའི་གསང་ཞིབ་མྱུལ་བལྟའི་ཆེད་མ་དངུལ་ཕོན་ཆེན་པོ་གཏོང་གི་ཡོད་པ་དེས་ཨ་རིའི་མཚོ་དམག་ལ་དམིགས་འབེན་གཏོད་པ་དང་། ཨ་རིའི་གསང་ཞིབ་ཀྱི་མ་ལག་གཙོ་བོ་ནུས་མེད་དུ་གཏོང་ཐུབ་པར་ལེགས་བཅོས་བྱུང་ཡོད།
འཕེལ་ཕྱོགས་འདི་དག་ཚང་མ་ད་ལྟ་གཞི་རྐང་ཚུགས་ཡོད་པ་དང་དེ་དག་དུས་ཡུན་གང་འཚམས་རིང་མུ་མཐུད་གནས་རྒྱུ་ཡིན་པ་འདྲ། རྒྱ་ནག་གིས་སྔོན་མ་ཕྱི་ལོ་༡༩༩༠་ནང་གི་སོ་ཝེ་ཡིག་ཉོན Soviet Union ཁོངས་གཏོགས་ཀྱི་རྒྱལ་ཁབ་ཁག་ནས་ཉོས་པའི་མགོ་རྙོག་ཅན་གྱི་འཕྲུལ་རིགས་བེད་སྤྱོད་གཏོང་ཕྱོགས་སྐོར་སློབ་དགོས་བྱུང་པ་མ་ཟད། འཕྲུལ་རིགས་དེ་ཚོ་སོ་སོས་བཟོ་བསྐྲུན་བྱེད་པར་དུས་ཚོད་དེ་ལས་མང་པ་འགོར་ཡོད་པ་རེད། ཁོ་ཚོས་ད་དུང་ལམ་ཐག་རིང་པོ་ཞིག་ཡོད་པ་སྨོས་ཅི་དགོས། འོན་ཀྱང་། རྒྱ་ནག་གི་དྲག་པོའི་འཕྲུལ་ལས་ཐོག་ཡར་རྒྱས་ཆེན་པོ་ཞིག་སོང་མེད་པར་རློམས་ནས་སྡོད་པ་ནི་ནོར་འཁྲུལ་ཅིག་ཡིན།
ཁོ་ཚོས་དཔལ་འབྱོར་མུ་མཐུད་ཡར་རྒྱས་ལ་སོང་བ་ཡིན་ན་རྒྱ་ནག་གི་བདེ་སྲུང་སྔོན་རྩིས་མགྱོགས་མྱུར་ངང་འཕེལ་བའི་ནུས་པ་མུ་མཐུད་གནས་རྒྱུ་རེད། ར་ཞི་ཡའི་ཕྱོགས་ནས་ཉེན་ཁ་མ་སླེབས་པ་ཡིན་ན། རྒྱ་ནག་གིས་བདེ་སྲུང་སྔོན་རྩིས་དེ་ལས་འབོར་ཆེན་པོ་ཞིག་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་མངའ་ཁུལ་གྱི་མཚོ་དམག་ནུས་ཤུགས་འཛུགས་སྐྲུན་ཐོག་གཏོང་ཐུབ་ཀྱི་ཡོད་པ་རེད། ལོ་བཅུ་ཕྲག་གཉིས་ཀྱི་རྗེས་སུ་རྒྱ་ནག་གི་བདེ་སྲུང་སྔོན་རྩིས་ལོ་རེར་ནང་བརྒྱ་བཅུ་གཉིས་ཙམ་འཕར་ཡོད་ཀྱང་། ཨ་མི་རི་ཀའི་བརྒྱ་བཞི་དང་གྲངས་ཆུང་བདུན་ཙམ་དང་བསྡུར་ན་རྒྱ་ནག་གིས་ད་དུང་ལོ་རེའི་ཐོན་སྐྱེད་ཡོང་འབབ་ཀྱི་བརྒྱ་ཆ་གཉིས་མ་གཏོགས་གཏོང་གི་མེད། རྒྱ་ནག་གི་བདེ་སྲུང་སྔོན་རྩིས་ད་དུང་ཨ་རི་སྔོན་རྩིས་ཀྱི་ལྔ་ཆ་གཅིག་མ་གཏོགས་ཟིན་གྱི་མེད། འོན་ཀྱང་། སྟོང་ཆ་དེ་མགྱོགས་མྱུར་སྒོས་ཆུང་རུ་འགྲོ་གི་ཡོད། རྒྱ་ནག་གིས་འགྲོ་སོང་དམའ་བོ་ཡིན་པ་དང་གོང་ནས་བཤད་ཟིན་པའི་ཆ་མི་སྙོམས་པའི་དགེ་མཚན་དག་ལ་བལྟས་ན། ཨ་རིའི་ནུས་སྟོབས་མེད་པར་བཟོ་བར་རྒྱ་ནག་གིས་འགྲོ་སོང་ཆེན་པོ་གཏོང་དགོས་ཀྱི་མེད་ལ་དམག་དཔུང་གི་ལྗིག་ཁོག་དེ་རྒྱ་ནག་གི་ཕྱོགས་སུ་ཐག་ཆོད་པོས་ངང་འགྲོ་བཞིན་ཡོད།
ཨ་མེ་རི་ཀས་སྔོན་ཆད་རྒྱ་ནག་ཕྱོགས་ནས་ཛ་དྲག་གི་རྣམ་འགྱུར་ལ་ཡ་ལན་ཅི་ལྟར་སྤྲད་པའི་གནས་སྟངས་དང་། མ་འོངས་པའི་གདམ་ཀ་གཉིས་བསྡུར་བ་ཡིན་ན་ད་ལྟའི་འཕོ་འགྱུར་འདིའི་ཤུགས་རྐྱེན་ཧ་ཅང་གསལ་བོ་རེད། ཕྱི་ལོ་༡༩༩༦་ལོར་ཐེ་ཝན་གྱི་འོས་བསྡུ་ཆེན་མོའི་སྐབས་རྒྱ་ནག་གིས་འོས་ཤོག་བླུགས་མཁན་རྣམས་ལ་ཞེད་སྣང་སྐུལ་བའི་ཆེད་ཐེ་ཝན་དང་ཐག་ཉེའི་རྒྱ་མཚོའི་ནང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་སྐབས། ཝ་ཤིན་ཌོན་གྱི་ཕྱོགས་ནས་གནམ་གྲུ་ཁྱེར་བའི་མཚོ་གྲུ་ཆེན་པོ་གཉིས་བཏང་ནས་ཐེ་ཝན་གྱི་བདེ་འཇགས་ཆེད་ཨ་རིའི་ཁས་ལེན་དམ་བཅའ་གང་ཡོད་དྲན་སྐུལ་བྱས་པར། རྒྱ་ནག་གི་དེའི་གོ་བརྡ་དང་དུ་བླངས་ནས་ཕྱིར་འཐེན་བྱས་པ་རེད། ད་ལྟ་གནས་སྟངས་གཅིག་པ་ཞིག་འོག་ཨ་མེ་རི་ཀའི་ཕྱོགས་ནས་རྩིས་མ་འདྲ་བ་ཞིག་རྒྱག་དགོས་ངེས་ཡིན། མཚོ་གྲུ་ཆེན་པོ་དེ་དག་ལ་ཉེན་འཚབ་སྔར་ལས་ཆེ་བ་དང་གདོང་ཐུག་གི་ཉེན་ཁ་འབྱུང་སླ་བོ་ཡིན། དེ་བས་ཕལ་ཆེར་ཝ་ཤོན་ཌོན་གྱི་ཕྱོགས་ནས་དམག་དཔུང་གི་འགུལ་སྐྱོད་ལ་ཚད་བཀག་གིས་ཕྱི་འབྲེལ་ཐོག་ནས་གནོན་ཤུགས་སྤྲོད་ཀྱི་ཡིན་པས། པེ་ཅིང་ལ་འབྱོར་བའི་བརྡ་ལན་ནི་འཇམ་པོའི་རང་བཞིན་ཅན་ཞིག་ཡིན་པ་དང་དེའི་ཤུགས་རྐྱེན་ཡང་ཆུང་ཆུང་ཡིན། རྒྱ་ནག་གི་གནམ་དམག་དང་མཚོ་དམག་ཐོག་འགྲོ་གྲོན་འབོར་ཆེན་གཏོང་བ་དེ་ཐབས་ཇུས་ཐོག་གནད་ཡོད་ཀྱི་ཁེ་ཕན་ཆེན་པོ་ཐོབ་ཀྱི་ཡོད། ཁེ་ཕན་དེས་གནད་འགག་ཐོག་བཅད་མཚམས་བཟོ་ཐུབ་ཀྱི་ཡོད།
རྒྱ་ནག་གི་མཚོ་ཐོག་འགོག་རྒོལ་གྱི་ནུས་ཤུགས་རྒྱ་བསྐྱེད་བྱེད་བཞིན་ཡོད་ཀྱང་སོ་སོས་མཚོ་ཐོག་སྟངས་འཛིན་བྱེད་པར་ད་དུང་ཐག་རིང་པོ་ཡིན། ཐ་ན་སོ་སོའི་རྒྱལ་ཁབ་དང་ཐག་ཉེ་སའི་མཚོ་ཐོག་ཏུ་ཡང་དེ་ལྟར་བྱེད་ཐུབ་ཀྱི་མེད། དབྱིན་ཇིའི་མཚོ་དམག་ཐབས་ཇུས་མཁས་པ་སིར་ཇོའུ་ལེན་ཁོ་སྦེར་དུས་རབས་གཅིག་གི་གོང་དུ་སྟོབས་ཤུགས་འཕོ་འགྱུར་གྱི་གནས་སྐབས་ལ་ཞིབ་འཇུག་གིས་རྒྱལ་ཁབ་གང་རུང་ཞིག་མཚོ་ཐོག་སྟོབས་ཤུགས་ཤོར་བར་རྒྱབ་ཁབ་གཞན་ཞིག་གིས་འབད་བརྩོན་བྱེད་དགོས་པའི་ངེས་པ་མེད་གསུང་ཡོད། རྒྱ་ནག་གི་མཚོ་དམག་ལ་ཨ་རིའི་དམག་གྲུ་གཏོར་བའི་ནུས་པ་སྔོན་མ་ལས་ཆེ་རུ་ཕྱིན་ཡོད། འོན་ཀྱང་། རྒྱང་ཐག་གི་འགལ་རྐྱེན་ཡོད་མེད་མ་ལྟོས་པར་ཨ་མེ་རི་ཁ་རྒྱ་ནག་གི་ཁ་གཏད་དུ་ལངས་ནས་དམག་གྲུ་གཏོར་ཐུབ་པའི་སྟོང་ཆ་ལ་རྒྱ་ནག་གི་ནུས་པ་དེ་ཙམ་འདོན་ཐུབ་མེད། རྒྱ་ནག་གི་གནམ་གྲུ་ཁྱེར་ཐུབ་པའི་དམག་གྲུ་དང་ཡང་ན་དམག་དཔུང་གིས་ཨེ་ཤི་ཡའི་ནང་སོ་སོའི་སྟོབས་ཤུགས་འཆར་འགོད་ལ་སྔོན་འགོག་བྱེད་པར་ཨ་མེ་རི་ཀར་རྒྱ་ཆེ་ཞིང་སྟོབས་དང་ལྡན་པའི་དམག་དཔུང་གི་ནུས་པ་འགྲན་ཟླ་བྲལ་ཞིག་མུ་མཐུད་རྒྱུན་འཛིན་ཐུབ་ཀྱི་ཡོད། གལ་སྲིད་རྒྱ་ནག་གིས་ཨ་རིའི་མཚོ་གྲུ་ལས་སླ་བོར་རྙེད་ནས་གཏོར་རྒོལ་བྱེད་ཐུབ་ཀྱི་ཡོད་བསམ་ན་ཨ་རིས་ཕྱོགས་ནས་ལན་འདེབས་བྱེད་རྒྱུ་ཡང་དཀའ་ངལ་གང་ཡང་མེད། དེ་འདྲ་ད་དུང་འཇར་པན་དང་རྒྱ་གར་ལྟ་བུའི་སྟོབས་ལྡན་རྒྱལ་ཁབ་ཀྱིས་བྱེད་ཐུབ་ལ། ཐ་ན་སྟོབས་ཤུགས་ཅུང་ཆུང་བའི་རྒྱལ་ཁབ་དཔེར་ན་ལྷོ་ཀོ་རི་དང་། སོང་རྒ་ཕོར། ཨོ་སི་ཊི་ལི་ཡས་ཀྱང་བྱེད་ཐུབ། འདིས་མ་འོངས་པའི་ཨེ་ཤིའི་མངའ་ཁུལ་གྱི་གནད་འགག་ཆེ་བའི་ཐབས་ཇུས་ཁོར་ཡུག་མཚོན་གྱི་ཡོད།
དམག་གི་འཕྲུལ་རིགས་ནུས་པས་རྒྱལ་ཁབ་གཞན་གྱིས་གནམ་གྲུ་ཁྱེར་ཐུབ་པའི་མཚོ་དམག་དང་དམག་གྲུ་གཞན་ཀྱིས་མཚོ་ཐོག་ནས་སྟོབས་ཤུགས་འཆར་འགོད་བྱེད་པར་ལྟོས་འཇོག་གིས་ལས་སླ་བོའི་སྒོ་ནས་སྔོན་འགོག་བྱེད་ཐུབ་ཀྱི་ཡོད། དེའི་དོན་ནི་ང་ཚོ་ཡང་(མཚོ་ཐོག་འགོག་རྒོལ་གྱི་དུས་རབས)་ནང་ཞུགས་ཀྱི་ཡོད། དེ་ནི་སྟོབས་ལྡན་རྒྱལ་ཁབ་ཀྱི་ཁ་གཏད་དུ་སྟོབས་ཤུགས་ཆེས་ཆེ་བའི་རྒྱལ་ཁབ་ཁག་གིས་མཚོ་ཐོག་ནས་སྟོབས་ཤུགས་འཆར་འགོད་བྱེད་རྒྱུ་ཧ་ཅང་ཁག་པོར་གྱུར་ཡོད་པ་དང་ཐ་ན་མཚོན་ཆ་ཡག་པོ་ལྡན་པའི་སྟོབས་ཤུགས་འབྲིང་ཙམ་ཡིན་པའི་རྒྱལ་ཁབ་ཀྱི་ཁ་གཏད་གཅོག་རྒྱུ་ཡང་ཁག་པོ་ཡོད།
འདི་ལ་མཇུག་འབྲས་ཤུགས་ཆེན་པོ་ཞིག་ཡོད་པ་ནི་དམག་དཔུང་སྟོབས་ཤུགས་འཆར་འགོད་ཙམ་མ་ཡིན་པས་ཚོང་འབྲེལ་སྲུང་སྐྱོབ་ལ་ཡང་འབྲེལ་བ་ཡོད། དེ་ནི་རྒྱ་ནག་གིས་སོ་སོའི་ཉེ་འགྲམ་གྱི་མཚོ་ཐོག་ནས་ནང་འདྲེན་བྱེད་རྒྱུའི་ནུས་པ་(རྡོ་སོལ་དང་སྣུམ། སོལ་རླངས་སོགས་)དང་དགོས་གལ་ཆེ་བའི་དངོས་ཆས་མཁོ་སྤྲོད་ཐོག་སྲུང་སྐྱོབ་བྱེད་མི་ཐུབ། དཔེར་བཞག་ན། ཧིན་རྡུ་རྒྱ་མཚོའི་བརྒྱུད་ལམ་ལྟ་བུ། རྒྱ་ནག་གི་ཕྱིར་གཏོང་དང་ནང་འདྲེན་གྱི་ཚོང་ལས་སྐྱེལ་འདྲེན་ཐོག་ཨ་རི་དང་ཡང་ན་དེ་ལས་སྟོབས་ཤུགས་ཆུང་བའི་མཚོ་དམག་གང་རུང་གིས་ལས་འགུལ་སྤེལ་བ་ཡིན་ན། རྒྱ་ནག་ཕྱོགས་ནས་དེ་སྲུང་སྐྱོབ་འདང་ངེས་ཀྱི་མཚོ་ཐོག་སྟངས་འཛིན་ཆ་ཤས་ཙམ་ཡང་ལེགས་འགྲུབ་བྱུང་ཐུབ་མེད། འོན་ཀྱང་། དེ་དང་ཕྱོགས་མཚུངས་རྒྱ་ནག་ཕྱོགས་ནས་ལས་སླ་བོའི་ཐོག་རྒྱལ་ཁབ་གཞན་གྱི་ཚོང་ལས་སྐྱེལ་འདྲེན་ལ་ཉེན་ཚབས་སྤྲོད་ཐུབ་ཀྱི་ཡོད་པས། རྒྱ་ནག་ཕྱོགས་ནས་གཏོར་རྒོལ་གཏོང་མཁན་གཞན་ལ་དགྲ་ཤ་ལེན་པའི་འཇིགས་སྐུལ་གྱིས་སོ་སོའི་ཚོང་ལས་ལ་སྲུང་སྐྱོབ་བྱེད་ཐུབ། དེ་ནི་འགོག་ཐབས་ཀྱི་སྟངས་སྟབས་ཕུལ་དུ་བྱུང་བ་ཞིག་རེད།
རྒྱ་ནག་གི་གནམ་གྲུ་འཕུར་སྐྱོད་ཐུབ་པའི་མཚོ་གྲུ་གང་འདྲ་ཞིག་ཡིན་ནམ།
པེ་ཅིང་ཕྱོགས་ནས་རང་ཉིད་ཀྱི་སྟོབས་ཤུགས་མཚོན་པའི་གྲུ་གཟིངས་དེ་འདྲ་གསར་རྒྱག་བྱེད་པར་སེམས་ཐག་གཙང་ཡིན་པ་ནི་མངོན་གསལ་དོད་པོ་རེད། རྒྱ་ནག་གི་གྲུ་གཟིངས་འཆར་འགོད་ཁག་ནས་རྒྱུན་སྲོལ་གྱི་མཚོ་ཐོག་གི་སྟོབས་ཤུགས་ཅན་དུ་འགྱུར་བར་འབད་བརྩོན་བྱེད་ཀྱི་ཡོད་པ་མཐོང་ཐུབ། འོན་ཀྱང་། རྒྱ་ནག་གི་མགོ་ཁྲིད་ཚོད་ངེས་པར་དུ་ཤེས་དགོས་པ་ཞིག་ལ། ཨ་རིའི་གནམ་གྲུ་འཕུར་སྐྱོད་ཐུབ་པའི་གྲུ་གཟིགས་རྣམས་གླགས་རྙེད་སླ་བོ་ཡིན་པ་དེ་བཞིན། ཨ་མེ་རི་ཁའི་ཆུ་འཛུལ་དམག་གྲུ་ཁག་དང་སྟོབས་ཆེན་དང་སྟོབས་ཤུགས་འབྲིང་ཙམ་ཡིན་པའི་རྒྱལ་ཁབ་ཁག་གིས་གྲུ་གཟིངས་དེ་རྣམས་གླགས་རྙེད་སླ་བོ་ཡིན་པ་དེ་རེད། འོ་ན་རྒྱ་ནག་གིས་ག་རེ་བྱས་ནས་དེའི་ཐོག་དངུལ་འབོར་ཆེན་ཞིག་གཏོང་གི་ཡོད་པ་རེད་དམ། དེ་ལ་འབྱུང་སྲིད་པ་གསུམ་ནི། དང་པོ། རྒྱ་ནག་གི་འགོ་ཁྲིད་ཚོས་སྲོལ་རྒྱུན་གྱི་ནོར་འཁྲུལ་སྟེ་དོན་ལྡན་ཐབས་ཇུས་བྱ་བཞག་གི་སྔོན་དུ་ཕྱིའི་རྣམ་པ་འཇོག་པ་དང་། གྲུ་གཟིངས་དེ་དག་ཁོ་ཚོའི་བཀོལ་སྤྱོད་ཀྱི་ཕན་ནུས་ཆེད་རྒྱག་པ་ལས་སྙན་གྲགས་དང་གོ་བབ་ཆེད་རྒྱག་པ་དེ་རེད།
གཉིས་པ། གཅིག་བྱས་ན་ཁོ་ཚོས་མ་འོངས་པར་མངའ་ཁུལ་དུ་སྟོབས་ཤུགས་འཆར་འགོད་སྐབས་སྟོབས་ཤུགས་ཞན་པའི་རྒྱལ་ཁབ་ཁག་གི་ཁ་གཏད་གཅོག་པར་དམིགས་པ་ཞིག་ཡིན་སྲིད། གསུམ་པ། ཁོ་ཚོར་དམིགས་འདུན་ཆེན་པོ་ཡོད་སྲིད་པ་དེ་ཡང་མི་རིང་པའི་མ་འོངས་བར་ཁོ་ཚོས་ཨ་རི་དང་འཇར་པན་མཚོན་པའི་སྟོབས་ཆེན་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་ནས་མཚོ་ཐོག་སྟངས་འཛིན་བྱེད་པའི་གོ་སྐབས་བྱུང་དུས་གྲ་སྒྲིག་ཨང་གསར་ཡོད་པ་དེ་རེད།
རྒྱ་ནག་གིས་ཡུན་རིང་གི་མཇུག་སྡོམ་མེད་པའི་འཆར་གཞི་ཁག་གིས་ང་ཚོར་དོ་སྣང་སྤྲོད་ཀྱི་ཡོད་པའི་སྐབས་འདིར། ང་ཚོས་ཡར་རྒྱས་ཅན་གྱི་རྒྱ་ནག་ལ་ལན་འདེབས་ནི་ཁོ་ཚོས་བླངས་ཟིན་པའི་གྲུབ་འབྲས་དང་། མ་འོངས་པའི་མི་ལོ་བཅུ་ཕྲག་གཅིག་གམ་གཉིས་ཀྱི་ནང་ཁོ་ཚོས་ལེན་སྲིད་པའི་གྲུབ་འབྲས་རྣམས་ལ་དོ་སྣང་མང་ཙམ་སྤྲོད་རྒྱུ་དེ་རེད། དེའི་སྐོར་ལ་ང་ཚོས་རྒྱ་ནག་གི་མངོན་འདོད་སྐོར་མང་པོ་ཞིག་བཤད་ཡོད་ཀྱང་ཁོ་ཚོས་གྲུབ་འབྲས་སྐོར་འདང་ངེས་ཞིག་གླེང་མེད། ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་ཀྱི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ལྟ་ཚུལ་ནི། གནས་ཚུལ་སྡུག་པོ་ཞིག་ལ་རྒྱ་ནག་གིས་ཨ་མེ་རི་ཀའི་དམག་དཔུང་ཨེ་ཤི་ཡའི་མངའ་ཁུལ་དུ་སླེབས་པར་འགོག་རྒོལ་ཐད་གྲུབ་འབྲས་གང་འཚམས་བླངས་ཡོད། གནས་ཚུལ་ཡག་པོ་ནི་ཁོ་ཚོས་ད་དུང་སོ་སོའི་ཉེ་འདབས་ལས་བརྒལ་ཏེ་རྒྱ་བསྐྱེད་བྱེད་པའི་རྟགས་མཚན་མཐོང་མི་ཐུབ། འདིར་མཚོ་ཐོག་སྐོར་ནས་ཤོད་ཀྱི་ཡོད། ཐ་ན་སོ་སོའི་ཐག་ཉེའི་ཁྱིམ་མཚེས་གླིང་ཕྲན་ཁག་ལ་སླེབས་ཐུབ་ཀྱི་མེད། ཨེ་ཤི་ཡའི་གླིང་ཆེན་ནང་ང་ཚོས་མཐོང་ཐུབ་པ་ནི་རྒྱ་ནག་ལ་མི་འབོར་དང་དཔལ་འབྱོར་གྱིས་ཁོང་ཚོར་ས་ཐོག་གི་འགྲན་ཟླ་བྲལ་བའི་སྟོབས་ཤུགས་ཞིག་ཆགས་ཡོད། རྒྱ་ནག་དང་གླིང་ཆེན་གཅིག་པ་ཡིན་པའི་ཁྱིམ་མཚེས་རྣམས་ཀྱིས་ཇི་ལྟར་ཁ་གཏད་གཅོག་པ་ནི་བསམ་ཡིད་ལས་འདས་པའི་དྲི་བ་ཞིག་ཡིན། འོན་ཀྱང་། གནད་དོན་གཅིག་གསལ་བོ་ཡིན་པ་ནི། ཨ་མེ་རི་ཀའི་གོ་མཚོན་དཀྱུས་མའི་དམག་དཔུང་གི་ཆ་ཤས་ཀྱི་ལེན་མ་རེད། ཨ་མེ་རི་ཀའི་ཨེ་ཤི་ཡའི་མངའ་ཁུལ་དུ་རྒྱ་ནག་ལ་ས་ཐོག་ཏུ་གོ་མཚོན་དཀྱུས་མའི་དམག་འཁྲུག་རྒྱག་གི་མ་རེད།
ཨ་མེ་རི་ཀས་ཇི་ལྟར་ལན་འདེབས་བྱེད་ཐུབ།
ཨ་མེ་རི་ཀས་དམག་དཔུང་གི་གནས་བབ་སྐྱར་གསོ་བྱེད་པར་ག་རེ་བྱེད་ཐུབ་བམ། འཕྲུལ་རིགས་གསར་བ་བཟོ་སྐྲུན་བྱེད་ཐུབ་ན་རོགས་ཕན་ཡོང་གི་རེད། དཔེར་ན་ཆུ་འཛུལ་དམག་གྲུ་རྩད་གཅོད་ཐོག་མདུན་མཆོངས་ཀྱི་གྲུབ་འབྲས་ལེན་པ་ལྟ་བུ། འོན་ཀྱང་། དེས་མཚོ་ཐོག་འགོག་རྒོལ་གྱི་དགེ་མཚན་ལས་བརྒལ་དེ་གནམ་གྲུ་ཁྱེར་ཐུབ་པའི་གྲུ་གཟིངས་ལ་ཉེན་ཚབས་མེད་པར་འགུལ་སྐྱོད་ཀྱིས་དམག་དཔུང་གི་བར་ཁྱད་ལ་འགྱུར་བ་གཏོང་ཁག་པོ་རེད། དེ་འདྲ་ཡོང་བར་གདམ་ཀ་གཅིག་ལས་མེད། དེ་ནི་གནམ་གྲུ་ཁྱེར་ཐུབ་པའི་གྲུ་གཟིངས་བཀོལ་སྤྱོད་བྱེད་པར་ཐོག་མར་རྒྱ་ནག་གི་མཚོ་ཐོག་འགོག་རྒོལ་གྱི་རྟེན་གཞི་གང་མང་མང་ཞིག་གཏོར་བཅོམ་གཏོང་དགོས་ཀྱི་ཡོད། མི་མང་པོས་འདི་ལྟར་བརྗོད་ཀྱི་ཡོད། ཨ་མེ་རི་ཀས་གནམ་གྲུ་འཕུར་སྐྱོད་ཐུབ་པའི་གྲུ་གཟིངས་ཆེན་པོ་བཀོལ་ནས་དམག་འཁྲུག་རྒྱག་མ་དགོས་པར་ཨ་མེ་རི་ཀའི་སྟོབས་ཤུགས་འཆར་འགོད་བྱེད་ཐུབ་ཀྱི་ཡོད་ཟེར། མ་འོངས་པར་ཨ་མེ་རི་ཀས་གནམ་གྲུ་འཕུར་སྐྱོད་ཐུབ་པའི་གྲུ་གཟིངས་ཆེན་པོ་བཀོལ་སྤྱོད་མ་བྱས་སྔོན་ལ་དམག་འཁྲུག་རྒྱག་དགོས་པ་ཆགས་ཀྱི་ཡོད། དེའི་དོན་ནི་རྒྱ་ནག་གི་ཆུ་འཛུལ་དམག་གྲུ་དང་། དེའི་རྟེན་གཞི་ཁག གནམ་གྲུ་དང་གནམ་ཐང་། མེ་ཤུགས་འཕུར་མདའ་གཏོང་ས། གསང་ཞིབ་ས་ཚིགས་ཁག་དང་བཀོད་འདོམས་མ་ལག་བཅས་ལ་གཏོར་རྒོལ་གྱི་ལས་འགུལ་ཆེན་པོ་ཞིག་སྤེལ་དགོས་ཀྱི་ཡོད། Pentagon་ཕན་ཌེ་རྒོན་(ཨ་རིའི་རྒྱལ་སྲུང་ལྷན་ཁང་) ནས་དེ་ལྟར་བྱེད་པར་ཕྱག་ལས་མང་པོ་གནང་ནས་འཆར་གཞི་བཟོས་ཡོད་པ་རེད། དེ་ལ་ Anti-Access and Area-Denial capabilities. (འགྲོ་ལམ་བཀག་འགོག་དང་ས་ཁུལ་དགག་ལན་གྱི་ནུས་པ)ཟེར་ཞིང་འཕྲད་སྲིད་པའི་དཀའ་ངལ་ལ་གདོང་ལེན་གྱིས་ཨ་མེ་རི་ཀའི་སྟོབས་ཤུགས་འཆར་འགོད་རྒྱུན་གནས་ཡོང་བ་ཇི་ལྟར་བྱེད་དགོས་མིན་ཐོག་ལ་བལྟས་ཡོད་པ་རེད། རྒྱ་ནག་ནི་འགྲན་རྩོད་བྱེད་མཁན་གཅིག་པོ་དེ་མ་རེད། འོན་ཀྱང་། ཁོ་ཚོ་གནད་འགག་ཆེ་ཤོས་གཅིག་ཆགས་ཡོད་པ་དང་། ཁོ་ཚོ་ནི་འཆར་གཞི་གསར་བ་དེའི་དམིགས་གཏད་གཙོ་བོ་ཡིན་པ་གསལ་བོ་རེད། འཆར་གཞི་དེ་གཙོ་བོ་གནམ་མཚོ་གཉིས་ཀྱི་ལྟ་ཚུལ་དང་མཉམ་འབྲེལ་བྱ་སྤྱོད་ཀྱི་ལྟ་ཚུལ་ཐོག་ནས་རྒྱ་བསྐྱེད་བྱས་པ་ཞིག་ཡིན་པ་དང་། དམག་འཁྲུག་དངོས་ཀྱི་ནང་ལྟ་ཚུལ་དེ་དག་ནི་རྒྱུ་མཚན་ལྡན་པ་ཞིག་རེད། གལ་སྲིད་ཨ་མེ་རི་ཀ་ནས་མཚོ་ཐོག་སྟངས་འཛིན་རྒྱུན་སྐྱོང་བྱེད་པར་ཁོ་ཚོས་ངེས་པར་དུ་ཁྱོན་ཡོངས་དང་གང་མགྱོགས་སྒོ་ནས་རྒྱ་ནག་གི་མཚོ་ཐོག་འགོག་རྒོལ་ནུས་མེད་གཏོང་དགོས།
ཐབས་ཇུས་ཀྱི་ཐོག་ནས་བཤད་ན། གནམ་མཚོའི་དམག་འཁྲུག་གིས་དོན་དངོས་ཐོག་ཚབས་ཆེན་གྱི་དྲི་བ་གཏོང་གི་ཡོད།
རྒྱ་ནག་ལ་འཇུག་པ་ནང་བཞིན་གནམ་མཚོའི་དམག་འཁྲུག་ནི་ཐབས་ཇུས་ཀྱི་དོན་སྙིང་མེད་པའི་འཐབ་འཁྲུག་གི་ལྟ་ཚུལ་ཞིག་རེད།
དང་པོ། ལྟ་ཚུལ་དེ་ལྟར་རྒྱ་ནག་གི་ཁ་གཏད་དུ་ལངས་ནས་ཨ་མེ་རི་ཀའི་སྟོབས་ཤུགས་ཀྱི་འཆར་འགོད་ལག་བསྟར་བྱེད་ཐུབ་པའི་ནུས་པ་སྐྱར་གསོ་བྱེད་ཐུབ་པ་ཡིན་ན་ཡང་། དེས་ཨ་མེ་རི་ཀའི་ཐབས་ཇུས་ཀྱི་དམིགས་ཡུལ་ཁག་འགྲུབ་ཐུབ་ཀྱི་མེད། ཨ་མེ་རི་ཀའི་ད་དུང་དམག་དཔུང་བེད་སྤྱོད་གཏོང་བའི་ཐབས་ལམ་ཞིག་བཙལ་ནས་རྒྱ་ནག་ལས་རྒྱལ་ཁ་ཐོབ་པའི་འཆར་འགོད་ཞིག་བཟོ་ཐུབ་དགོས། རྒྱ་ནག་གི་གལ་གནད་ཆེ་བའི་མངོན་འདོད་དང་འབྲེལ་ཡོད་ཁག་ལ་ཐུག་སྐབས། འཆར་འགོད་དེ་ལེགས་འགྲུབ་ཡོང་ཁག་པོ་ཡིན། རྒྱ་ནག་གི་འདུལ་དཀའ་བའི་སྟོབས་ཤུགས་ཁག་ལ་བལྟས་ན་ཨ་མེ་རི་ཀའི་མཚོན་ཆ་དཀྱུས་མའམ་སྲོལ་རྒྱུན་དམག་དཔུང་(རྐང་དམག)་གིས་རྒྱ་ནག་གི་དམག་དཔུང་ཕམ་ཉེས་བཟོ་ཁག་པོ་ཡིན། རྒྱ་ནག་ནི་ཨེ་རག་མ་རེད། ཨ་མེ་རི་ཀའི་ནམ་ཡང་རྒྱ་ནག་གི་སྐམ་སའི་ནང་དོན་སྙིང་ལྡན་པའི་ས་ཆ་བདག་འཛིན་བྱེད་མི་ཐུབ་པ་དང་། རྒྱ་ནག་གི་བདག་དབང་ལ་འཇིགས་སྐུལ་གཏོང་མི་ཐུབ། དེ་བས་ཨ་མེ་རི་ཀས་རྒྱ་ནག་དང་དམག་འཐབ་ནང་གང་འདྲ་བྱས་ནས་མཐའ་མའི་གྲུབ་འབྲས་ལེན་ཐུབ་བམ།
གཉིས་པ། རྒྱ་ཆེ་བའི་རྒྱ་ནག་གི་དམག་དཔུང་དང་དམག་འཐབ་ཆེན་པོ་ཞིག་རྒྱག་པར་རྒྱ་མཚོའི་ནང་རྒྱ་ནག་ལ་སྙོབ་ཐུབ་པའི་སར་དམག་དཔུང་གཏོང་དགོས་ཀྱི་ཡོད་པ་དང་དམག་དཔུང་གི་འགུལ་སྐྱོད་བྱས་པ་ཙམ་གྱིས་ཉེན་ཚབས་ཆེན་པོ་ཞིག་སླེབས་ཀྱི་ཡོད། རྒྱ་ནག་གིས་དམག་དཔུང་གི་འདེམས་ཀ་ཡོད་ཚད་བཀོལ་ནས་གདོང་ལེན་བྱེད་ཀྱི་རེད་ལ། འགྱུར་བ་དེས་གང་མགྱོགས་དང་དོན་དངོས་ཐོག་དམག་འཁྲུག་ཆེན་པོ་ཞིག་གི་ནང་ཁྲིད་ཀྱི་རེད། དེ་བས་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་མངའ་ཁུལ་དུ་རྒྱ་ནག་གི་ཁ་གཏད་དུ་ལངས་བའི་ཐག་གཅོད་ནི་དོན་དངོས་ཐོག་མཇུག་འབྲས་ནི་ཚང་མ་དམག་འཁྲུག་ཆེན་པོ་ཞིག་གི་ནང་ཁྲིད་པའི་ཐག་གཅོད་ཅིག་ཡིན།
འདིས་བྱེད་སྒོ་སྤེལ་རྒྱུ་ཐག་རིང་དུ་གཏོང་གི་ཡོད་པ་དང་། དོན་འབྲས་ལྡན་པའི་བྱེད་སྒོ་ཞིག་སྤེལ་པར་ཨ་མེ་རི་ཀ་ནས་སོ་སོར་ཆེས་གལ་འགངས་ཆེ་བའི་དཔལ་འབྱོར་གྱི་ཚོང་གྲོགས་དང་མཉམ་དུ་དམག་འཐབ་ཆེན་པོ་ཞིག་རྒྱག་དགོས་ཀྱི་ཡོད་པ་དེ་རེད།
གནས་སྟངས་མང་པོ་ཞིག་འོག་ནས་ཨ་མེ་རི་ཀ་ཡིས་རིམ་གྱིས་ཉམས་རྒུད་གཏོང་ཐུབ་པའི་བྱེད་སྒོ་ཞིག་འདེམས་ཐུབ་མོད། ཨ་མེ་རི་ཀ་ཕྱོགས་ནས་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་སྲུང་སྐྱོབ་ཆེད་འགྲོ་གྲོན་དང་ཉེན་ཁ་མང་པོ་གདོང་ལེན་བྱེད་དགོས་པའི་དགེ་མཚན་ཡོད་མེད་གསལ་བོ་མེད།
དེ་བས་གནམ་མཚོའི་དམག་འཐབ་ཀྱི་ལྟ་ཚུལ་འདི་རྒྱ་སྐྱེད་གཏོང་བཞིན་པའི་རྒྱའི་དམག་དཔུང་གི་ཐབས་ཇུས་ལ་ཁ་གཏད་གཅོད་པའི་ཐབས་ལམ་ཆགས་ཀྱི་མེད། ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་མངའ་ཁུལ་དུ་རྒྱ་ནག་གི་མཚོ་དམག་དང་གནམ་དམག་གི་ཁ་གཏད་བྱེད་པར་ཨ་མེ་རི་ཀར་མཚོ་ཐོག་སྟངས་འཛིན་མུ་མཐུད་ནས་བྱེད་ཐུབ་པའི་ནུས་མེད་པས། ཨེ་ཤེ་ཡའི་ནང་ཐབས་ཇུས་ཀྱི་འགོ་གཙོ་བྱེད་པའི་དམག་དཔུང་གི་རྨང་གཞི་སྟེ་མཚོ་ཐོག་རྟེན་གཞི་བྱས་ནས་དམག་དཔུང་བཀོད་འདོམས་བྱེད་པའི་ནུས་པ་ཤོར་ཚར་ཡོད། དཀའ་རྙོག་འདི་ཨ་རིའི་དཔྱ་ཁྲལ་མ་དངུལ་གྱི་ཆུ་བོས་གཙང་བཟོ་བྱེད་མི་ཐུབ། ལྷག་པར་དུ་མ་འོངས་པའི་ལོ་ཤས་རིང་རྒྱལ་སྲུང་ལྷན་ཁང་གི་སྔོན་རྩིས་དམ་པོ་དེས་རྒྱ་ནག་གི་སྟོབས་ཤུགས་གསར་བར་ལན་འདེབས་བྱེད་ཁག་རུ་བཏང་ཡོད། འོན་ཀྱང་། ཨ་མེ་རི་ཀའི་གཞུང་ཁྲལ་དངུལ་འབབ་ཀྱི་ཚད་ཀྱིས་དཀའ་ངལ་དེ་བཟོས་པ་མིན་ལ། དངུལ་འབོར་ཆེན་ཞིག་བཏང་བས་ཀྱང་དཀའ་ངལ་དེ་མེད་པར་བཟོ་མི་ཐུབ།
གནད་དོན་འདི་གལ་འགང་ཆེ་ཆུང་ནི་ཨ་མེ་རི་ཀའི་ཕྱོགས་ནས་ཨེ་ཤི་ཡའི་ནང་ཐབས་ཤེས་ག་རེ་གནང་གི་ཡོད་མེད་ལ་ཐུག་ཡོད། གལ་སྲིད་ཁོ་ཚོས་དམིགས་ཡུལ་སྔོན་ལྟར་མུ་མཐུད་འགོ་གཙོའི་གནས་བབ་རྒྱུན་གནས་བྱེད་རྒྱུ་དེ་ཡིན་ན། མཚོ་ཐོག་སྟངས་འཛིན་དེ་རྒྱ་ནག་གི་དམག་དཔུང་ལ་ཤོར་བ་དེ་གྱོང་གུན་ཆེན་པོ་ཞིག་ཡིན། འོན་ཀྱང་། ཨ་མེ་རི་ཀའི་དམིགས་ཡུལ་དེ་ཨེ་ཤི་ཡའི་ནང་དོ་མཉམ་ཡོང་ཐབས་བྱེད་རྒྱུ་དང་། ཨེ་ཤི་ཡའི་འགོ་གཙོའི་གནས་བབ་རྒྱུན་འཛིན་བྱེད་པ་མ་ཡིན་པར་རྒྱ་ནག་གི་དབང་སྒྱུར་ནུས་པར་ཚད་བཀག་བཟོ་བ་དེ་ཡིན་ན། གནས་ཚུལ་རྣམས་དེ་འདྲའི་སྡུག་པོ་ཞིག་མིན། ང་ཚོས་མཐོང་གསལ་ལྟར་མ་འོངས་པའི་དུས་ཚོད་རིང་པོར་ཨ་མེ་རི་ཀའི་ཕྱོགས་ནས་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་ས་ཁུལ་དེ་རྒྱ་ནག་གི་སྟངས་འཛིན་འོག་ཏུ་མི་འགྲོ་བ་ཞིག་བྱེད་ཐུབ་པ་དང་། དེ་ཡང་ཨ་རིའི་སྔོན་རྩིས་ཉམ་ང་བ་དང་གནོན་བཙུར་ཇི་འདྲ་ཡིན་མིན་པ་མ་བལྟོས་པར་རྒྱུན་གནས་བྱེད་ཐུབ། ཨ་མེ་རི་ཀས་རྒྱ་ནག་ཟིལ་གྱིས་གནོན་པར་མཚོ་ཐོག་སྟངས་འཛིན་བྱེད་ཐུབ་དགོས་ཀྱང་། དོ་མཉམ་ཡོང་བར་ཨ་མེ་རི་ཀའི་ཕྱོགས་ནས་མཚོ་ཐོག་འགོག་རྒོལ་རྒྱུན་གནས་བྱེད་ཐུབ་པས་ཆོག་ལ་ཨ་རིས་ཕྱོགས་ནས་དེ་བྱེད་ཐུབ་ངེས་ཡིན།
རྡུལ་ཕྲན་མཚོན་ཆའི་ཚད་གཞི།
མཇུག་མཐར་ང་ཚོས་རྡུལ་ཕྲན་མཚོན་ཆའི་ཚད་གཞི་ལ་བསམ་བློ་གཏོང་དགོས། ང་ཚོས་རྡུལ་ཕྲན་མཚོན་ཆའི་སྐོར་ལ་བསམ་བློ་གཏོང་དུས་དེ་ནི་གྲང་དམག་སྐབས་ཨ་རི་དང་སོ་ཝེ་(སྔོན་མའི་ར་ཞི་ཡ)་སོགས་སྟོབས་ཆེན་རྒྱལ་ཁབ་དབར་གྱི་འབྲེལ་བའི་བྱུང་སྟངས་དེ་རེད། ཨ་རི་དང་རྒྱ་ནག་དབར་གྱི་རྡུལ་ཕྲན་མཚོན་ཆའི་ཁྱད་པར་སྔོན་མ་དང་བསྡུར་ཐབས་མེད་པས་དེ་ནི་རྒྱལ་ཁབ་གཉིས་ཀྱི་ཐབས་ཇུས་ནང་བརྩི་རིན་མེད་པ་ཞིག་ཡིན།
གྲང་དམག་སྐབས་དང་དེང་དུས་ཀྱི་དམག་དཔུང་གི་ཁྱད་པར་ནི་ཆ་སྙོམས་མིན་པའི་དམག་དཔུང་དེ་རེད། རྒྱ་ནག་གི་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ནི་ཨ་མེ་རི་ཀའི་སྟོབས་ཤུགས་ཀྱི་ཆ་ཤས་ཆུང་ཆུང་ཞིག་ལས་མེད། ཁོང་ཚོས་ཨ་མེ་རི་ཀའི་ནང་རྒྱལ་ཁོངས་ཀྱི་དམིགས་འབེན་ལ་གཏོར་རྒོལ་གཏོང་བའི་ནུས་པ་ནི་ར་ཞི་ཡ་དང་། ཡང་ན་། ཨ་མེ་རི་ཀས་རྒྱ་ནག་རྒྱལ་ཁོངས་ལ་གཏོར་རྒོལ་གཏོང་བའི་ནུས་པ་དང་བསྡུར་ན་ཧ་ཅང་ཆུང་། དེ་བས་རྒྱ་ནག་དེ་བཞིན་རྡུལ་ཕྲན་མཚོན་ཆའི་སྡང་དགྲར་འཛིན་རྒྱུ་ཁག་པོ་ཆགས་ཡོད་ལ་ལྟ་ཚུལ་དེ་ནི་བསམ་ཡུལ་འདས་པའི་ནོར་འཁྲུལ་ཆེན་པོ་ཞིག་ཡིན། རྒྱ་ཁྱོན་གཅིག་པོས་སྒྲུང་ཆ་ཚང་བཤད་མི་ཐུབ། རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆའི་གོ་མཛོད་ཀྱི་ཐབས་ཇུས་དམིགས་ཡུལ་ལ་འགྱུར་ལྡོག་དེ་ཙམ་ཕྱིན་མེད་ཀྱང་འདས་པའི་ལོ་ངོ་བཅུ་ཕྲག་དེའི་ནང་གལ་ཆེའི་འགྱུར་ལྡོག་བྱུང་ཡོད།
དེའི་གཞི་རྩའི་ལས་འགན་ནི་རྡུལ་ཕྲན་དམག་འཐབ་འགོག་རྒོལ་ཆེད་ཡིན་པ་དང་དེ་ཡང་ཕྱི་ལོ་༡༩༥༠་ནང་ཞེད་སྣང་སྐུལ་པ་དེ་འདྲ་ཡང་བསྐྱར་མི་ཡོང་པའི་ཆེད་རེད། དེ་དག་སྔོན་འགོག་བྱེད་པར་རྒྱལ་ཁབ་གང་རུང་གིས་རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་བཏང་བ་ཡིན་ན་གཏོང་རྒོལ་གཏོང་མཁན་ལ་འཁོན་ལན་སློག་པར་འདང་ངེས་ཀྱི་དམག་དཔུང་རྒྱ་སྐྱེད་བཏང་ཡོད་པ་རེད།ཉེ་བའི་ལོ་ཤས་རིང་རྒྱ་ནག་གི་གོ་མཚོན་དཀྱུས་མའི་མཚོ་དམག་རྒྱ་བསྐྱེད་བྱས་པ་དང་མཉམ་དུ་རྡུལ་ཕྲན་མཚོན་ཆ་བཀོད་སྤྱོད་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། ད་དུང་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆའི་བྱེད་ལས་ཁག་ནི། གལ་སྲིད་ཨ་མེ་རི་ཀས་ཕྱོགས་ནས་གནམ་མཚོ་གཉིས་ཀྱི་དམག་འཐབ་འཆར་འགོད་ལྟར་གོ་མཚོན་དཀྱུས་མའི་གཏོར་རྒོལ་ཤུགས་ཆེན་བྱས་པར་རྒྱ་ནག་ཕྱོགས་ནས་འགོག་ཐབས་བྱེད་རྒྱུ་དེ་ཡིན་པ་དང་། རྒམ་Guam་ལ་སོགས་པའི་ཨ་མེ་རི་ཀའི་དམག་གི་རྟེན་གཞི་ཁག་ལ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་གཏོང་བའི་ཉེན་ཁ་སྤྲད་ཡོད། ཆ་འཇོག་འོས་པའི་ཉེན་ཀ་འདིས་ཕྱོགས་གཉིས་ཀྱི་ངེས་གཏན་མེད་པའི་ཚོད་དཔག་ཐོག་སྡོད་བཅུག་ཡོད། རྒྱ་ནག་གིས་རྒམ་Guam་ལ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བཏང་བར་ཨ་མེ་རི་ཀས་འཁོན་ལན་སློག་ཆེད་རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་གཏོང་བར་རྒྱ་ནག་ཕྱོགས་ནས་དེ་འགོག་རྒོལ་ཆེད་ཨ་མེ་རི་ཀའི་གྲོང་ཁྱེར་ཆེ་ཁག་རྣམས་གཏོར་ཐུབ་པའི་ནུས་པ་ག་ཚོད་ཡོད་མེད་རྩིས་རྒྱག་དགོས་ཀྱི་ཡོད།
ཐག་གཅོད་དེ་ནི་གཙོ་བོ་ཕྱོགས་གཉིས་ཀྱི་ཐབས་ཇུས་དགོས་མཁོའི་རྒྱ་ཁྱོན་གྱི་གནད་འགག་ལ་ཐུག་བསྡད་ཡོད། གྲང་དམག་གི་སྐབས་སུ་ཨ་མེ་རི་ཀས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་གཏོང་བའི་འཇིགས་སྐུལ་བྱས་བར་བརྟེན་སོ་ཝེ་ཌི་(ར་ཞི་ཡ)གྲང་དམག་གི་སྐབས་སུ་ར་ཞི་ཡ་ནས་ཡོ་རབ་ཐོག་གོ་མཚོན་དཀྱུས་མས་གཏོར་རྒོལ་མི་ཡོང་པའི་ཆེད་ཨ་མེ་རི་ཀས་རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་བཏང་བར་རྒྱུ་མཚན་ངེས་ཅན་ཞིག་ཡོད། གང་ཡིན་ཟེར་ན་ཡོ་རབ་ནུབ་ཕྱོགས་ས་ཁུལ་དེ་ཨ་མེ་རི་ཀའི་བདེ་འཇགས་ལ་གལ་གནད་ཆེན་པོར་གྱུར་ཡོད་པ་དང་དེ་སོ་ཝེ་(ར་ཞི་ཡ)་ལག་ཏུ་མི་ཤོར་པའི་ཆེད་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ལ་གདོང་ལེན་བྱེད་རྒྱུ་ཡིན་པ་ཕྱོགས་གཉིས་ཀས་ཡོངས་གྲགས་ངོས་འཛིན་བྱས་ཡོད། ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་མངའ་ཁུལ་ཆེད་ཨ་མེ་རི་ཀའི་གྲོང་ཁྱེར་རྣམས་ཀྱི་ནང་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་ཐེབས་ཀྱང་སྲུང་སྐྱོབ་བྱེད་པ་དེ་འདྲའི་གནད་འགག་ཆེན་པོ་ཡིན་པ་རྒྱ་ནག་ཕྱོགས་ནས་ཡིད་ཆེས་བྱེད་ཀྱི་རེད་དམ། ཨ་རིའི་རྒྱལ་ཁབ་ལ་ཨེ་ཤི་ཡའི་མངའ་ཁུལ་གྱི་ཁེ་ཕན་ནི་གྲང་དམག་སྐབས་ཀྱི་ཡོ་རབ་དང་བསྡུར་ན་དེ་འདྲའི་མ་བྱས་ཐབས་མེད་ཀྱི་གནད་འགག་མེད་པ་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་ཐབས་ཇུས་ཀྱི་སྔོན་དཔག་བྱེད་ཀྱི་ཡོད།
དེ་བས་རྒྱ་ནག་ཕྱོགས་ནས་འདི་འདྲའི་ཚོད་དཔག་ཅིག་བྱེད་ཀྱི་ཡོད་པ་ནི། ཨ་མེ་རི་ཀའི་ཁ་གཏད་དུ་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་ཆུང་ཆུང་ཞིག་གི་འཇིགས་སྐུལ་བྱས་པས་ཀྱང་ཨ་རིས་ཕྱོགས་ཀྱི་གོ་མཚོན་དཀྱུས་མའི་དམག་དཔུང་གཞི་རྒྱ་ཆེན་པོ་ཞིག་འགོག་རྒོལ་གྱི་ནུས་པ་ཐོན་གྱི་ཡོད་པ་དེ་རེད། དེའི་ནང་དོན་ནི་རྒྱ་ནག་གི་ཐབས་ཇུས་དམིགས་ཡུལ་འགྲུབ་པར་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྟོས་ས་ལྟོས་འཇོག་གི་ཆུང་ཆུང་ཞིག་ལས་དགོས་ཀྱི་མེད། དེ་བས་རྒྱ་ནག་ལ་མཚོན་ན་རྡུལ་ཕྲན་མཚོན་ཆའི་ཕྱོགས་ནས་ཨ་མེ་རི་ཀའི་དང་རྩོད་རྙོག་སྐབས་གོ་གནས་དེ་ཙམ་ཆེན་པོ་དང་ངེས་གཏན་ཡོད་པ་ཞིག་ཟིན་གྱི་མེད། དེའི་ཕྱོགས་ནས་རྒྱ་ནག་ལ་ཁེ་ཕན་ཐོབ་ཀྱི་ཡོད།
དེ་ནི་ཨེ་ཤི་ཡ་མངའ་ཁུལ་གྱི་ཨ་མེ་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་གནད་འགག་ཆགས་ཡོད། རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་འགོག་ཐབས་ནི་མཐུན་གྲོགས་རྒྱལ་ཁབ་ཚོས་གཙོ་བོར་འཛིན་གྱི་ཡོད་ལ། ཨ་མེ་རི་ཀས་སོ་སོའི་མཐུན་གྲོགས་ཁག་དང་རྒྱ་ནག་བཅས་ཕྱོགས་ཚང་མས་ཤེས་དགོས་པ་ཞིག་ལ་གལ་སྲིད་རྒྱ་ནག་གིས་ཨ་མེ་རི་ཀའི་མཐུན་གྲོགས་རྒྱལ་ཁབ་གང་རུང་ལ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བཏང་བ་ཡིན་ན། རྒྱ་ནག་ཕྱོགས་ནས་རྡུལ་ཕྲན་མཚོན་ཆས་ལན་འདེབས་ཀྱི་ཉེན་ཚབས་ཡོད་མེད་ལ་མ་བལྟས་པར་ཨ་མེ་རི་ཀས་རྡུལ་ཕྲན་མཚོན་ཆས་འཁོན་ལན་སློག་རྒྱུ་ཡིན་པ་དེ་ཡིན། དེ་བས་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་འགོག་ཐབས་ནི་ཝ་ཤོན་ཌོན་ནས་ཨ་རི་རང་ཉིད་བདེ་འཇགས་སྲུང་བ་ལྟར་མཐུན་གྲོགས་རྒྱལ་ཁབ་ཚོར་དེ་མཚུངས་སུ་ངོས་འཛིན་བྱས་པ་ཁོ་ནས་གྲུབ་འབྲས་ཐོན་གྱི་ཡོད། དྲི་བ་ཆེན་པོ་ཞིག་ཡོད་པ་ནི་ཨ་རིའི་ཕྱོགས་ནས་པེ་ཅིང་ལ་ཐེ་ཝན་འཕྲོག་འཇུག་པ་ལས་གྲོང་ཁྱེར་ལོ་སི་བེ་སྒེ་སི་ལ་རྡུལ་ཕྲན་མཚོན་ཆ་གཏོར་རྒོལ་ཕོག་འཇུག་རྒྱུ་ཡིན་པ་རྒྱ་ནག་ལ་ར་སྤྲོད་བྱེད་ཐུབ་མིན་དེ་ཡིན། དྲི་བ་དེས་ལན་ནི་ཕལ་ཆེར་ཕོག་འཇུག་གི་མ་རེད།
ཨ་མེ་རི་ཀའི་ཞེ་འདོད་ནི་སྔོན་མ་དང་མུ་མཐུད་འདི་ལྟར་གནས་ཀྱི་རེད། དེ་ནི་དཀའ་ངལ་རྣམས་རྩ་བ་ནས་སེལ་ཐབས་སུ་གཏོར་རྒོལ་ཐོག་མ་དེས་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་ལ་གོ་སྐབས་མི་སྟེར་བ་དེ་ཡིན། རྒྱུན་རིང་པོ་ཞིག་ལ་རྒྱ་ནག་གི་གླིང་གཞན་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདའི་རྡུལ་ཕྲན་མཚོན་ཆ་ནི་ལྟས་ས་ལྟོས་འཇོག་གི་གཞི་རྒྱ་ཆུང་བ་དང་གླགས་རྙེད་སླ་བོ་ཡོད་པ་དེ་ཨ་རིས་ཚོད་བགམ་བྱེད་སར་གྱུར་ཡོད་པ་དང་། ལྷག་པར་དུ་ཨ་མེ་རི་ཀའི་སྤྱིར་བཏང་གི་བདེ་སྲུང་མ་ལག་གི་མེ་ཤུགས་མདས་ཀྱང་གཏོར་རྒོལ་སྐབས་དམིགས་གཏད་གཏོར་བཤིག་གཏོང་ཐུབ་ཀྱི་ཡོད་པ་རེད། ཨ་མེ་རི་ཀ་དེ་བཞིན་རྡུལ་ཕྲན་མཚོན་ཆའི་འགོ་གཙོ་མུ་མཐུད་མངོན་གསལ་དང་འདེམས་ཀ་འདི་ལག་བསྟར་བྱེད་ཐབས་ནི། ཨ་རིའི་གཞུང་འབྲེལ་གྱི་གསལ་བསྒྲགས་ནང་རྒྱ་ནག་སྐོར་ར་ཞི་ཡ་དང་མི་འདྲ་བར་གཟབ་གཟབ་ཐོག་འདོན་གྱི་དེ་རེད། ཨ་རི་དང་རྒྱ་ནག་དབར་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་འགོག་པའི་ཕན་ཚུན་གཉིས་ཕན་གྱི་འབྲེལ་ལམ་ཡོད་པ་ལས་གཡོལ་ཐབས་བྱེད་རྒྱུ་དེ་ཡིན།
འོན་ཀྱང་། དོན་དངོས་ཐོག་ཨ་མེ་རི་ཀས་རྒྱ་ནག་ཐོག་རྡུལ་ཕྲན་མཚོན་ཆའི་འགོ་གཙོ་བྱེད་ཁག་པོ་རེད། ང་ཚོས་ཤེས་གསལ་ལ་རྒྱ་ནག་གིས་ཨ་མེ་རི་ཀར་གཏོར་རྒོལ་གཏོང་བའི་ནུས་ཤུགས་རྒྱུན་སྐྱོང་དང་གལ་ཆེར་བརྩི་གི་རེད་ལ་དེ་ལ་ཁོ་ཚོས་གྲུབ་འབྲས་ལེན་ངེས་ཡིན། ཨ་མེ་རི་ཀའི་ཕྱོགས་ནས་གཏོར་རྒོལ་གྱི་ནུས་པ་འཕེལ་རྒྱས་གཏོང་རྒྱུ་ལས་རྒྱ་ནག་ཕྱོགས་ནས་སོ་སོས་རྒྱང་རིང་སྙོམ་ཐུབ་པའི་མེ་ཤུགས་འཕུར་མདའ་རྣམས་ས་ཐོག་གམ་ཡང་ན་ཨ་རིའི་ཕྱོགས་སུ་རྒྱ་བསྐྱེད་དང་སྲུང་སྐྱོབ་བྱེད་རྒྱུ་ལས་སླ་བོ་ཡིན། རྒྱ་ནག་གིས་ཨ་མེ་རི་ཀས་གྲོང་ཁྱེར་ཁག་ལ་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་གྱི་གྱོན་གུན་བསམ་ཡུལ་ལས་འདས་པ་ཞིག་སྤྲོད་ཐུབ་པའི་ནུས་པ་དེ་ནི་ཨ་མེ་རི་ཀས་རྒྱ་ནག་ལ་འབྲེལ་བའི་འགྱུར་འགྲོས་ཁྲོད་ཀྱི་གལ་གནད་ཆེ་ཤོས་ཀྱི་རྒྱུ་རྐྱེན་ཞིག་ཡིན་པ་དང་། རྒྱ་ནག་གི་སྟོབས་ཤུགས་རྒྱས་བཞིན་པའི་སྐབས་འདིར་ཨེ་ཤི་ཡའི་ནང་འགུལ་སྐྱོད་ཐོག་འདེམས་ཀ་བྱེད་སྟངས་ལ་ཐུག་ཡོད།
ནམ་རྒྱུན་དམག་དཔུང་གི་གནད་དོན་རྣམས་ཐབས་ཇུས་དང་སྲིད་དོན་ལས་ལོགས་སུ་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད། གཅིག་བྱས་ན། འདི་ནི་མི་ཉུང་ཤོས་ཤིག་གིས་རྒྱ་ནག་དང་ཨ་རིའི་བར་འབྱུང་སྲིད་པའི་རྩོད་རྙོད་དེ་བསམ་ཞིབ་བྱས་མེད་པས་ཡིན། ཐབས་ཇུས་དང་ཆབ་སྲིད་ཀྱི་འགྲན་རྩོད་དེ་ལྟོས་ས་ལྟོས་འཇོག་ཐོག་ལས་སླ་བོ་ངང་དམག་དཔུང་གི་རྩོད་རྙོག་ནང་ཚུད་འགྲོ་བ་དེ་ནི་མི་ཉུང་ཉུང་ཞིག་མ་གཏོགས་མཐོང་གི་མེད། དངོས་འབྲེལ་ཐོག་ཨ་མེ་རི་ཀ་དང་རྒྱ་ནག་གཉིས་ཀྱིས་ཨེ་ཤི་ཡའི་ནང་སྟོབས་ཤུགས་ཐོག་འགྲན་བསྡུར་བྱེད་ཀྱི་ཡོད་པ་དང་། རྩོད་རྙོད་འབྱུང་སྲིད་པ་ཡང་དངོས་ཡོད་ཆགས་ཡོད་པ་མ་ཟད། ཇི་ཙམ་གྱིས་འགྲན་བསྡུར་བྱས་པ་དེ་ཙམ་གྱིས་རྩོད་རྙོག་ཡོང་རྒྱུ་ཡིན་པ་རེད། དེར་མ་ཟད། རྩོད་རྙོག་ཡོང་རྒྱུ་ཁག་པོ་ཡིན་པ་འདྲ་བོ་འདུག་བའི་དུས་སྐབས་འདིར། ཕྱོགས་གཉིས་ཀྱིས་དམག་འཐབ་བྱས་ན་སུ་ལ་རྒྱལ་ཁ་ཐོབ་མིན་དང་། གྱོང་གུན་ག་ཚོད་ཡོད་མེད་ཐག་གཅོད་ནི། ཝ་ཤིན་ཌོན་དང་པེ་ཅིང་། ད་དུང་ཨེ་ཤི་ཡའི་ནང་གི་འགྲན་རྩོད་མཁན་གཞན་བཅས་ཕྱོགས་ཚང་མའི་བྱ་སྤྱོད་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་བས་ཨེ་ཤི་ཡའི་མངའ་ཁུལ་དུ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་བར་ཁྱད་ལ་འགྱུར་ལྡོག་འབྱུང་བཞིན་པ་འདིས་ཨ་མེ་རི་ཀས་རྒྱ་ནག་ལ་ལན་འདེབས་ཇི་ལྟར་བྱེད་མིན་གྱི་འདེམས་ཀ་ལ་དབྱེ་ཞིབ་བྱེད་པར་གནད་འགག་ཆགས་ཡོད།
གསལ་བཤད། དཔེ་དེབ་འདི་བསྒྱུར་བའི་གོ་རིམ་ཁྲོད་དེང་རབས་དམག་དོན་དང་ཆབ་སྲིད་སྐོར་གྱི་མིང་ཚིག་མང་པོ་ཞིག་རང་རེའི་སྐད་ཡིག་ནང་ཧ་ཅང་དཀོན་པོ་ཡིན་པར་བརྟེན། མཚམས་རེར་རྡོ་ཆག་བཙན་སྒྲིག་ལྟ་བུར་སྣང་བས་མཁྱེན་ཡངས་ལོ་ཙྭ་བ་རྣམས་ནས་ལམ་སྟོན་གནང་སྐྱོངས་ཡོད་པ་ཞུ།
ལེའུ་སྔོན་མ་རྣམས་གུས་པ་སྒེར་གྱི་ཟིན་བྲིས་ནས་གཟིགས་ཐུབ།
https://khabanagbo.com