བློ་བཟང་ལུང་རྟོགས་ཀྱིས་བསྒྱུར།
ཨེ་ཤི་ཡའི་གདམ་ཀ་ཁག
རྒྱ་ནག་ལ་གདོང་གཏུགས་བྱེད་མཁན་ཨ་མེ་རི་ཀ་གཅིག་པོ་མིན། ཨ་རི་དང་དུས་ཡུན་རིང་པོའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་གལ་ཆེའི་གྲོགས་པོ་གསར་བ་རྣམས་ཀྱིས་ཀྱང་རྒྱ་ནག་གི་རྒྱ་བསྐྱེད་ལ་རང་ཉིད་ནས་འགྲོ་སོང་གཏོང་མ་དགོས་པར་ཝ་ཤིང་ཀྲོན་ནས་བདེ་སྲུང་འགན་ལེན་ཡོང་བའི་རེ་བ་རྒྱག་གི་ཡོད། ཁོང་ཚོ་ཚང་མ་ཨེ་ཤི་ཡའི་མངའ་ཁུལ་འདིར་ཨ་རིའི་འགོ་གཙོའི་གནས་བབ་འོག་དར་རྒྱས་ལ་ཕྱིན་ཡོད་པ་དང་། རྒྱ་ནག་གིས་མངའ་ཁུལ་དེར་དབང་སྒྱུར་དང་སྟོབས་ཤུགས་བེད་སྤྱོད་ལོག་པར་བཏང་བ་བརྟེན་ནས་བྱུང་པའི་གྱོང་གུན་དེ་ཨ་མེ་རི་ཀའི་ཕྱོགས་ནས་སྔོན་འགོག་ཡོང་བའི་རེ་བ་ཡང་ཚང་མར་གཅིག་མཚུངས་སུ་ཡོད། ཁོང་ཚོ་ནི་འདུལ་བར་དཀའ་བའི་ཚོགས་སྡེ་ཞིག་ཡིན། མཐུན་གྲོགས་དེའི་ནང་འཇར་པན་དང་། ལྷོ་ཀོ་རི་ཡ། ཨོ་སི་ཊོ་ལི་ཡ། ཧྥེ་ལེན་ཕེན། ཐེ་ལེན་ཌི་བཅས་དང་། གྲོགས་པོ་གསར་པ་ནི་རྒྱ་གར་དང་། ཨིན་ཌོ་ཉི་ཞི་ཡ། སིང་སྒ་ཕོར། ཝེ་ཊི་ནེམ་བཅས་ཡོད། རྒྱ་ནག་གི་སྟོབས་ཤུགས་ལ་ཡ་ལན་སྤྲོད་སྐབས་ཁོང་ཚོས་རྒྱབ་སྐྱོབ་ཐོབ་རྒྱུ་ནི་རིན་ཐང་ཆེན་པོ་ཞིག་ཡིན། འོན་ཀྱང་། དྲི་བ་གཙོ་བོ་ནི། ཁྱིམ་མཚེས་རྒྱལ་ཁབ་འདི་དག་གིས་ཨེ་ཤི་ཡའི་མངའ་ཁུལ་དུ་ཨ་རི་མུ་མཐུད་གནས་རྒྱུར་རྒྱབ་སྐྱོར་བྱེད་པ་ཙམ་མ་ཡིན་པར། ཨ་མེ་རི་ཀའི་འགོ་གཙོའི་གནས་བབས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་དེ་ཡིན།
ཨེ་ཤི་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་ཚང་མར་རང་ཉིད་ཀྱི་མདུན་དུ་རྒྱ་ནག་ཐོག་གདམ་ཀ་བྱེད་དགོས་བྱུང་ཡོད་པ་དང་གདམ་ཀ་ཁག་ནི་མགོ་རྙོག་པོ་དང་གལ་འགངས་ཆེན་པོ་ཡིན། ཁོང་ཚོར་ཨ་མེ་རི་ཀས་ཨེ་ཤི་ཡའི་ནང་མུ་མཐུད་འགོ་གཙོའི་གནས་བབས་རྒྱུན་འཛིན་བྱེད་འཇུག་པའམ་ཡང་ན་མངའ་ཁུལ་དེ་བློས་བཏང་ནས་རྒྱ་ནག་ལ་སྣེ་ཁྲིད་དུ་འཇུག་པའི་གདམ་ཀར་ཐག་གཅོད་བྱེད་པར་དཀའ་ངལ་ཡོད་པ་ལས། ཨ་རྒྱ་གཉིས་ལས་སུ་ལ་རྒྱབ་སྐྱོར་བྱེད་པའི་གདམ་ཀར་ཐག་གཅོད་བྱེད་པའི་དཀའ་ངལ་འཕྲད་ཀྱི་མེད། གནས་སྟངས་འདི་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གལ་སྲིད་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་དབང་གིས་ཨ་མེ་རི་ཀའི་འགོ་གཙོ་དང་རྒྱ་ནག་གི་སྣེ་ཁྲིད་དབར་འདེམས་ཀ་བྱེད་བཅུག་པ་ཡིན་ན། ཁོང་ཚོས་ཝ་ཤིང་ཀྲོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་རྒྱུ་ཡིན་པ་གཏན་ཁེལ་རེད། གང་ཡིན་ན། ཨེ་ཤི་ཡའི་རྒྱལ་ཁབ་སུ་གཅིག་ཀྱང་རྒྱ་ནག་གི་མཐེ་བོང་འོག་སྡོད་འདོད་བྱེད་ཀྱི་མེད། འདིས་མི་མང་པོ་ཞིག་ལ་ཨེ་ཤི་ཡའི་ནང་ཨ་རི་འགོ་གཙོ་དང་རྒྱ་ནག་གི་སྣེ་ཁྲིད་དབར་དུ་འདེམས་ཀ་གསུམ་པ་ཞིག་མེད་པའི་ཡིད་ཆེས་སླེབས་བཅུག་ཡོད་པ་དེ་ཡང་། ཨེ་ཤི་ཡ་ཁྱོན་ཡོངས་ནས་ཨ་མེ་རི་ཀར་རྒྱབ་སྐྱོར་བྱེད་པ་ནི་དོགས་འདྲི་བྱེད་མི་དགོས་པ་ཞིག་དང་འགྱུར་ལྡོག་མེད་པ་ཞིག་ཡིན་པའི་འདོད་ཚུལ་འཛིན་པ་དེ་རེད། དེ་བས་དེའི་ལན་དུ་ཨ་མེ་རི་ཀས་ཀྱང་ཁོང་ཚོའི་ཆེད་དུ་གྱོང་གུན་ག་ཚོད་བྱུང་མིན་ལ་མ་བལྟས་པར་རྒྱ་ནག་གི་ཁ་གཏད་གཅོད་དགོས་པར་འདོད་ཀྱི་ཡོད། འདོད་ཚུལ་འདི་གཉིས་ཀ་ནོར་འཁྲུལ་ཡིན།
ནོར་འཁྲུལ་འདི་དག་ཤོར་དགོས་པའི་རྒྱུ་མཚན་ཕྱོགས་གཅིག་ནི་ནེ་ཌོ་NATO (བྱང་མནའ་འབྲེལ་མཐུན་ཚོགས་)ཀྱི་དུས་ཡུན་རིང་པོའི་འབྲེལ་བ་དེ་ཡིན། གྲང་དམག་སྐབས་ཨ་རིས་འགོ་ཁྲིད་བྱས་པའི་བྱང་མནའ་འབྲེལ་མཐུན་ཚོགས་ཀྱི་འབྲེལ་ལམ་གཏིང་ཟབ་པོ་དེ་འབྲེལ་ལམ་གཞན་གྱི་ནང་དུ་རིན་ཐང་ངེས་ཅན་ཞིག་ཡོད་པར་འདོད་པ་དེ་ཡིན། རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་ནས་ཨ་རི་དང་མཐུན་གྲོགས་ཀྱི་འབྲེལ་ལམ་འཛིན་པ་ནི་རང་ཉིད་ཀྱི་གཞི་རྩའི་ཁེ་ཕན་ཆེད་ཡིན་པ་ལས་གཞན་ལ་ཞབས་འདེགས་ཞུ་རྒྱུ་དེ་ཙམ་གཙོ་བོར་འཛིན་གྱི་མེད། རྒྱ་ནག་གི་འགྲན་བསྡུར་སྐོར་གླེང་སྐབས་སྔོན་མ་སོ་ཝེ་ཌི(ར་ཞི་ཡ)་བཀག་སྐྱིལ་བྱས་པ་ལྟར་རྒྱ་ནག་གིས་དེ་ལྟར་ངོས་ལེན་བྱེད་མིན་ལ་མ་བལྟས་པར། གཅིག་བྱས་ན་NATO་ནེ་ཌོ་ཡི་མ་དཔེ་ཇི་བཞིན་ཨེ་ཞི་ཡ་ཁ་གཏད་ཆེད་རྒྱལ་ཁབ་རྣམས་ནས་མཉམ་འབྲེལ་བྱེད་ངེས་ཡིན་པའི་ཡིད་ཆེས་ཡོད་སྲིད། འོན་ཀྱང་། རྒྱ་ནག་ནི་ཨུ་རུ་སུ་(ར་ཞི་ཡ)དང་ཁྱད་པར་ཆེན་པོ་ཡོད། ཁོང་ཚོས་ཨ་མེ་རི་ཀའི་སྟོབས་ཤུགས་ལ་གཞན་དང་མ་འདྲ་ཞིག་གི་ཐོག་ནས་འགྲན་རྩོད་བྱེད་ཀྱི་ཡོད་པ་མ་ཟད། ཨ་མེ་རི་ཀའི་མངོན་འདོད་ལ་ཡང་ཁྱད་པར་ཡོད། ཁྱད་པར་འདི་དག་ལ་བརྟེན་ནེ་ཌོའི་NATO མ་དཔེ་དེ་འབྱུང་འགྱུར་ལོ་བཅུ་ཕྲག་རིང་ཨེ་ཤི་ཡའི་ནང་ལག་བསྟར་བྱེད་ཁག་པོ་ཡིན།
དངོས་ཡོད་གནས་སྟངས་ལ་ཡང་། ཨེ་ཤི་ཡའི་ཁུལ་འདིར་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འཆར་སྣང་མཁྲེགས་པོ་གཉིས་ཀྱི་མངོན་འདོད་ཁྲོད་ནས་རང་དབང་ཅན་གྱི་གདན་ཀ་གཉིས་ལྡན་དེ་འདྲའི་ལས་སླ་བོ་ཞིག་མིན། ཁོང་ཚོར་འཕྲད་པ་ནི་འདེམས་ཀ་གཉིས་ལྡན་དེ་མིན། ཁོང་ཚོས་རྙོག་འཛིངས་ཆེ་ཞིང་འགྱུར་ལྡོག་ཅན་གྱི་སྟོབས་ཤུགས་འཕོ་འགྱུར་ཞིག་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད། ཁོང་ཚོས་སུ་གཅིག་གིས་ཀྱང་རྒྱ་ནག་གི་མཐེ་བོང་འོག་སྡོད་འདོད་མེད་པ་ནི་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་། དེ་མཚུངས་ཁོང་ཚོ་སུས་ཀྱང་རྒྱ་ནག་དགྲ་བོ་བཟོ་འདོད་བྱེད་ཀྱི་མེད། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་ཁོང་ཚོས་ཚང་མར་ཞི་བདེ་དང་བརྟན་བརླིང་། འཕེལ་རྒྱས་སུ་འགྲོ་བའི་གོ་སྐབས་སོགས་དགོས་ཀྱི་ཡོད། ཁོང་ཚོས་འདི་དག་ཐོབ་པའི་ལམ་ཁ་ཡག་ཤོས་གང་ཡིན་པ་དེ་འདེམ་གྱི་ཡིན་པ་དང་། དེ་ཡང་རྒྱ་ནག་དང་ཨ་མེ་རི་ཀ་ཕྱོགས་སོ་སོས་གདམ་ཀ་བྱེད་སྟངས་ལ་རེག་ལས་ཡོད། རྒྱ་ནག་གིས་སེམས་ཐག་གཙང་བཅད་ཀྱིས་ཨེ་ཤི་ཡ་མངའ་ཁུལ་ཟིལ་གྱིས་གནོན་པའི་ཆེད་ཨ་མེ་རི་ཀ་ཕྱིར་འབུད་གཏོང་བའི་ཐབས་ཤེས་བྱས་པ་དེ་ཙམ་གྱིས་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱིས་ཨ་རིར་བློ་གཏད་ཀྱིས་ཕར་འབུད་རྒྱག་གཏོང་བའི་རྒྱབ་སྐྱོར་བྱེད་ཀྱི་རེད།
འོན་ཀྱང་། རྒྱ་ནག་གིས་སོ་སོའི་སྟོབས་ཤུགས་ལ་ཚད་བཀག་བཟུང་ནས་ཨ་མེ་རི་དང་མངའ་ཁུལ་དུ་སྒྲིག་གཞི་གསར་བ་ཞིག་གི་ཐོག་མཉམ་ལས་བྱས་པ་དེ་ཙམ་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་ནག་གིས་འགན་མང་ཙམ་ལེན་པར་བློ་བདེ་བག་ཕེབས་ཡོང་གི་རེད། དེ་བཞིན་ཨ་མེ་རི་ཀའི་སྔོན་ཆད་ཀྱི་ཨེ་ཤི་ཡའི་འགོ་གཙོའི་གནས་བབས་བརྟན་པོ་བཟོ་ཐབས་བྱས་ན་དེས་རྒྱ་ནག་གི་མངོན་འདོད་ལ་མཐུན་རྐྱེན་སྒྲུབ་རྒྱུའི་ཚབ་དུ་འགྲན་རྩོད་དང་དམག་འཁྲུག་གི་ཉེན་ཁ་བཟོས་བཞིན་ཡོད་པས། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་ཨ་མེ་རི་ཀར་རྒྱབ་སྐྱོར་ཉུང་རུ་འགྲོ་གི་རེད། ཨེ་ཤི་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ནས་རྒྱ་ནག་གིས་མངའ་ཁུལ་འདི་འགོ་ཁྲིད་བྱེད་པར་ཨ་རིས་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། འོན་ཀྱང་ཁོ་ཚོས་རྒྱ་ནག་གིས་འགན་མང་ཙམ་ལེན་པར་ངོ་རྒོལ་བྱེད་ཀྱི་མེད། ཁོང་ཚོས་རྒྱ་ནག་དེ་ཚུལ་མཐུན་བག་ཡོད་ཀྱི་མངོན་འདོད་ཅན་ཞིག་ཏུ་འགྱུར་བར་མཐུན་རྐྱེན་སྐྲུན་པ་ལས་ཁོང་ཚོར་སྣེ་ཁྲིད་བྱེད་པར་འདོད་མོས་བྱེད་ཀྱི་མེད།
འདིས་ག་རེ་སྟོན་གྱི་ཡོད་པ་རེད་ཟེར་ན། མ་འོངས་ལོ་བཅུ་ཕྲག་ཁ་ཤས་རིང་ཨེ་ཤི་ཡའི་ཐབས་ཇུས་ཀྱི་དཔུང་སྒྲིག་ནི་[ང་ཚོའི་དང་ཁྱེད་ཚོའི་ཕྱོགས]་ཟེར་བ་དེ་འདྲའི་ལས་སླ་བོ་ཞིག་མིན་པར་མགོ་རྙོག་ཚ་བོ་ཞིག་ཏུ་འགྱུར།
ཨེ་ཤི་ཡའི་ནང་གི་རྒྱལ་ཁབ་ཚང་མས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་ནག་གི་སྟོབས་ཤུགས་དང་དམིགས་ཡུལ་བཅས་ལ་བློ་འཚབ་དང་རང་ཉིད་ལ་མེད་དུ་མི་རུང་པའི་དགོས་མཁོ་ལ་གཞིག་པས་ལྗིག་ཁོག་ཞིག་འགྱོག་དགོས་ཀྱི་ཡོད། གྲང་དམག་སྐབས་ཨ་མེ་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཚོས་ཨུ་རུ་སུར་(ར་ཤི་ཡ)་ཁ་གཏད་བཅག་པ་དང་མ་འདྲ་ཞིག་ནི། ཁོ་ཚོར་རྒྱ་ནག་གི་དཔལ་འབྱོར་ལས་ཁེ་ཕན་ཆེན་པོ་ཐོབ་པ་དང་ལྷན་དུ་ཆབ་སྲིད་ཐོག་དངངས་འཚབས་སྐྱེས་ཆེན་པོ་མེད། ཚང་མས་རྒྱ་ནག་དེ་བཞིན་སོ་སོའི་དཔལ་འབྱོར་གྱི་ལྟེ་བར་འགྱུར་བར་རེ་བ་རྒྱག་བཞིན་ཡོད། གྲང་དམག་སྐབས་ཨ་མེ་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཚོས་སེམས་ཁྲལ་བྱས་པ་ལྟར། ཁོ་ཚོས་རྒྱ་ནག་གི་ཆབ་སྲིད་ཀྱི་ལྟ་བས་མི་མང་གི་སེམས་པ་བསྒྱུར་ནས་ཆབ་སྲིད་ཀྱི་སྒྲོམ་གཞིར་འགྱུར་བ་ཐེབས་པའི་སེམས་ཁྲལ་མེད། ཁོང་ཚོས་ཚང་མས་གལ་སྲིད་མངའ་ཁུལ་དུ་རྒྱ་ནག་དང་ཁ་གཏད་ཀྱི་དམག་འཁྲུག་བྱུང་བ་ཡིན་ན་རང་ཉིད་ལ་གཞན་གྱིས་གླགས་རྙེད་སླ་བོ་ཡོད་པ་ཤེས་ཀྱི་ཡོད་ལ། ཆེས་རྣོ་ངར་ཆེ་བའི་འགྲན་རྩོད་ཀྱི་འོབས་དོང་ནང་ལྷུང་བ་ཡིན་ན་རང་ཉིད་ཀྱིས་སྡུག་བསྔལ་ག་ཚོད་མྱོང་དགོས་པ་ཡང་ཤེས་ཀྱི་ཡོད།
ལྷག་པར་དུ་རང་ཉིད་ཀྱི་ཆེད་དུ་ཨ་མེ་རི་ཀ་དེ་ཨེ་ཤི་ཡའི་མངའ་ཁུལ་གྱི་འགོ་གཙོ་བྱེད་པའི་གནས་བབས་ཐུན་མོང་དུ་འདོད་ཀྱི་མེད། གཞུང་འབྲེལ་གསལ་བསྒྲགས་སྐབས་ཐུན་མོང་གི་རིན་ཐང་སྐོར་བཤད་ཀྱི་ཡོད་ཀྱང་། མངའ་ཁུལ་འདིའི་ཨ་མེ་རི་ཀའི་མཐུན་གྲོགས་རྒྱལ་ཁབ་རྣམས་ནི་ཁ་ཡོད་ལག་ཡོད་ཀྱི་གནས་སྟངས་ལ་བསམ་བློ་གཏོང་མཁན་ཡིན་པས་ཞི་བདེ་དང་བརྟན་བརླིང་གལ་ཆེད་པོར་བརྩི་གི་རེད། ཁོང་ཚོར་མཚོན་ན་ཨ་མེ་རི་ཀའི་འགོ་གཙོའི་གནས་བབ་ལ་རིན་ཐང་ཆེན་པོ་མེད། ཁོང་ཚོས་འདས་པའི་ལོ་བཞི་ཅུའི་རིང་རྒྱབ་སྐྱོར་བྱས་དོན་ཡང་ཨ་མེ་རི་ཀ་དེ་ཨེ་ཤི་ཡའི་ནང་ཞི་བདེ་དང་བརྟན་བརླིང་གི་རྨང་གཞིར་གྱུར་ཡོད་པས་ཡིན། མ་འོངས་པར་གནས་སྟངས་དེ་མུ་མཐུད་བསྡད་པ་ཡིན་ན་ཁོང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཀྱང་། དེ་ལྟར་མིན་ན་རྒྱབ་སྐྱོར་བྱེད་ཀྱི་མ་རེད། གལ་སྲིད་ཐབས་ལམ་དེ་རྒྱ་ནག་གི་དབང་སྒྱུར་ལས་གཡོལ་བའི་ལམ་ཁ་གཅིག་པོ་དེ་ཡིན་ན་མ་གཏོགས། ཨ་རིའི་འགོ་གཙོ་གནས་བབས་ལ་རྒྱབ་སྐྱོར་ཆེད་ཁོ་ཚོས་རང་ཉིད་ཀྱི་མངོན་འདོད་གཙོ་བོ་སྟེ་ཞི་བདེ་དང་བརྟན་བརླིང་། རྒྱ་ནག་དང་འབྲེལ་ལམ་བཟང་བོ་བཅས་བློས་གཏོང་གི་མ་རེད།
སྟོབས་ཤུགས་ལ་འགྱུར་ལྡོག་བྱུང་བ་དང་དུས་མཚུངས་ཨ་མེ་རི་ཀས་ཁོང་ཚོས་བདེ་འཇགས་ལ་ཁས་ལེན་བྱེད་པའི་གདེང་འཇོག་ཀྱང་རང་བཞིན་གྱིས་ཉམས་འགྲོ་གི་རེད། རྒྱ་ནག་ལ་སྟོབས་ཤུགས་རྒྱས་པ་དང་ལྷན་དུ་ཁོང་ཚོ་ཨ་མེ་རི་ཀའི་རིན་ཐང་ཆེ་བའི་དཔལ་འབྱོར་ཚོང་གྲོགས་དང་འདུལ་དཀའ་བའི་ཐབས་ཇུས་ལ་དགྲ་ཟླ་ཤིག་ཆགས་ཀྱི་ཡོད་པ་ཨེ་ཤི་ཡའི་རྒྱལ་ཁབ་རྣམས་ཀྱིས་ཤེས་ཀྱི་ཡོད། རྒྱུ་མཚན་དེ་གཉིས་ལ་བརྟེན་རྒྱ་ནག་གི་ཁ་གཏད་དུ་ལངས་ནས་ཨ་མེ་རི་ཀར་རྒྱབ་སྐྱོར་བྱས་ན་གྱོང་གུན་ཆེན་པོ་ཞིག་ཡོད་པ་དང་། ཨ་མེ་རི་ཀས་ཕྱོགས་ནས་ཇུས་གཏོགས་བྱེད་ཤུགས་ཆེ་རུ་འགྲོ་བ་ཁོ་ཚོས་དངོས་ཡོད་ཐོག་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁོང་ཚོ་ཨ་མེ་རི་ཀ་དང་རྒྱ་ནག་དབར་གྱི་རྩོད་རྙོག་གི་རྙི་དོང་ནང་ལྷུང་བའི་ཉེན་ཁ་དང་། ཡང་ན་ཨ་མེ་རི་ཀས་ཁོ་ཚོས་གཡུག་པ་འམ་བློས་བཏང་གི་རེད་བསམ་བའི་བློ་འཚབ་ཆེ་རུ་འགྲོ་གི་ཡོད། ཨ་མེ་རི་ཀའི་ཕྱོགས་ནས་ཀྱང་ཁོ་ཚོས་དེ་འདྲ་བྱེད་ཡོང་སྙམ་པའི་སེམས་ཁྲལ་བྱེད་ཀྱི་ཡོད། རྒྱ་ནག་ཕྱོགས་ནས་ཨ་མེ་རི་ཀའི་འགོ་གཙོའི་གནས་བབས་འགྲན་རྩོད་འགོག་ཐབས་སུ་མཉམ་འབྲེལ་བྱེད་རྒྱུ་དང་རྒྱུན་གནས་ཡོང་རྒྱུ་ཕྱོགས་ཚང་མ་ནས་དཀའ་ངལ་ཆེ་རུ་འགྲོ་གི་ཡོད། ང་ཚོས་ཨ་མེ་རི་ཀའི་ད་དུང་ཨེ་ཤི་ཡའི་ནང་གི་གྲོགས་པོ་དང་མཐུན་གྲོགས་རྒྱལ་ཁབ་རྣམས་མཉམ་དུ་ཕྱག་ལས་གནང་བར་དཀའ་ངལ་རྣམས་དང་གོ་སྐབས་ག་རེ་ཡོད་མེད་སྐོར་ལ་ཞིབ་ཏུ་བལྟ་རྒྱུ་གལ་ཆེན་པོ་རེད།
སྟོབས་ཆེན་རྒྱལ་ཁབ་ཁག
འཇར་པན།
འཇར་པན་ནི་ཨེ་ཤི་ཡའི་མངའ་ཁུལ་གྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ལ་ཁོང་ཚོ་ནི་ཨ་མེ་རི་ཀའི་འགོ་གཙོའི་གནས་བབས་མུ་མཐུད་གནས་པར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། འདི་གནད་འགག་ཆེན་པོ་ཆགས་ཡོད། གང་ཡིན་ཟེར་ན། འཇར་པན་ནི་ཨ་མེ་རི་ཀར་མཚོན་ན་ཨེ་ཤི་ཡའི་ནང་གི་མཐུན་གྲོགས་གལ་ཆེ་ཤོས་སུ་གྱུར་ཡོད། དེ་ནི་བསྔགས་འོས་པ་དང་གཅིག་བྱས་ན་ཧ་ཅང་དཀོན་པའི་འབྲེལ་ལམ་ཞིག་ཡིན། ལོ་ངོ་བཅུ་ཕྲག་མང་པོའི་རིང་འཛམ་གླིང་སྒང་གི་རྒྱལ་ཁབ་ཕྱུག་ཤོས་ཨང་གཉིས་པ་(ད་ལྟ་གསུམ་པ་ཡིན)་དེ་འཛམ་གླིང་ཐོག་གི་རྒྱལ་ཁབ་ཕྱུག་ཤོས་ཨང་དང་པོ་གཉིས་ཕན་ཚུན་ཐབས་ཇུས་ཀྱི་ཚོང་གྲོགས་སུ་གྱུར་ཡོད། འདི་ནི་སྔོན་ཆད་བྱུང་མ་མྱོང་བ་ཞིག་ངེས་གཏན་ཡིན་ལ་དེས་ག་རེ་མཚོན་གྱི་འདུག་ཟེར་ན་དམིགས་བསལ་ཞིག་དང་ཡང་གཅིག་བཤད་ན་ཡུད་ཙམ་གྱི་གནས་སྟངས་ཞིག་རེད། འབྲེལ་ལམ་དེ་ཨེ་ཤི་ཡའི་ནང་གི་ཨ་མེ་རི་ཀའི་གནས་བབས་ཀྱི་སྲོག་རྩར་གྱུར་ཡོད། འོན་ཀྱང་། དེ་བརྟན་པོ་མེད་པའི་རྨང་གཞི་ཞིག་གི་ཐོག་བཏིང་ཡོད། གང་ཡིན་ཟེར་ན། རྒྱ་ནག་གི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་མཉམ་དུ་འཇར་པན་དེ་ཅི་བྱ་བརྟོལ་མེད་ཀྱི་གནས་ཞིག་གི་བསྐྱལ་བཞིན་ཡོད།
འཇར་པན་ཅི་བྱ་བརྟོལ་མེད་གྱར་བའི་རྒྱུ་མཚན་ནི། ཁོ་ཚོས་འཕེལ་རྒྱས་ལ་འགྲོ་བཞིན་པའི་རྒྱ་ནག་གི་སྟོབས་ཤུགས་ལ་འཇིགས་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དེ་ཡང་རྒྱ་ནག་སྟོབས་ཆེན་ཏུ་གྱུར་བ་མཉམ་དུ་འཇར་པན་ལ་ཆབ་སྲིད་དང་དཔལ་འབྱོར་གང་ཅིའི་ཐད་བཙན་པོ་དབང་ཤེད་ཅན་དུ་འགྱུར་འདོད་ཀྱི་ཡོད། རྒྱ་ནག་དེ་མངའ་ཁུལ་གྱི་བཟང་སྤྱོད་ཅན་གྱི་འགོ་ཁྲིད་ཞིག་ཏུ་འགྱུར་རྒྱུ་དང་། འཇར་པན་ཡར་རྒྱས་དང་ཕྱུག་འགྱུར་གྱི་གོ་སྐབས་སྤྲོད་པར་ཡིད་ཆེས་དེ་ཙམ་མེད། རྒྱུ་མཚན་གཅིག་ནི། རྒྱལ་ཁབ་གཉིས་ཀྱི་དཀའ་རྙོག་ཆེ་བའི་འདས་པའི་ལོ་རྒྱུས་དང་དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་འཇར་པན་རང་ཉིད་གཞི་རྩའི་ཆ་ནས་ཨེ་ཤི་ཡའི་སྒྲིག་འཛུགས་ནང་ལྷན་སྐྱེས་ཀྱི་ཁྱད་ཆོས་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པས་རེད། དེ་འདྲ་ཡིན་པའི་གནས་སྟངས་འདི་ཧང་སངས་དགོས་པ་འདྲ་བོ་ཞིག་རེད། ལོ་ངོ་བཅུ་ཕྲག་གཉིས་ཙམ་རིང་འཇར་པན་ནི་ཕྱི་ལོ་༡༩༨༠་ནང་གི་དཔལ་འབྱོར་ཤུགས་ཆེན་པོ་འཕེལ་བ་དང་མ་འདྲ་བ་རང་སོར་གནས་པ་དང་། མ་འོངས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་ཁོ་ཚོའི་དཔལ་འབྱོར་གྱི་མདུན་ལམ་ཡང་ཡར་རྒྱས་འགྲོ་རྒྱུ་ཡིན་པ་མཐོང་ཁག་པོ་རེད། འོན་ཀྱང་། ཁོང་ཚོས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཨང་གསུམ་པར་མུ་མཐུད་གནས་རྒྱུ་ཡིན་པ་དེ་ཡང་གཙོ་བོ་བཟོ་ལས་དང་འཕྲུལ་རིགས་ཀྱི་ཐོན་ཁུངས་དང་། འདུས་ཤུགས་ཅན་གྱི་སྤྱི་ཚོགས། ཐུན་མོང་མ་ཡིན་པའི་ངོ་བོ་ལྡན་པ། ཐབས་ཇུས་ཀྱི་དགེ་མཚན་ལྡན་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་པ་བཅས་རེད། ཁོང་ཚོ་དུས་རབས་ཕྱེད་ཙམ་གྱི་སྔོན་ཏེ་ཕྱི་ལོ་༡༩༤༥་ནང་བཞིན་ཡང་བསྐྱར་མ་འོངས་པར་ཨེ་ཤིའི་གླིང་ཆེན་ནང་སྐམ་སའི་སྟོབས་ཤུགས་ཅན་ཞིག་ཆགས་ཐུབ་ཀྱི་མ་རེད། འོན་ཀྱང་། ཁོང་ཚོས་ལས་སླ་བོའམ་མགྱོགས་མྱུར་ངང་འདུལ་དཀའ་བའི་མཚོ་དམག་དང་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་བསྐྲུན་ཐུབ་པ་དང་། དེས་ཁོང་ཚོ་ཨེ་ཤི་ཡའི་ཐབས་ཇུས་ཀྱི་ལྗིད་ཚད་ནང་གོ་གནས་ངེས་ཅན་གྱི་ཐོབ་ཀྱི་ཡོད། སྟོབས་ཆེན་གྱི་རྒྱལ་ཁབ་ཟེར་བ་དེ་རང་ཉིད་ཀྱི་འདོད་པ་མ་ཁེངས་བའི་སྐབས་སྒྲོམ་གཞིར་ཁ་འཐོར་གཏོང་བའི་ནུས་པ་ཅན་ཞིག་ལ་འདོད་ཀྱི་ཡོད་ན། འཇར་པན་ལ་ཨེ་ཤི་ཡའི་ནང་མ་འོངས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་སྡོད་རྒྱུའི་ནུས་པ་ཡོད། འདི་རྒྱ་ནག་ལ་མཚོན་ན་དཀའ་རྙོག་ཞིག་ཡིན། གོ་ལ་ཕྱེད་ཀའི་ནུབ་ཕྱོགས་མངའ་ཁུལ་དུ་ཨ་མེ་རི་ཀས་འགོ་ཁྲིད་ཀྱི་གནས་བབས་ནི་སྟོབས་ཆེན་རྒྱལ་ཁབ་གཞན་གྱིས་འགྲན་རྩོད་བྱེད་མིན་ལ་རེག་ལས་ཡོད་པ་དང་། མངའ་ཁུལ་གྱི་འགོ་གཙོ་བྱེད་འདོད་པའི་རྒྱ་ནག་གི་དམིགས་ཡུལ་འགྲུབ་དགོས་ན་འཇར་པན་རྒྱལ་ཁབ་མངའ་ཁུལ་འདིའི་རང་དབང་གི་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་སྡོད་རྒྱུར་བཟོད་སྒོམ་བྱེད་མི་ཐུབ། གལ་སྲིད་རྒྱ་ནག་གིས་མངའ་ཁུལ་འདིར་འགོ་ཁྲིད་བྱེད་པར་འཇར་པན་གྱི་སྟོབས་ཤུགས་ངེས་ཅན་ཞིག་མེད་པར་བཟོ་བ་དང་རྒྱ་ནག་གི་གཤམ་འོག་ཏུ་སྟོབས་འབྲིང་རྒྱལ་ཁབ་ཞིག་གི་གནས་བབས་ཐོག་སྡོད་དགོས་ཀྱི་ཡོད། དེ་བས་རྒྱ་ནག་འབུར་དུ་ཐོན་བཞིན་པའི་གནས་སྟངས་ལ་འཇར་པན་གྱིས་སེམས་ཁྲལ་བྱེད་པར་རྒྱུ་མཚན་ཡོད།
ཨ་རི་དང་འཇར་པན་གྱི་མཐུན་གྲོགས་དེ་ཁོང་ཚོས་ཐབས་ཇུས་ཀྱི་སྙིང་པོར་བཟུང་པའི་རིང་རྒྱ་ནག་གི་གནོན་ཤུགས་ལས་སྲུང་སྐྱོབ་ཡོང་བར་ཁོང་ཚོ་མཐའ་གཅིག་ཏུ་ཝ་ཤིན་ཌོན་ལ་བརྟེན་དགོས་ཀྱི་ཡོད། དཀའ་ངལ་ཆེ་ཤོས་ནི་རྒྱ་ནག་ཡར་རྒྱས་ལ་ཅི་ཙམ་སོང་བ་དེ་ཙམ་གྱིས་འཇར་པན་ཨ་རིར་བརྟེན་རྒྱུ་ཅུང་ཁག་པོར་གྱུར་ཡོད། རྒྱ་ནག་ཡར་རྒྱས་ལ་སོང་བ་དེ་ཙམ་གྱིས་ཁོང་ཚོ་རིན་ཐང་ཧ་ཅང་ཆེ་བའི་ཚོང་གྲོགས་སམ་ཡང་ན་ཉེན་ཚབས་ཧ་ཅང་ཆེ་བའི་དགྲ་ཟླ་ཆགས་ཀྱི་ཡོད་པས་ཨ་མེ་རི་ཀས་ཕྱོགས་ནས་རང་ཉིད་ཀྱི་མངོན་འདོད་བློས་བཏང་སྟེ་འཇར་པན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁག་པོ་རེད། ཝ་ཤིང་ཀྲོན་དང་པེ་ཅིང་དབར་སོ་སོའི་མངོན་འདོད་ཐོག་གོ་རྟོགས་སླེབས་པ་ཡིན་ན་འཇར་པན་གཡུག་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་བ་དང་ཝ་ཤིང་ཀྲོན་ལ་འཇར་པན་གྱི་ཚབ་བྱས་ནས་ཉེན་འཚབ་བཟོ་འདོད་མེད། བཤད་སྟངས་གཞན་ཐོག་བརྗོད་ན། ཨ་རི་དང་རྒྱ་ནག་ཀྱི་འབྲེལ་བ་ཡག་ཏུ་ཕྱིན་ན་འཇར་པན་ལ་བདེ་འཇགས་དེ་ཙམ་མེད་པའི་ཚོར་བ་སླེབས་ཀྱི་ཡོད་ལ། དེ་ལས་ལྡོག་སྟེ་ཨ་རྒྱའི་འབྲེལ་བ་སྡུག་ཏུ་ཕྱིན་པ་ཡིན་ན་ཨ་མེ་རི་ཀའི་རྒྱབ་སྐྱོར་ཡོད་པའི་གདེང་ཚོད་ཆེ་རུ་འགྲོ་གི་རེད། འདིས་འཇར་པན་དེ་བཞིན་ཁོ་ཚོའི་བདེ་སྲུང་ནི་རྒྱལ་སྤྱིའི་ཐོག་གི་ཚོང་ཤག་གལ་ཆེ་ཤོས་གཉིས་ཀྱི་དགྲ་ཟླའི་འབྲེལ་ལམ་ཅིག་ལ་བརྟེན་པའི་བྱ་དཀའི་གནས་སྟངས་ཞིག་གི་ནང་ཡོད།
ཝ་ཤིང་ཀྲོན་དང་པེ་ཅིང་བར་འཁྲུག་རྩོད་བྱུང་བ་ཡིན་ན་འཇར་ལ་པན་བསམ་ཡུལ་འདས་པའི་ཉེན་འཚབ་ཡོད་ལ། ཨ་རྒྱ་གཉིས་གྲོགས་པོ་དང་མཉམ་ལས་བྱས་པས་ཀྱང་ཉེན་འཚབ་འཕྲད་ཀྱི་ཡོད།
འཇར་པན་ཅི་བྱ་གཏོལ་མེད་ཀྱི་གནས་སྟངས་འདི་ལས་ཐར་བའི་ལམ་ཁ་ཡག་ཤོས་ནི་རྒྱ་ནག་གི་ཉེན་ཁ་ལས་སྲུང་སྐྱོབ་ཆེད་ཨ་རི་ལ་རྒྱབ་བརྟེན་བཅོལ་མཚམས་འཇོག་དགོས། དེའི་ཚབ་ཏུ་རང་ཉིད་ཀྱིས་རྒྱ་ནག་གི་གནོན་ཤུགས་ལ་ཁ་གཏད་གཅོག་ཐུབ་པའི་དམག་དཔུང་འཛུགས་སྐྲུན་བྱེད་རྒྱུ་དེ་རེད། དེའི་ནང་དོན་ནི་ཁོ་ཚོས་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་འགོག་རྒོལ་ལ་འདང་ངེས་ཀྱི་རྡུལ་ཕྲན་མཚོན་ཆའི་དམག་དཔུང་བཙུགས་པ་ཡིན་ན་འཇར་པན་དེ་རྒྱ་ནག་གི་སྡིགས་ར་སྐུལ་སར་འགྱུར་གྱི་མ་རེད།
འདི་ནི་འཇར་པན་གྱི་གཞུང་འཛིན་ཚོགས་པ་གང་རུང་གིས་ཐག་གཅོད་བྱེད་དཀའ་བའི་གནད་དོན་ཞིག་ཡིན་པ་གསལ་བོ་རེད། འོན་ཀྱང་། ཐག་གཅོད་འདི་བསམ་ཡུལ་ལས་འདས་པ་ཞིག་མིན་པ་དང་གདམ་ཀ་གཞན་ཁག་ནི་དེ་བས་ཉམ་ང་བ་ཞིག་ཡིན།
གོམ་སྟོབས་འདིས་རྒྱལ་སྤྱིའི་ཐོག་གི་འཇར་པན་ཀྱི་གནས་སྟངས་ལ་རྨང་གཞིའི་འགྱུར་བ་ཞིག་ཐེབས་འགོ་བཙུགས་པ་ཡིན་ལ། དེ་ལྟར་བྱས་པ་ནི་ཁོང་ཚོ་ཡང་བསྐྱར་རང་དབང་ཐོག་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཡོང་གི་ཡོད་པས་ཨ་མེ་རི་ཀ་དང་མཐུན་གྲོགས་ལ་རྫོགས་ཚིག་འབྲི་བ་ཞིག་ཀྱང་ཡིན། ཐོག་མར་འགྱུར་བ་འདི་ཨེ་ཤི་ཡའི་ནང་གི་ཨ་མེ་རི་ཀའི་གནས་བབས་ལ་གྱོང་གུན་ཚབས་ཆེན་ཕོག་པ་འདྲ་བོ་ཡོད་ཀྱང་། ང་ཚོས་ཅི་ཙམ་ཞིབ་ཏུ་བལྟས་པ་དེ་ཙམ་གྱིས་གནས་སྟངས་གསལ་བོ་མེད་པ་ཆགས་ཀྱི་ཡོད། རྒྱ་ནག་ཡར་རྒྱས་ལ་འགྲོ་བ་དང་དུས་མཚུངས་ཨ་མེ་རི་ཀ་དང་འཇར་པན་དབར་གྱི་མཐུན་གྲོགས་འབྲེལ་བ་དེ་ཕྱོགས་གཉིས་ནས་ཉེན་ཁ་ཆགས་ཀྱི་ཡོད།
དང་པོ། འབྲེལ་ལམ་དེས་ཨ་མེ་རི་ཀ་རང་ཉིད་འཇར་པན་དང་རྒྱ་ནག་དབར་གྱི་དཀའ་རྙོག་ནང་ལྷུང་ཀྱི་ཡོད། དེ་ཡང་འཇར་པན་གྱི་བདེ་སྲུང་འགན་ལེན་རྒྱུན་འཁྱོངས་བྱས་པ་དེ་ཙམ་གྱིས། ཨ་མེ་རི་ཀ་རང་ཉིད་ལ་ཐད་ཀར་ཁེ་ཕན་མེད་པའི་ཌོ་ཀྱོག་དང་པེ་ཅིང་དབར་གྱི་རྩོད་རྙོག་ནང་ཚུད་པའི་ཉེན་ཀ་ཆེ་རུ་འགྲོ་གི་ཡོད།
གཉིས་པ། འཇར་པན་གྱིས་ཨ་རྒྱ་གཉིས་ཐག་ཉེ་རུ་འགྲོ་གི་ཡོད་པར་བློ་འཚབ་བྱེད་ཀྱི་ཡོད་པ་དང་། ཨ་རི་དང་འཇར་པན་གཉིས་ཀྱི་མཐུན་གྲོགས་ལ་ཆ་འཇོག་མུ་མཐུད་བྱས་པ་ཡིན་ན། ཝ་ཤིང་ཀྲོན་དང་པེ་ཅིང་གཉིས་ཀྱིས་ཕུགས་ལ་ཕན་པའི་ཕྱག་ལས་གནང་བར་འགོག་རྐྱེན་བཟོ་གི་ཡོད། གྱོང་གུན་ཆེན་པོ་དེ་འདྲ་ཞིག་ཁྱེར་ཐུབ་མིན་ཡང་གཙོ་བོ་ཨེ་ཤི་ཡིའི་མངའ་ཁུལ་ནང་ཨ་མེ་རི་ཀའི་དམིགས་ཡུལ་གཙོ་བོ་ག་རེ་བཟུང་ཡོད་མེད་ལ་ཐུག་ཡོད། ཁོ་ཚོས་སེམས་ཐག་གཙང་བཅད་ཀྱིས་སྔོན་ལྟར་ཐབས་ཇུས་ཀྱི་འགོ་གཙོ་ཇེ་བརྟན་ལ་གཏོང་རྒྱུ་ཡིན་ན་འཇར་པན་དང་མཐུན་གྲོགས་རྒྱུན་གནས་བྱེད་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན་ལ། རྒྱ་ནག་དང་འབྲེལ་བའི་མཇུག་འབྲས་རྣམས་ལ་ངེས་པར་དུ་གདོང་ལེན་བྱེད་དགོས། འོན་ཀྱང། ངས་ཁུངས་སྐྱེལ་ར་སྤྲོད་བྱེད་རྒྱུ་ཞིག་ལ། ཨ་མེ་རི་ཀའི་ཕྱོགས་ནས་འགོ་གཙོའི་གནས་བབས་རྒྱུན་འཛིན་མ་བྱས་ཀྱང་། ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་མངའ་ཁུལ་དུ་སྟོབས་ལྡན་གྱི་རྟེན་གཞི་དེ་རྒྱུན་མཐུད་གནང་ཐུབ་པར་མ་ཟད།རང་ཉིད་ཀྱི་མངོན་འདོད་གཙོ་བོ་ཁག་ཀྱང་སྲུང་སྐྱོབ་བྱེད་ཐུབ། དེ་བས་འཇར་པན་དང་མཐུན་གྲོགས་བྱས་པ་དེས་ཁོང་ཚོར་ཐོབ་པ་ལས་ཤོར་བ་མང་ངེས་ཡིན།
རྒྱ་གར།
ཕྱི་ལོ་༡༩༩༠་ནང་ནས་བཟུང་ཨ་རིའི་དབུ་ཁྲིད་རྣམས་ཀྱིས་རྒྱ་གར་ནི་རྒྱ་ནག་ལ་ཁ་གཏད་གཅོག་པའི་ལྗིག་ཁོག་ཞིག་ཏུ་བལྟས་ཡོད་པ་རེད། ཁོང་ཚོས་རྒྱ་གར་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་མཉམ་དུ་ཨ་རིའི་སྟོབས་ཤུགས་ལ་སྣོན་པ་རྒྱབ་ནས་འཕེལ་རྒྱས་ལ་འགྲོ་བཞིན་པའི་རྒྱ་ནག་གི་ཁ་གཏད་དུ་ལངས་རྒྱུ་དང་། ཨ་རིའི་འགོ་ཁྲིད་པའི་སྒྲིག་གཞི་དེ་རྒྱུན་འཛིན་བྱེད་པའི་རེ་བ་རྒྱག་གི་ཡོད། འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་ཐབས་ཇུས་ཀྱི་འབྲེལ་ལམ་གང་ལ་གང་འཚམ་ཡག་པོ་བྱུང་བར་བརྟེན་ཕན་ཚུན་མཉམ་ལས་ཀྱི་གནས་རིམ་མཐོན་པོར་སླེབས།
འབྲེལ་ལམ་དེ་ལ་ལྗིག་ཁོག་ག་ཚོད་ཡོད་མེད་འུར་སྒྲོག་བྱེད་རྒྱུ་ལས་སླ་བོ་ཡིན་ཀྱང་། ཁོང་ཚོ་མཐུན་གྲོགས་རྒྱལ་ཁབ་ཡིན་པའི་ཚོར་བ་གང་ཡང་མི་སྟེར། རྒྱ་གར་རང་ཉིད་ཀྱི་མངོན་འདོད་དང་ཐད་ཀར་འབྲེལ་བ་མེད་པ་ཡིན་ན། ཨ་རྒྱ་གཉིས་གདོང་ཐུག་བྱུང་བའི་སྐབས་སུ་ཝ་ཤིང་ཀྲོན་གྱིས་རྒྱ་གར་ཕྱོགས་ནས་དོན་སྙིང་ལྡན་པའི་རྒྱབ་སྐྱོར་ཞིག་ཐོབ་རེ་བྱེད་ཀྱི་མེད། དཔེར་ན། ལྷོ་རྒྱ་ནག་རྒྱ་མཚོ་དང་ཐེ་ཝན་ཐོག་ཨ་རྒྱའི་བར་རྩོད་རྙོག་བྱུང་བ་ཡིན་ན། རྒྱ་གར་གྱིས་དམག་དཔུང་བཏང་ནས་ཨ་རི་ལ་རྒྱབ་སྐྱོར་ཡོང་རེ་བྱེད་པ་ནི་རྒྱུ་མཚན་མེད་པ་ལྟ་བུ་རེད།
མི་ཁ་ཤས་ཀྱིས་ཨ་རི་དང་རྒྱ་གར་གཉིས་མཐུན་ཕྱོགས་རྒྱལ་ཁབ་ཏུ་འགྱུར་བའི་རེ་བ་རྒྱག་གི་ཡོད། འོན་ཀྱང་། འདི་ལ་རྒྱུ་མཚན་གསུམ་གྱི་ཐོག་ནས་དོགས་འདྲི་བྱས་ཆོག ཨ་མེ་རི་ཀ་དང་འདྲ་བར་རྒྱ་ནག་ནི་རྒྱ་གར་གྱི་ཐབས་ཇུས་འགྲན་རྩོད་པ་གཙོ་བོ་རུ་གྱུར་ཡོད་ཀྱང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་དམིགས་ཡུལ་ཁག་ཨ་རི་དང་གཅིག་མཚུངས་མིན། ལྷག་པར་དུ་ཨ་མེ་རི་ཀའི་དམིགས་ཡུལ་དེ་ཨེ་ཤི་ཡིའི་མངའ་ཁུལ་གྱི་འགོ་གཙོའི་གནས་བབ་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན་ན། དོན་དངོས་ཐོག་རྒྱ་གར་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་དུས་མཚུངས་ཁོང་ཚོའི་མངོན་འདོད་རྣམས་ཨ་རི་ལས་རྒྱང་ཐག་རིང་དུ་འགྲོ་གི་རེད། རྒྱ་གར་རང་ཉིད་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་འགྱུར་བཞིན་པའི་སྐབས་འདིར་ཁོང་ཚོས་རྒྱལ་སྤྱིའི་སྡིང་ཆའི་སྟེང་རང་ཉིད་ཀྱི་གནས་བབས་ལ་དོ་སྣང་ཆེན་པོ་སྤྲོད་ཀྱི་ཡོད་པས། ཁོང་ཚོའི་དམིགས་ཡུལ་ནི་རང་ཉིད་ཀྱི་སྟོབས་ཤུགས་གནས་ཚད་མཐོ་ཤོས་སུ་སླེབས་རྒྱུ་དེ་ཡིན་པ་ལས་ཨ་རིར་རྒྱབ་སྐྱོར་བྱེད་རྒྱུ་དེ་མིན།
རྒྱ་ནག་གི་སྟོབས་ཤུགས་ལ་ཚད་བཀག་དང་ཁོ་ཚོ་དབང་སྒྱུར་བྱེད་མཁན་ཞིག་ཏུ་མི་འགྱུར་བའི་ཆེད་རྒྱ་གར་གྱིས་དགའ་བཞིན་སྤྲོ་བཞིན་ཨ་རིའི་ལྷན་དུ་ཕྱག་ལས་གནང་གི་རེད། འོན་ཀྱང་། ཁོང་ཚོས་ཨ་རི་ལ་རྒྱབ་སྐྱོར་ཆེད་རང་ཉིད་མངའ་ཁུལ་གྱི་འགོ་གཙོ་བྱེད་པའི་མངོན་འདོད་དེ་དམའ་རིམ་དུ་འཇོག་གི་མ་རེད། དེ་ལས་རྒྱང་རིང་ཙམ་ལ་བསམ་བློ་བཏང་ན། རྒྱ་གར་སྟོབས་ཤུགས་ཆེ་རུ་ཕྱིན་པ་དུས་མཚུངས་རྒྱ་ནག་གི་ཁ་གཏད་ཏུ་ལངས་པར་ཨ་རིའི་རོགས་སྐྱོར་དེ་ཙམ་མི་དགོས་ལ། ཁོང་ཚོས་རང་ཉིད་ཀྱི་སྟོབས་ཤུགས་འཕེལ་རྒྱས་ཆེད་ནུས་ཤུགས་འདོན་གྱི་རེད་མ་གཏོགས་ཨ་མེ་རི་ཀའི་ཆེད་གཏོང་གི་མ་རེད། དེ་བཞིན་ལྡོག་ཕྱོགས་ནས་བཤད་ན། རྒྱ་ནག་སྟོབས་ལྡན་དུ་གྱུར་བ་ཡིན་ན་རྒྱ་གར་ལ་གནད་འགག་ཆེན་པོ་ཡིན་པས། ལྡི་ལི་ཕྱོགས་ནས་ཨ་མེ་རི་ཀའི་འགོ་ཁྲིད་གནས་བབ་ལ་རྒྱབ་སྐྱོར་ཆེད་སོ་སོའི་མངོན་འདོད་བློས་གཏོང་རྒྱུ་དང་། ཡང་ན་རང་ཉིད་འཕེལ་རྒྱས་སུ་གཏོང་རྒྱུ་གཉིས་ལ་དོགས་ཟོན་ནམ་སྤྱང་གྲུང་དོད་པོ་བྱེད་ཀྱི་རེད། དེ་བས་ཨེ་ཤི་ཡའི་དུས་རབས་ནང་རྒྱ་གར་དེ་འདུལ་དཀའ་བའི་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་གྱུར་བ་ཡིན་ན་ཡང་ཨ་མེ་རི་ཀའི་འགོ་གཙོའི་གནས་བབས་ལ་རྒྱབ་སྐྱོར་བྱེད་མཁན་དཀྱུས་མ་ཞིག་ཡིན།
འདིས་ག་རེ་གསལ་བཤད་གནང་གི་ཡོད་པ་རེད་ཟེར་ན་རྒྱ་གར་ནི་འཇར་པན་ལྟར་ཨ་མེ་རི་ཀར་ཐབས་ཇུས་ཀྱི་འགན་འཁྲི་(གྱོང་གུན།བུ་ལོན)་ཆེན་པོར་ཞིག་མིན། གང་ཡིན་ཟེར་ན། རྒྱ་གར་དང་ཨ་མེ་རི་ཀའི་འབྲེལ་བ་དེ་འཇར་པན་དང་ཨ་མེ་རི་ཀའི་འབྲེལ་བ་ལྟར་གལ་ཆེན་པོ་མིན་ལ། རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་དེ་ངན་པའམ་དུག་རྫས་ཅན་ཞིག་མིན། འོན་ཀྱང་། ཨ་མེ་རི་ཀའི་དམིགས་ཡུལ་རྣམས་རྒྱ་གར་གྱི་མངོན་འདོད་དང་མཐུན་པོ་ཡོད་པ་གཅིག་པོ་དེས་ཨ་མེ་རི་ཀས་རྒྱ་ནག་ལ་ཁ་གཏད་གཅོག་སྐབས་རྒྱ་གར་དེ་རིན་ཐང་ཆེན་པོ་ཆགས་ཀྱི་ཡོད་པ་རེད། རྒྱ་གར་གྱི་མངོན་འདོད་འགྲུབ་པར་ཨེ་ཤི་ཡིའི་ནང་ཨ་མེ་རི་ཀའི་འགོ་གཙོ་བྱེད་མི་དགོས་པ་དང་། མངའ་ཁུལ་གྱི་འགོ་གཙོ་བྱེད་རྒྱུ་དེ་ཨ་མེ་རི་ཀའི་དམིགས་ཡུལ་ཡིན་ན་རྒྱ་གར་ནི་དེ་འདྲའི་ཕན་གྲོགས་ཆེ་བའི་རྒྱལ་ཁབ་ཅིག་མིན།
ཨུ་རུ་སུ་(ར་ཞི་ཡ)
ཨུ་རུ་སུ་ནི་ཨེ་ཤི་ཡའི་ནང་གི་སྟོབས་ལྡན་རྒྱལ་ཁབ་གསུམ་པ་དེ་ཡིན་ཞིང་རྒྱ་ནག་སྟངས་འཛིན་བྱེད་པར་ཁོང་ཚོས་ཨ་མེ་རི་ཀར་རོགས་སྐྱོར་བྱེད་སྲིད་ཅེས་བཤད་ཆོག་ཀྱང་། ཨེ་ཤི་ཡིའི་དུས་རབས་ནང་སྲིད་དོན་སྟོབས་ཤུགས་ཐད་ཁོང་ཚོའི་འཁྲབ་ཚན་ག་རེ་ཡིན་མིན་སྔོན་དཔག་བྱེད་དཀའ་བ་ཞིག་རེད། གསལ་བོ་མེད་པ་གཅིག་ལ་ཨུ་རུ་སུའི་སྟོབས་ཤུགས་མུ་མཐུད་གནས་མིན་དེ་རེད། ཁོང་ཚོ་ནི་ས་ཁྱོན་དང་ཐོན་ཁུངས་རྒྱ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཁོང་ཚོས་མི་འབོར་འཕེལ་རྒྱས་ཀྱི་གནོན་ཤུགས་ལ་གདོང་ལེན་བྱེད་མི་དགོས་པ་དང་། མང་ཆེ་བ་སློབ་སྦྱོང་གནས་ཚད་མཐོན་པོ་དང་འཇོན་ཐང་ཆེན་པོའི་མི་འབོར་ཡོད། དེ་ལྟ་ནའང་ཁོ་ཚོས་དཔལ་འབྱོར་དེ་གུ་དོགས་པོ་དང་བརྟན་པོ་མེད་པར་བརྟེན། འབྱུང་འགྱུར་གྱི་ལོ་བཅུའི་ནང་ཨེ་ཤི་ཡའི་ནང་གི་སྟོབས་ལྡན་རྒྱལ་ཁབ་ཞིག་ཏུ་འགྱུར་བར་དགོས་ངེས་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་རྟགས་མཚན་དེ་མཐོང་མི་ཐུབ། འཇར་པན་དང་འདྲ་བར་ཨུ་རུ་སུ་ཕལ་ཆེར་དུས་ཡུན་རིང་པོར་རྒྱ་ནག་གི་ཁ་གཏད་དུ་ལངས་ནས་སྲུང་སྐྱོབ་ཐོག་འབད་རྩོལ་བྱེད་ཀྱི་རེད། འོན་ཀྱང་། འཇར་པན་དང་མ་འདྲ་བ་ནི་ཁོ་ཚོས་ངེས་པར་དུ་རྒྱ་ནག་གི་(ས་ཐོག)་དམག་མིའི་ཁ་གཏད་དུ་ལངས་ནས་གཞི་རྒྱ་ཆེ་བའི་ས་མཚམས་སྲུང་སྐྱོབ་བྱེད་དགོས། རྒྱ་ནག་འཕེལ་རྒྱས་ལ་སོང་བ་དང་དུས་མཚམས་སྲུང་སྐྱོབ་ལས་དོན་དེ་དཀའ་ངལ་ཆེ་རུ་ཆེ་རུ་འགྲོ་གི་རེད།
ང་ཚོས་ཤེས་དགོས་པ་ཞིག་ལ་ཨུ་རུ་སུར་རྡུལ་ཕྲན་མཚོན་ཆ་ཕོན་ཆེན་པོ་ཞིག་ཡོད་པ་དང་མ་འོངས་རྒྱུན་རིང་གི་དུས་ཚོད་ནང་དེ་ལྟར་གནས་རྒྱུ་ཡིན་པ་དང་། དེ་དག་ཨུ་རུ་སུར་ཕྱི་ལོགས་ནས་འཇིགས་སྐུལ་མི་ཡོང་བ་དང་། ལྷག་པར་དུ་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་གྱི་ཉེན་ཁ་བྱུང་སྐབས་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། འོན་ཀྱང་། གལ་སྲིད་རྒྱ་ནག་གིས་ཨུ་རུ་སུའི་ཤར་ཕྱོགས་ནས་གོ་མཚོན་དཀྱུས་མའི་དམག་དཔུང་གིས་གཏོར་རྒོལ་བྱས་པ་ཡིན་ན་རྡུལ་ཕྲན་མཚོན་ཆ་དེ་དག་གིས་གོ་མཚོན་དཀྱུས་མའི་སྟོབས་ཤུགས་ཀྱི་ཚབ་བྱེད་མི་ཐུབ། གང་ཡིན་ཟེར་ན། ཨུ་རུ་སུ་ཕྱོགས་ནས་རྡུལ་ཕྲན་མཚོན་ཆའི་ལན་འདེབས་ཀྱི་འཇིགས་སྐུལ་བྱས་པ་ཡིན་ན་རྒྱ་ནག་ཕྱོགས་ནས་རང་ཉིད་ཀྱི་མངའ་ཁུལ་སྲུང་སྐྱོབ་ཆེད་ཨུ་རུ་སུའི་གྲོང་ཁྱེར་གཙོ་བོ་ཁག་ལ་རྡུལ་ཕྲན་མཚོན་ཆའི་འཁོན་ལན་སློག་པའི་ཉེན་ཚབས་ཡོད། དེ་བས་ཨུ་རུ་སུ་ཕྱོགས་ནས་རང་ཉིད་ཀྱི་ཤར་ཕྱོགས་ས་ཁུལ་དུ་སྐམ་དམག་རྒྱ་ཆེན་པོ་ཞིག་འཛུགས་རྒྱུར་མ་དངུལ་འདང་ངེས་ཞིག་གཏོང་ཐུབ་པའི་འདོད་པ་ཡོད་ན་མ་གཏོགས། ཨེ་ཤི་ཡའི་ནང་གི་ཁོ་ཚོའི་ཐབས་ཇུས་ཀྱི་གནས་བབས་ནི་རིམ་བཞིན་ཉམ་ཆུང་རུ་འགྲོ་གི་རེད།
འདི་ཨུ་རུ་སུ་ག་ཚོད་གནད་འགག་ཆགས་ཡོད་པ་རེད་དམ། (SIBERAI)་སེ་སྦེ་རི་ཡ་(ཤར་ཕྱོགས་རྒྱལ་ཁམས་ཡོངས་ལ་གོ)ནི་ཨུ་རུ་སུའི་དཔལ་འབྱོར་དང་ངོ་བོ་བཅས་ལ་གནད་འགག་ཆེན་པོ་ཡིན། འོན་ཀྱང་། ཨུ་རུ་སུའི་དགོས་འདོད་དང་སེམས་ཚོར་མང་ཆེ་བ་ཁོ་ཚོས་ཤར་ཕྱོགས་ལས་གཡོལ་ཏེ་ནུབ་ཕྱོགས་དང་ལྷོ་ཕྱོགས་ལ་དམིགས་པ་གཏད་ཡོད། ཨུ་རུ་སུས་ཤར་ཕྱོགས་ནས་ས་ཆ་ཤོར་མྱོང་མེད་ཀྱང་ལྷོ་ཕྱོགས་ནས་དཔལ་འབྱོར་དང་། རིག་གཞུང་། ཐབས་ཇུས་ལ་གནད་འགག་ཡོད་པའི་ས་ཆ་རྒྱ་ཆེན་པོ་ཤོར་པ་རེད། མ་འོངས་པར་ཨུ་རུ་སུ་སྟོབས་ལྡན་རྒྱལ་ཁབ་ཞིག་ཏུ་གྱུར་བ་ཡིན་ན་ཐོག་མའི་དོ་སྣང་བྱེད་ས་ནི་ཁོ་ཚོས་སྔོན་ཆད་ཤོར་ཟིན་པའི་ཡོ་རབ་དང་འདབས་འབྲེལ་ས་ཁུལ་ཁག་ཡིན་ལ། ཡོ་རོབ་གླིང་ཆེན་གྱི་སྒྲོམ་གཞི་ལ་གཞི་རྩའི་ཉེན་ཁ་ཡོད་པའི་ཁ་ཐོར་མ་ཕྱིན་སྔོན་གྱི་ར་ཤི་ཡའི་མངའ་འབབས་ཡུལ་གྲུ་སྐྱར་གསོ་བྱེད་སྲིད་པ་དེ་ཡིན། དེ་ནས་ཨུ་རུ་སུས་ཤར་ཕྱོགས་ས་ཁུལ་དུ་ནུས་པ་ཆེན་པོ་འབུལ་བའི་ངེས་པ་མེད་པ་དང་། ནུབ་ཕྱོགས་ས་ཁུལ་དུ་ནུས་ཤུགས་འདོན་པར་དགོས་ངེས་བྱུང་ན་ཁོ་ཚོས་གཅོག་འཕྲི་(ཤར་ཕྱོགས་ས་ཁུལ་དུ་གཏོང་བའི་འགྲོ་སོང་)་གཏོང་གི་རེད།
ཨུ་རུ་སུ་ཕྱོགས་ནས་ངེས་པར་དུ་རྒྱ་ནག་གི་འཕེལ་རྒྱས་ལ་སྣང་མེད་རྒྱ་ཡན་ལ་གཏོང་གི་མ་རེད། འོན་ཀྱང་། རྒྱ་ནག་གི་སྐམ་སའི་དམག་དཔུང་གི་ཉེན་ཁ་ཡོད་པས་དབང་གིས་རྒྱ་ནག་ཕྱོགས་ནས་ཨ་མེ་རི་ཀའི་འགོ་གཙོའི་གནས་བབ་ལ་འགྲན་རྩོད་སྐབས་ཨ་རིར་རྒྱབ་སྐྱོར་གྱི་མཐུན་གྲོགས་རྒྱལ་ཁབ་ནང་འཛུལ་འདོད་བྱེད་ཀྱི་མ་རེད། དོན་དངོས་ཐོག་ཁོང་ཚོས་ཡོ་རོབ་ཐོག་བཅང་བའི་མངོན་འདོད་དེའི་དབང་གིས་ཨ་མེ་རི་ཀས་དམིགས་གཏད་ཁ་ཕྱོགས་གཞན་ཏུ་བསྒྱུར་པར་དགའ་སྤྲོ་སྐྱེས་ཀྱི་རེད། རྒྱ་ནག་གིས་ཨེ་ཤི་ཡ་སྟངས་འཛིན་ལེགས་འགྲུབ་ཡོང་གི་ཡོད་པ་ལྟར་མཐོང་བའི་དུས་ཚོད་དེར་གཞི་ནས་ཨུ་རུ་སུའི་དམིགས་གཏད་ནུབ་ཕྱོགས་ས་ཁུལ་ནས་འགྱུར་བ་གཏོང་ངེས་མོད། དེ་དུས་ཕལ་ཆེར་རྗེས་ལུས་ཐེབས་ཚར་བ་རེད། ཚིག་གཞན་གྱི་ཐོག་ནས་བཤད་ན། ཁོ་ཚོ་དཔལ་འབྱོར་སྐྱར་གསོ་བྱུང་ནས་ཡོ་རོབ་ཁུལ་གྱི་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་གྱུར་བ་ཡིན་ན་ཡང་། ཁོང་ཚོ་ཨེ་ཤི་ཡའི་ནང་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་གནས་བབས་སྐྱར་གསོ་བྱེད་ཁག་པོ་རེད། རྒྱུན་རིང་གི་དུས་ཚོད་ནང་ཁོང་ཚོའི་ཤར་ཕྱོགས་ས་ཁུལ་སྟངས་འཛིན་བྱེད་རྒྱུའི་འགོག་སྲུང་ནུས་པ་མེད་པའི་རང་མདོག་སྟོན་གྱི་རེད།
སྟོབས་འབྲིང་རྒྱལ་ཁབ་ཁག
ལྷོ་ཀོ་རི་ཡ།
ལྷོ་ཀོ་རི་ཡ་ནི་ཨེ་ཤི་ཡའི་མངའ་ཁུལ་གྱི་སྟོབས་འབྲིང་རྒྱལ་ཁབ་ནང་ནས་ཨ་མེ་རི་ཀར་གལ་ཆེ་ཤོས་ཀྱི་མཐུན་གྲོགས་དེ་ཡིན། ཝ་ཤིན་ཌོན་ནས་རྒྱལ་ས་སོལ་(SEOUL)་ལ་བྱང་ཀོ་རི་ཕྱོགས་ཀྱི་ཉེན་ཁ་འགོག་པར་རོགས་སྐྱོར་བྱས་པ་དེས་ཁོང་གཉིས་ཀྱི་(ཨ་རི་དང་ལྷོ་ཀོ་ཡ)་མཐུན་གྲོགས་འབྲེལ་བ་ཡུན་རིང་གནས་ཐུབ་པ་མཐོང་ཐུབ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ཀྱི་འཇིགས་སྐུལ་གྱིས་འབྲེལ་ལམ་ཤུགས་ཆེ་རུ་གཏོང་གི་ཡོད་པར་སྣང་། གང་ཡིན་ཟེར་ན། ཨ་མེ་རི་ཀའི་རྡུལ་ཕྲན་མཚོན་ཆའི་དམག་དཔུང་གི་སྲུང་སྐྱོབ་འོག་ལྷོ་ཀོ་རི་ཡ་དེ་ནུབ་ཀོ་རི་ཡིས་རྡུལ་ཕྲན་མཚོན་ཆའི་འཇིགས་སྐུལ་ལས་གཡོལ་ཐུབ་ཀྱི་ཡོད། འོན་ཀྱང་། ང་ཚོས་ཐག་ཉེ་སར་བཅར་ནས་བལྟ་དུས། མ་འོངས་བར་ལྷོ་ཀོ་རི་ཡ་དང་ཡང་ན་ཨ་མེ་རི་ཀ་གང་རུང་ལ་མཐུན་གྲོགས་ཀྱི་ཁེ་ཕན་ག་ཚོད་ཅིག་ཡོད་མེད་གསལ་བོ་མེད།
ཐོག་མར་ང་ཚོས་ལྷོ་ཀོ་རིའི་ཕྱོགས་ནས་བསམ་བློ་བཏང་ན། ལྷོ་ཀོ་རི་ཡར་མཚོན་ན་ཨ་མེ་རི་ཀའི་མཐུན་གྲོགས་བྱེད་པར་གཞི་རྩའི་དམིགས་ཡུལ་གསུམ་ཡོད། རྒྱ་ནག་དང་། ནུབ་ཀོ་རི་ཡ། འཇར་པན་བཅས་ཡིན། དེ་ཚོའི་ཁྲོད་ནས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ནི་བྱང་ཀོ་རི་ཡ་ཡིན། ཨ་མེ་རི་ཀའི་མཐུན་ཕྱོགས་རྒྱལ་འབྲེལ་འདི་ཕན་ཐོགས་ཡོད་པའི་སྟེང་ད་དུང་འཇིགས་སྐུལ་འདི་སྟངས་འཛིན་བྱེད་ཐུབ་བམ།
འདིའི་ཕྱོགས་ཙམ་ནི་(DEMILITARISED་ZONE)དམག་དཔུང་གཙང་བསལ་ས་ཁུལ་གྱི་ནུབ་ཕྱོགས་སུ་ག་རེ་བྱུང་མིན་ལ་རག་ལས་ཡོད། བྱང་ཀོ་རི་ཡའི་སྲིད་དབང་གི་མ་འོངས་པར་གང་འདྲ་ཡིན་མིན་སྔོན་དཔག་བྱེད་རྒྱུ་ནི་ཉེན་ཚབས་ཆེན་པོ་ཅན་ཞིག་རེད། ཁོ་ཚོའི་གཞི་རྩའི་སྐྱོན་ཆ་ནི་མངོན་གསལ་དོད་པོ་རེད། འོན་ཀྱང་། ཁོང་ཚོ་འཚོ་གནས་ཐུབ་པའི་གཡོ་འཕྲུལ་གྱི་འཇོན་ཐང་ཡང་དེ་བཞིན་རེད། ཁོང་ཚོ་དུས་ཚོད་གང་རུང་ཞིག་ལ་འཐོར་བཤིག་འགྲོ་སྲིད་ལ། ཁོང་ཚོ་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་མུ་མཐུད་གནས་སྲིད། དེ་བས་ང་ཚོས་ངེས་པར་དུ་ཕྱོགས་གཉིས་ཀར་བསམ་གཞིག་གཏོང་དགོས།
གལ་སྲིད་བྱང་ཀོ་རི་ལ་འཐོར་བཤིག་ཕྱིན་པ་ཡིན་ན། ལྷོ་ཀོ་རི་ཡའི་གལ་ཆེ་ཤོས་ཀྱི་ལས་དོན་ནི་ལྷོ་ཀོ་རི་ཡའི་ཆབ་སྲིད་དང་དཔལ་འབྱོར་གྱི་ལམ་ལུགས་ཀོ་རི་ཡ་གཉིས་ཆིག་སྒྲིལ་བྱེད་རྒྱུ་དེ་ཡིན། དེ་གང་འདྲ་བྱས་ནས་སྒྲུབ་མིན་སྐོར་ལ་རྒྱ་ནག་གིས་ཆ་ཤས་ཆེ་ཤོས་ལེན་གྱི་རེད། ཁོང་ཚོར་ནུབ་ཀོ་རི་ཡ་ལ་སྲིད་དོན་རྒྱབ་སྐྱོར་དང་། དཔལ་འབྱོར་རོགས་སྐྱོར། ཛ་དྲག་སྐྱོབ་གསོ། དམག་གི་མཚོན་ཆ་སོགས་མཁོ་སྤྲོད་བཅས་ཀྱིས་ཀོ་རི་ཡའི་ནང་ཇུས་གཏོགས་བྱེད་མཁན་ཆེ་ཤོས་དེ་ཡིན། གལ་སྲིད་ཁོ་ཚོས་བྱེད་འདོད་ཡོད་ན་རྒྱ་ནག་གིས་བྱང་ཀོ་རི་ཡ་རྒྱལ་ཁབ་ལོགས་ཁ་ཞིག་ཏུ་འཛིན་སྐྱོང་བྱེད་ཐུབ་ཀྱི་ཡོད་པས། བྱང་ཀོ་རི་ཡ་དེ་ལྷོ་ཀོ་རིའི་ནང་འཐིམ་ཏུ་འཇུག་མིན་ལ་ཐག་གཅོད་ཀྱི་དབང་ཆ་ཆེན་པོ་ཡོད། དེ་དང་བསྡུར་ན་ཨ་མེ་རི་ཀས་བྱང་ཀོ་ར་ཡ་ཐོག་གི་ཤུགས་རྐྱེན་ནི་གླེང་རིན་དེ་ཙམ་མེད། དེ་བས་གལ་སྲིད་བྱང་ཀོ་ར་ཡ་འཐོར་བཤིག་ཕྱིན་པ་ཡིན་ན་ལྷོ་ཀོ་རི་ཡར་མཚོན་ན་ཨ་མེ་རི་ཀའི་རྒྱབ་སྐྱོར་ལས་རྒྱ་ནག་གི་རྒྱབ་སྐྱོར་མང་པ་དགོས་ཀྱི་ཡོད་པ་དང་། སྐྱར་དུ་ཆིག་སྒྲིལ་ཡོང་བའི་ཆ་རྐྱེན་ཐོག་རྒྱ་ནག་ལ་དབང་ཆ་མང་པ་སྤྲོད་དགོས་ཀྱི་ཡོད། དཔེར་མཚོན་ཙམ་ཞུས་ན། རྒྱ་ནག་གིས་ལས་སླ་བོ་ཐོག་སྔོན་འགྲོའི་ཆ་རྐྱེན་དུ་ཨ་རི་དང་ལྷོ་ཀོ་རི་ཡའི་མཐུན་ཕྱོགས་མཇུག་བསྡུ་བ་དང་ཨ་རིའི་དམག་དཔུང་ཡོངས་རྫོགས་མངའ་ཁུལ་དེ་ནས་ཕྱིར་འཐེན་གྱི་དགོས་འདུན་འདོན་སྲིད། ལྷོ་ཀོ་རིའི་ཕྱོགས་ནས་དེ་ལ་ངོས་ལེན་མེད་པ་གནང་གི་རེད་དམ། གལ་སྲིད་བྱང་ཀོ་རི་ཡའི་འཇིགས་སྐུལ་མེད་པ་ཆགས་ནས་ཁོ་ཚོས་དེ་འདྲ་བྱེད་ཀྱི་རེད་དམ།
གལ་སྲིད་བྱང་ཀོ་རི་ཡ་འཚོ་གནས་ཐུབ་པ་དང་ལྷག་པར་དུ་བྱང་ཀོ་རི་ཡའི་འགོ་ཁྲིད་གསར་བའི་རྒྱ་ནག་གི་དཔལ་འབྱོར་གྱི་མ་དཔེའི་རྗེས་སུ་འབྲང་བ་ཡིན་ན། ལྷོ་ཀོ་རི་ཡར་དཀའ་ངལ་མ་འདྲ་བ་ཞིག་ལ་འཕྲད་ཀྱི་རེད། བྱང་ཀོ་རི་ཡིས་ཕྱོགས་ནས་ལྷོ་ཀོ་རི་ཡར་ཉེན་ཁ་སྤྲོད་པའི་དུས་ཡུན་རིང་། ལྷོ་ཀོ་རི་ཡས་བསམ་བློ་གཏོང་དགོས་པའི་དྲི་བ་ནི། ཨེ་ཤི་ཡའི་མངའ་ཁུལ་གྱི་སྟོབས་ཆེན་རྒྱལ་ཁབ་སུས་རོགས་སྐྱོར་འོག་བྱང་ཀོ་རི་ཡ་འགོག་ཐུབ་ཀྱི་རེད་དམ་ཟེར་བ་དེ་ཡིན། དང་པོ་ང་ཚོའི་མཐོང་སྣང་ལ་དེའི་ལན་ནི་ཨ་མེ་རི་ཀ་ཡིན་པ་འདྲ་བོ་ཡོད་ཀྱང་། ང་ཚོས་ཞིབ་ཏུ་བརྟག་དུས་རྒྱ་ནག་ཡིན་པ་གསལ་སྟོན་བྱེད་ཀྱི་ཡོད། ཕྱི་ལོ་༢༠༡༠་ལོར་བྱང་ཀོ་ར་ཡས་ཕྱོགས་ནས་ལྷོ་ཀོ་ར་ཡར་འཁྲུག་རྐྱེན་སློང་སྐབས་སུ་དེ་འདྲ་ཡིན་པའི་གཏམ་རྒྱུད་དོ་སྣང་བྱེད་དགོས་པ་བྱུང་ཡོད། བྱང་ཀོ་རི་ཡིས་ལྷོ་ཀོ་རི་ཡའི་གྲུ་གཟིངས་(CHEONAN)་བསྣུབ་པ་དང་ཁོང་ཚོའི་ས་ཐོག་ཏུ་སྒྱོགས་མདེལ་གཡུག་སྐབས། ཨ་མེ་རི་ཀས་ལྷོ་ཀོ་རི་ཡའི་རྒྱབ་ཏུ་ལངས་ནས་མ་འོངས་པར་འཁྲུག་རྐྱེན་སློང་བ་ཡིན་ན་ལན་འདེབས་ངེས་ཡིན་པའི་ཁས་ལེན་བྱས་ཀྱང་། སྐབས་དེར་རྒྱ་ནག་གིས་བྱང་ཀོ་རི་ཡའི་བྱ་སྤྱོད་ལ་སྐྱོན་བརྗོད་མི་བྱེད་པ་དང་མཐོང་སྣང་དུ་ཁོ་ཚོས་བྱང་ཀོ་རི་ཡ་བཀག་སྡོམ་བྱེད་མི་ཐུབ་པའི་རྣམ་པ་བསྟན་པ་རེད། ང་ཚོས་མཐོང་སྣང་དུ་ཡང་རྒྱ་ནག་གིས་བྱེད་མ་ཐུབ་པའམ་བྱེད་འདོད་མེད་པའི་སྐབས་སུ་ཨ་མེ་རི་ཀས་མཐུན་གྲོགས་རྒྱལ་ཁབ་ཀྱི་འབྲེལ་བའི་སྟོབས་ཤུགས་དང་རིན་ཐང་གསལ་སྟོན་བྱས་ཡོད་པ་རེད།
འོན་ཀྱང་། མཐོང་སྣང་དང་པོ་དེས་ང་ཚོར་མགོ་སྐོར་རམ་ལམ་ནོར་དུ་ཁྲིད་ཀྱི་ཡོད། ང་ཚོས་མདུན་ཕྱོགས་ལ་བལྟས་པ་ཡིན་ན་པར་རིས་ལ་འགྱུར་བ་ཐེབས་པ་དང་ཨ་མེ་རི་ཀ་དང་རྒྱ་ནག་གི་གནས་བབས་ལ་བརྗེ་བོ་ཐེབས་ཀྱི་ཡོད། དང་པོ་ང་ཚོས་བྱང་ཀོ་རི་ཡས་ཡང་སྐྱར་འཁྲུག་རྐྱེན་སློང་བ་ཡིན་ན་ཨ་རིའི་ཕྱོགས་ནས་ག་རེ་བྱེད་ཐུབ་མིན་ལ་བསམ་བློ་ཞིག་གཏོང་། ཝ་ཤིན་ཌོན་ནས་ཤུགས་དྲག་གི་ལན་འདེབས་བྱེད་རྒྱུའི་ཁས་ལེན་བྱས་ཡོད། འོན་ཀྱང་། ཁོ་ཚོར་ཆ་འཇོག་འོས་པའི་དམག་དཔུང་གི་གདམ་ཀ་ཉུང་ཉུང་ཡིན། ཨ་རི་ཡིས་འཁོན་ལན་སློག་ཆེད་བྱང་ཀོ་རི་ཡར་གཏོར་རྒོལ་བྱེད་ཐུབ་བའམ་ཡང་ན་ལྷོ་ཀོ་རི་ཡར་རྒྱབ་སྐྱོར་གྱིས་རྒོལ་ལན་སློག་བཅུག་ཐུབ་ཀྱང་། བྱང་ཀོ་ར་ཡ་ནས་ཚུར་ལན་འདེབས་བྱེད་ཐུབ་མིན་ངེས་པ་མེད་པས་མཐར་ཨ་རིས་སྟངས་འཛིན་བྱེད་མི་ཐུབ་པའི་འཁྲུག་རྩོད་ཀྱི་འཁོར་ལོ་བསྐོར་བའི་ཉེན་ཁའི་ཕྱོགས་སུ་ཁྲིད་ཀྱི་རེད།
མདོར་དོན་ལྷོ་ནུབ་ཀོ་རའི་ཡའི་དབར་གྱི་འབྲེལ་བ་བྱེད་ཕྱོགས་ཐད་ཨ་མེ་རི་ཀས་དེ་ཙམ་སྒྲུབ་མི་ཐུབ། གང་ཡིན་ཟེར་ན། དམག་དཔུང་གི་དབང་ཤེད་གཅིག་པོ་བྱང་ཀོ་རི་ཡར་ཐོག་ཤུགས་རྐྱེན་སྤྲོད་ཐུབ་པ་དང་དེ་ལ་ནུབ་ཀོ་ཡ་ནས་ལན་འདེབས་འདྲ་འདྲ་སྤྲོད་ཐུབ། པེ་ཅིན་གྱི་ཕྱོགས་ནས་བཤད་ན། ཁོང་ཚོར་བྱང་ཀོ་རི་ཡར་ཐོག་ཤུགས་རྐྱེན་ཆེན་པོ་སྤྲོད་ཡོད་པས་ལྷོ་ཀོ་ར་ཡར་མཚོན་ན་ཝ་ཤིན་ཌོན་ལས་བེད་སྤྱོད་ཆེ་བ་ཡོད། ༢༠༡༠ལོར་པེ་ཅིན་ཕྱོགས་ནས་ཕིན་ཡོན་(བྱང་ཀོ་རི་ཡའི་རྒྱལ་ས)་ཕྱོགས་ལ་མ་འཁྱོག་པ་དེས་ལྷོ་ཀོ་ར་ཡ་ལྐོག་གྱུར་གྱི་བརྡ་ལན་ཞིག་སྤྲད་ཡོད། གལ་སྲིད་སོལ་དེ་བཞིན་ཝ་ཤིན་ཀྲོན་གྱི་ཕྱོགས་ལ་འཁྱོག་པ་ཡིན་ན་ནུབ་(ཀོ་རི་ཡ་)་ཕྱོགས་སྟངས་འཛིན་བྱེད་པར་པེ་ཅིན་ཕྱོགས་ལ་རེ་བ་མ་རྒྱག་ཅེས་བའི་བརྡ་ལན་དེ་ཡིན། དེ་བས་ལྷོ་ཀོ་རི་ཡའི་ཕྱོགས་ནས་སྡོམ་ཚིག་འདི་འདྲ་ཞིག་བཞག་ཡོད་སྲིད། ནུབ་ཕྱོགས་ལ་ཁ་གཏད་གཅོག་པར་པེ་ཅིན་ལ་འབྲེལ་ཐག་ཉེ་རུ་གཏོང་བ་ནི་ཝ་ཤིན་ཌོན་ལ་མཐུན་གྲོགས་བྱེད་པ་ལས་ལེགས་པར་འདོད་པ་དེ་རེད།
རྒྱ་ནག་དང་འབྲེལ་ལམ་དེ་གང་འདྲ་ཞིག་རེད་པས། ང་ཚོས་ཐེ་ཚོམ་བྱེད་མི་དགོས་པ་ཞིག་ནི་ལྷོ་ཀོ་ར་ཡའི་རྒྱལ་ཁབ་ཀྱང་ཨེ་ཤི་ཡ་མངའ་ཁུལ་གྱི་རྒྱལ་ཁབ་སྤྱི་མཚུངས་ལྟར་རྒྱ་ནག་དང་འབྲེལ་གཏུགས་སྐབས་ཨ་རིའི་རྒྱབ་སྐྱོར་རིན་ཐང་ཆེན་པོ་བརྩི་གི་ཡོད། འོན་ཀྱང་། ལྷོ་ཀོ་རི་ཡའི་ཕྱོགས་ནས་དུས་ཚོད་ག་ཚོད་རིང་ཨ་མེ་རི་ཀས་རྒྱ་ནག་ལ་ཁ་གཏད་བྱེད་པར་བློས་འགེལ་བྱེད་ཐུབ་བམ། འཇར་པན་གྱི་གནས་སྟངས་དང་གཅིག་མཚུངས་ལྟར་ཨ་མེ་རིའི་རྒྱབ་སྐྱོར་ཐོབ་པའི་གདེང་ཚོད་ནི་གཙོ་བོ་མ་འོངས་པར་རྒྱ་ནག་དང་འབྲེལ་ལམ་བཟང་པོ་ཡོང་རྒྱུ་དེ་ལྷོ་ཀོ་ར་ཡའི་འབྲེལ་ལམ་ལས་གལ་ཆེ་རུ་བརྩི་མིན་ལ་ཐུག་ཡོད་པ་རེད། རྒྱ་ནག་ག་ཚོད་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་ལྷོ་ཀོ་རིས་གདེང་ཚོད་ཆུང་རུ་འགྲོ་གི་རེད། གང་ཡིན་ཟེར་ན། ཨ་མེ་རི་ཀས་གལ་འགངས་ཧ་ཅང་ཆེ་བའི་དཔལ་འབྱོར་འབྲེལ་ལམ་ལ་དོ་ཕོག་མ་ཡོང་བ་ཞིག་དང་། ལྷོ་ཀོ་ར་ཡ་མངོན་འདོད་ཁོ་ནས་ཆེད་རྒྱ་ནག་དང་དམག་འཁྲུག་ཆེན་པོ་རྒྱག་པའི་ཉེན་ཁའི་ནང་མ་ལྷུང་བའི་ཐབས་ཤེས་བྱེད་ཀྱི་རེད། ཨ་རྒྱའི་དབར་གྱི་ཐབས་ཇུས་ཀྱི་འགྲན་རྩོད་ཁྲོད་ཨ་རི་ལ་རྒྱབ་སྐྱོར་བྱེད་པའི་ལྷོ་ཀོ་རི་ཡའི་མངོན་འདོད་དང་མཐུན་མིན་ཀྱང་གཙོ་བོ་རྒྱ་ནག་ཕྱོགས་ནས་ཉེན་ཁ་ག་ཚོད་སླེབས་མིན་ལ་རེག་ལས་ཀྱི་ཡོད། འོན་ཀྱང་། རྒྱ་ནག་ནི་བཙན་པོ་དབང་ཤེད་ཀྱིས་སྣེ་ཁྲིད་བྱེད་མཁན་ཞིག་ཏུ་གྱུར་ན་མ་གཏོགས་ལྷོ་ཀོ་རི་ཡས་ཨ་རིའི་ཕྱོགས་སུ་ལངས་པ་ལས་ལྡོག་སྟེ་བར་གནས་རང་བཞིན་ཏུ་བསྡད་ན་ལེགས་པའི་ཐག་གཅོད་བྱེད་ཀྱི་རེད།
འཇར་པན་སྐོར་ལ་ག་རེ་གནང་གི་རེད་དམ། (ལྷོ་ཀོ་རི་ཡས)་འཇར་པན་གྱི་ཁ་གཏད་བྱེད་པར་ཝ་ཤིན་ཌོན་ཕྱོགས་ནས་རྒྱབ་སྐྱོར་ག་ཚོད་ཅིག་ཐོབ་མིན་དེ་ཡང་ཨ་རི་དང་འཇར་པན་དབར་གྱི་འབྲེལ་ལམ་གྱི་གནས་སྟངས་ལ་རེག་ལས་ཡོད། གལ་སྲིད་འཇར་པན་དང་ལྷོ་ཀོ་རི་ཡ་གཉིས་ཀ་ཨ་རིའི་མཐུན་གྲོགས་མུ་མཐུད་གནས་པ་ཡིན་ན་ཁོ་ཚོར་ཐོབ་པའི་རྒྱབ་སྐྱོར་ཡང་བརྟན་པོ་ཡིན། འོན་ཀྱང་། གལ་སྲིད་ཝ་ཤིན་ཌོན་ལ་མི་བྱ་མཐུ་མེད་བྱུང་སྐབས་སུ་ཕྱོགས་གང་འདེམས་ཀྱི་ཡོད་མེད་ཐོག་ལྷོ་ཀོ་རི་ཕྱོགས་ནས་ངེས་པར་དུ་ཚོར་པ་སྐྱེན་པོ་བྱེད་དགོས། ཨ་མེ་རི་ཀ་ཕལ་ཆེར་འཇར་པན་གྱི་ཕྱོགས་སུ་འགྲོ་གི་རེད། གང་ཡིན་ཟེར་ན། འཇར་པན་ནི་སྟོབས་ཤུགས་གཞན་ལས་ཆེ་བའི་མཐུན་གྲོགས་རྒྱལ་ཁབ་ཡིན་པས་སོ། ཡང་འཇར་པན་གྱིས་ཨ་མེ་རི་ཀ་དང་མཐུན་གྲོགས་མཚམས་འཇོག་བྱས་པ་ཡིན་ན། ལྷོ་ཀོ་རི་ཡས་འཇར་པན་གྱི་ཁ་གཏད་བྱུང་སྐབས་ཝ་ཤིན་ཌོན་ནས་ཁོ་ཚོར་རྒྱབ་སྐྱོར་བྱེད་འདོད་པའམ་ཐུབ་པའི་གདེང་ཚོད་ཆེན་པོ་མེད། དོན་དངོས་ཐོག་འཇར་པན་གྱི་སེམས་ཁྲལ་བྱེད་ས་དེ་ཀོ་རི་ཡ་ལྷོ་བྱང་གཉིས་ཡིན་ན། པེ་ཅིན་ནི་ཝ་ཤིན་ཌོན་ལས་ལྷག་པའི་མཐུན་གྲོགས་ཡག་པོ་ཞིག་ཡིན་པ་གསལ་བོ་རེད།
ཀོ་རི་ཡའི་ཕྱོགས་ནས་མང་པོ་ཞིག་གླེང་ཟིན་པ་རེད། ད་ནི་ཨ་མེ་རི་ཀའི་ཕྱོགས་ནས་མཐུན་གྲོགས་ལ་ལྟ་ཚུལ་གང་འདྲ་བཟུང་ཡོད་དམ། གཟབ་གཟབ་ཀྱིས་བསམ་བློ་བཏང་ན་མཐུན་གྲོགས་བྱས་པའི་གྱོང་གུན་དང་ཉེན་ཁ་ཁག་ནི་ཚད་མཐོན་པོ་ཡིན། ལྷོ་ཀོ་རི་ཡའི་ནང་དམག་དཔུང་འབོར་ཆེན་ཞིག་བཏང་བའི་འགྲོ་གྲོན་ལས་གཞན། ད་དུང་མཐུན་གྲོགས་ཀྱི་འབྲེལ་ལམ་འདིས་ནུབ་ཀོ་རི་ཡ་དང་རྩོད་རྙོག་ཡོང་གཞིའི་ཉེན་ཁ་ཆེན་པོ་ཞིག་སྤྲད་ཡོད། གལ་སྲིད་ལྷོ་ཀོ་རིའི་ཕྱོགས་ནས་ཁོང་ཚོའི་ཁྱིམ་མཚེས་སྟོབས་ཆེན་གཉིས་ལ་འགྲད་རྩོད་སྐབས་ཨ་རིའི་རྒྱབ་སྐྱོར་བཙལ་བ་ཡིན་ན། ཚད་མཐོན་པོ་མིན་ཀྱང་ད་དུང་འབྲེལ་ལམ་དེས་ཨ་མེ་རི་ཀ་འཇར་པན་དང་རྒྱ་ནག་གང་རུང་ལ་རྩོད་རྙོག་ཡོང་བའི་ཉེན་ཚབས་ཆེན་པོ་ཞིག་སྤྲོད་ཀྱི་ཡོད། དེ་བས་ཁེ་ཕན་ག་རེ་ཡོད་པ་རེད་དམ། རྒྱུ་མཚན་གྱི་སྐྱ་ཐིག་གོང་དུ་ཕབས་ཟིན་པ་ལྟར། རྒྱ་ནག་གིས་བཙན་པོ་དབང་ཡོད་བཤད་ན་མ་གཏོགས། ཨ་རིས་རྒྱ་ནག་གི་ཁ་གཏད་དུ་ལངས་སྐབས་SEOUL་སོལ་(ལྷོ་ཀོ་རི་ཡས་ཨ་རིར་རྒྱབ་སྐྱོར་བྱས་ནས་རྒྱ་ནག་དང་མཉམ་དུ་འཁོན་འཁྲུག་སློང་གཞིའི་ཉེན་ཁ་ཆེན་པོ་བཟོ་གི་མ་རེད། ཡང་ན་རྒྱ་ནག་གིས་ལྷོ་ཀོ་རི་ཡར་བློ་དོགས་སེལ་ཐབས་བྱས་པ་ཡིན་ན། ཨ་རིའི་ཕྱོགས་ནས་ལྷོ་ཀོ་རི་ཡར་རྒྱ་ནག་ལ་རྒྱབ་གཏོད་པའི་ཐབས་ཤེས་བྱེད་རྒྱུ་ཧ་ཅང་ཁག་པོ་རེད། ང་ཚོས་མཐོང་གསལ་ལྟར། ལྷོ་ཀོ་རི་ཡར་གལ་ཆེ་བའི་གནད་དོན་ནང་ཏག་སེ་མང་ཆེ་བ་རྒྱ་ནག་གི་ལག་པར་ཡོད་པས་གནས་སྟངས་ཛ་དྲག་པོ་ཞིག་བྱུང་ན་མ་གཏོགས་ལྷོ་ཀོ་རི་ཡས་རྒྱ་ནག་དང་འབྲེལ་བ་གཅོད་འདོད་མེད།
གལ་ཆེ་ཤོས་ཞིག་ལ། ཨེ་ཤི་ཡའི་མངའ་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་གཞན་རྣམས་དང་འདྲ་བར་ཨེ་མེ་རི་ཀ་དེ་ཨེ་ཤི་ཡའི་ནང་བསྡད་ནས་རྒྱ་ནག་དོ་མཉམ་བཟོ་རྒྱུ་ནི་ལྷོ་ཀོ་ར་ཡ་ལ་ཁེ་ཕན་ཆེན་པོ་ཡོད་པ་ཞིག་ཡིན། འོན་ཀྱང་། ཨེ་ཤི་ཡའི་འགོ་གཙོ་གནས་བབས་རྒྱུན་འཛིན་ཆེད་ཨ་རིར་རྒྱབ་སྐྱོབ་བྱས་ནས་ཁོང་ཚོ་དང་རྒྱ་ནག་གི་འབྲེལ་བ་བློས་གཏོང་འདོད་མེད། ཨ་མེ་རི་ཀའི་འགོ་གཙོའི་གནས་བབས་དེ་ལྷོ་ཀོ་ར་ཡར་གལ་ཆེན་པོ་མིན་པར་རྒྱ་ནག་དེ་དོན་དངོས་ཐོག་གལ་ཆེན་པོ་གྱུར་ཡོད།
ལྷོ་ཤར་ཨེ་ཤི་ཡ།
ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཨ་མེ་རི་ཀར་མངའ་ཁུལ་གྱི་འགོ་གཙོ་གནས་བབས་རྒྱུན་འཛིན་བྱེད་པར་རྒྱབ་སྐྱོར་གྱི་གོ་སྐབས་མང་པོ་སྤྲོད་ཀྱི་ཡོད། མངའ་ཁུལ་དེར་ཨ་མེ་རི་ཀར་མཐུན་གྲོགས་རྒྱལ་ཁབ་གཉིས་ཡོད་པ་ནི་ཐེ་ལེན་ཌི་དང་ཧྥེ་ལེབ་ཕིན་གཉིས་ཡིན་པ་དང་། སྟོབས་འབྲིང་རྒྱལ་ཁབ་ཁ་ཤས་དང་འབྲེལ་ལམ་ཡག་པོ་ཆགས་བཞིན་ནི། ཨིན་ཌི་ཉི་ཤི་ཡ། ཝེ་ནམ། དམིགས་གསལ་སིང་རྒ་ཕོར་བཅས་ཡོད། ཨ་མེ་རི་ཀའི་སྲིད་དོན་པ་རྣམས་ཀྱིས་མ་འོངས་པར་འབྲེལ་ལམ་འདི་དག་གཏིང་ཟབ་དང་རྒྱ་ཆེ་རུ་གཏོང་ཐུབ་པའི་རེ་བ་རྒྱག་གི་ཡོད། གང་ཡིན་ཟེར་ན། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་འཕེལ་རྒྱས་ལ་བློ་འཚབ་དང་ཨ་མེ་རི་ཀའི་སྲུང་སྐྱོབ་ཡོང་རེ་དང་དེའི་ཆེད་ཨ་མེ་རི་ཀའི་ལས་དོན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད།
དེ་ལྟར་ཡོང་བ་ལ་རྒྱ་ནག་གིས་རོགས་ཕན་སྒྲུབ་ཡོད།(རྐྱེན་ངན་གྲོགས་ཤར) ལོ་ཁ་ཤས་ཀྱི་རིང་རྒྱ་ནག་གིས་ཁུ་སིམ་པོའི་སྒོ་ནས་ནུས་ཤུགས་ལྡན་པའི་ཕྱི་འབྲེལ་སྲིད་བྱུས་འོག་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཁོང་ཚོའི་དགོས་འདོད་ག་རེ་ཡིན་མིན་གྱི་བློ་དོགས་སེལ་ཐབས་བྱས་ཀྱང་། ཉེ་ཆར་རྒྱ་ནག་གིས་ཐུབ་ཚོད་བྱེད་ཤུགས་ཆེ་རུ་དང་ཚ་འདེད་བྱེད་འགོ་བརྩམ་པ་དེ་རེད། དེ་བས་རང་བཞིན་གྱིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཨ་རིའི་རྒྱབ་སྐྱོར་འཚོལ་གྱི་ཡོད། དེ་འདྲ་ཡིན་ན་ཡང་། ཨ་མེ་རི་ཀས་ཕྱོགས་ནས་ལྷོ་ཤར་ཨེ་ཤི་ཡའི་ནང་བཏིང་བའི་ཐབས་ཇུས་ད་དུང་སྐྱོ་བོ་ཡིན། ཨ་མེ་རི་ཀས་རྒྱ་ནག་གི་ཁ་གཏད་བཅག་པ་ཡིན་ན་ཁོ་ཚོས་རྒྱབ་སྐྱོར་བྱེད་པའི་ཁས་ལེན་དམ་བཅའ་གསལ་བོ་མེད་ལ། ཁས་ལེན་དམ་བཅའ་ཡང་རྒྱ་ནག་ཕྱོགས་ནས་བཙན་ཤེད་ཆེན་པོ་བྱས་ན་མ་གཏོགས་མངོན་འགྱུར་ཡོང་མི་ཐུབ། དུས་མཚུངས་སུ་ཨ་མེ་རི་ཀས་རྒྱལ་ཁབ་དེ་དག་ལ་མངོན་གསལ་དོད་པོས་ཁས་ལེན་མང་པོ་བྱས་པ་ཡིན་ན་རྒྱལ་ཁབ་དེ་རྣམས་རྒྱ་ནག་མཉམ་རྩོད་རྙོག་ཡོང་གཞིའི་དྲ་རྒྱའི་ནང་ཁྲིད་སྲིད།
ཝེ་ནམ་དཔེ་བཞག་ནས་བཤད་ན། ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དང་རྩོད་རྙོག་ཅན་གྱི་གླིང་ཕྲན་རྣམས་ཀྱི་ཐོག་རྒྱ་ནག་གྱིས་བདག་དབང་ཡོད་ཚུལ་བརྗོད་ཤུགས་ཆེ་རུ་ཕྱིན་པ་དང་། ཝེ་ནམ་གྱི་ལན་འདེབས་ཁག་ལ་ཨ་རིས་ངོས་ནས་མངོན་གསལ་དོད་པོས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད། ཨ་རིའི་དབུ་ཁྲིད་རྣམས་ཀྱི་རེ་བར་བྱ་སྤྱོད་འདིས་ཝ་ཤིང་ཀྲོན་དང་ཧེ་ནེའོ་(ཝེ་ནམ་གྱི་རྒྱལ་སའི་མིང་)བར་དུ་རྒྱུན་རིང་དཔུང་སྒྲིག་ཆེད་རྨང་གཞི་གཏོང་བ་དང་། རྒྱ་ནག་ལ་ཁ་གཏད་གཅོག་སྐབས་ཝ་ནེམ་གྱིས་ཨ་རིར་དོན་སྙིང་ལྡན་པའི་རྒྱབ་སྐྱོར་ཡོང་བའི་རེ་བ་རྒྱག་གི་ཡོད། འོན་ཀྱང་། འདི་དོན་དངོས་ག་ཚོད་ཅིག་ཡིན་ནམ། རྒྱ་ནག་ལ་འབྲེལ་བ་ཡག་པོ་ཡོད་མེད་དེས་ཝེ་ནམ་ལ་དཔལ་འབྱོར་དང་ཐབས་ཇུས་ཐོག་ཁེ་གྱོང་ཆེན་པོ་ཡོད། འབྲེལ་ལམ་དེ་རྒྱུན་གནས་ཡོང་རེ་ཡོད་པ་དེ་ཚོད་ཀྱིས། ཝེ་ནམ་གྱིས་ཁོ་ཚོར་ཐད་ཀར་འབྲེལ་བ་མེད་པའི་གནད་དོན་ཐོག་ཨ་རིས་རྒྱ་ནག་ལ་ཁ་གཏོད་གཅོག་པར་རྒྱབ་སྐྱོར་བྱས་ནས་འབྲེལ་ལམ་ལ་ཉེན་ཁ་ཡོང་འཇུག་གི་མ་རེད། འདི་ལ་ཡང་བསྐྱར་ཐེ་ཝན་གྱི་ཡིག་ཚད་བཏང་བ་ཡིན་ན། ཐེ་ཝན་སྐོར་གཉན་འཕྲང་གི་སྐབས་སུ་ཝ་ནེམ་གིས་ཨ་རིར་རྒྱབ་ཏུ་ལངས་ནས་རྒྱ་ནག་གི་ཁ་གཏད་དུ་གཅོག་གི་རེད་དམ། གལ་སྲིད་མ་ལངས་པ་ཡིན་ན། ཨ་རིའི་ཕྱོགས་ནས་ཝེ་ནམ་ལ་བློ་ཉེ་བོས་འབྲེལམ་ལམ་བཙུགས་པར་ཐབས་ཇུས་ཀྱི་ཁེ་ཕན་ག་རེ་ཐོབ་ཀྱི་ཡོད་དམ། ཨ་རིའི་ཕྱོགས་ནས་བཤད་ན་འབྲེལ་ལམ་དེའི་འགྲོ་སོང་ནི་ཕོན་ཆེན་པོ་ཡིན།
ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་ནང་ཝེ་ནམ་ལ་རྒྱབ་སྐྱོར་བྱས་པ་དེས་རྒྱ་ནག་དང་ཝེ་ནམ་གཉིས་ཀྱི་རྩོད་རྙོག་ནང་ཨ་མེ་རི་ཀ་ཚུད་རྒྱུའི་ཉེན་ཁ་ཆེན་པོ་ཞིག་ཡོང་གི་ཡོད། ཉེ་བའི་ལོ་ཤས་རིང་གི་ཨ་རིའི་ཕྱོགས་ཀྱི་གསལ་བསྒྲགས་ཁག་ལ་བལྟས་པ་ཡིན་ན་གལ་སྲིད་ཕྱོགས་གཉིས་མེ་མདའ་འཕེན་རེས་བྱས་ཡིན་ན། ཨ་མེ་རི་ཀས་ཕྱོགས་ནས་ཝེ་ནམ་ལ་དོན་སྙིང་ལྡན་པའི་རྒྱབ་སྐྱོར་སྤྲོད་རྒྱུ་ཡིན་པའི་རེ་བ་ཆེ་རུ་བཏང་ཡོད།
གལ་སྲིད་དེ་ལྟར་མ་བྱས་པ་ཡིན་ན། ཨེ་ཤི་ཡའི་བདེ་འཇགས་ལ་འགོ་ཁྲིད་མཁན་ཡིན་པའི་སྣང་བརྙན་ལ་ཉམས་ཆག་ཆེན་པོ་ཕོག་གི་རེད།
གལ་སྲིད་དེ་ལྟར་བྱས་པ་ཡིན་ན་རྒྱ་ནག་གི་འབྲེལ་ལམ་ཐད་ཀར་འཐིམ་གྱི་རེད། དེ་བས་(SPRATLY ISLANDS) སི་ཕིར་ཌི་ལེ་མཚོ་གླིང་མངའ་ཁུལ་གྱི་ཨ་མེ་རི་ཀའི་མངོན་འདོད་དེ་རྒྱ་ནག་དང་དམག་འཁྲུག་རྒྱག་པའི་རིན་ཐང་ཡོད་མེད་གསལ་བོ་མེད།
གནས་སྟངས་འདི་ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་ཚང་མར་གཅིག་མཚུངས་བརྗོད་ཆོག ཁོང་ཚོ་ཚང་མར་ཨེ་ཤི་ཡའི་མའི་མངའ་ཁུལ་དུ་ཨ་མེ་རི་ཀས་ལས་དོན་སྤེལ་ནས་རྒྱ་ནག་ཀྱི་སྟོབས་ཤུགས་ཆ་སྙོམས་བཟོ་དགོས་ཀྱི་ཡོད། འོན་ཀྱང་། ཁོང་ཚོས་ཚང་མར་རྒྱ་ནག་དང་འབྲེལ་ལམ་ཡག་པོ་ཞིག་ཡོང་བའི་མངོན་འདོད་ཤུགས་ཆེན་པོ་ཡོད་པས། ཁོང་ཚོ་ལ་ཐད་ཀར་ཉེན་ཁ་མ་སླེབས་པ་ཡིན་ན། ཨ་མེ་རི་ཀས་རྒྱ་ནག་ལ་ཁ་གཏད་བྱེད་པར་རྒྱབ་སྐྱོར་གྱིས་སོ་སོའི་མངོན་འདོད་བློས་གཏོང་གི་མ་རེད། ཁོང་ཚོ་ཚང་མས་རང་ཉིད་རྒྱ་ནག་དང་འཁྲུག་རྩོད་བྱེད་སྐབས་ཨ་མེ་རི་ཀ་དཀའ་རྙོག་དེའི་ནང་ཁྲིད་པའི་ཉེན་ཁ་ཡོད།
ཐེ་ཝན།
མཐའ་མར་ང་ཚོས་ངེས་པར་དུ་ཐེ་ཝན་གྱི་གནད་དོན་ལ་བལྟ་དགོས། ཐེ་ཝན་གནད་དོན་ནི་དཀའ་ངལ་ཆེ་ཤོས་དང་གནད་དོན་དམིགས་བསལ་བ་ཞིག་ཡིན། ཕྱོགས་གཉིས་ཀྱིས་ཁྱོན་ཡོངས་ནས་འབྲེལ་ལམ་ལ་དོ་ཕོག་མ་ཡོང་བའི་ཐོག་གནད་དོན་འདི་ལ་སྟངས་འཛིན་བྱེད་འདོད་ཡོད། འོན་ཀྱང་། འདི་ནི་ཨ་རྒྱ་ཕྱོགས་གཉིས་ལ་ཨེ་ཤི་ཡའི་ནང་རང་ཉིད་ཀྱི་གོ་བབས་དང་བླ་ན་མེད་པའི་དབང་ཚད་ལ་གཟིགས་ཚུལ་དེའི་གནད་འགག་ཏུ་གྱུར་ཡོད། གང་ཡིན་ཟེར་ན། འདས་པའི་ལོ་ངོ་བཞི་བཅུ་ལྷག་གི་རིང་། ཐེ་ཝན་གྱི་གནས་བབས་ནི་བརྟན་པོ་མེད་ལ་འཁྲུལ་བའི་རང་བཞིན་ཅན་ཞིག་ཏུ་གྱུར་ཡོད། གནད་འགག་ཆེ་བའི་རྒྱལ་ཁབ་ཚང་མས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ངོས་ལེན་བྱེད་པ་ཆབས་ཅིག། ལས་དོན་བྱེད་སྟངས་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་དང་གཅིག་མཚུངས་ལྟར་གནང་གི་ཡོད། རྒྱ་ནག་གཅིག་གི་སྲིད་བྱུས་ཁྱབ་བསྒྲགས་བྱས་པའི་དབང་གིས་རྒྱལ་ཁབ་ཚང་མས་ཐེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་བརྩི་གི་ཡོད་ཀྱང་། ཡང་ཚང་མས་རྒྱ་ནག་ལ་དེ་འདྲ་ཡིན་པའི་ཐོབ་ཐང་ཡོད་པར་ལྟ་ཚུལ་འཛིན་པར་དགག་བྱ་བྱེད་ཀྱི་ཡོད་པ་རེད། འདི་འདྲའི་ཡ་མ་ཟུང་གི་བྱེད་སྟངས་འདི་ཐབས་ཇུས་རྩེར་སོན་པའི་བྱེད་སྟངས་ཤིག་མ་རེད། འདི་ལོ་ཕྱི་ལོ་༡༩༧༢་ལོ་ནས་ཨ་རྒྱའི་འབྲེལ་ལམ་གྱི་འཕེལ་རིམ་ཁྲོད་རྩོད་རྙོད་ཞི་ཐབས་དང་ལམ་ནོར་ལྡོག་ཐབས་ཀྱི་སྲིད་བྱུས་ཀྱི་གྲུབ་འབྲས་ཤིག་རེད། ཨེ་ཤི་ཡའི་རྒྱལ་སྤྱིའི་འབྲེལ་ལམ་གྱི་སྒྲོམ་གཞིའི་ནང་གི་ཐག་མ་ཆོད་པའི་ཡ་མ་ཟུང་གི་གནས་སྟངས་ཤིག་འོག་གཏན་འབེབས་བྱས་པའི་ལག་རྗེས་འོག་ད་ལྟ་ཡང་འཚོ་བཞིན་ཡོད། སྲིད་ཇུས་ཡ་མ་ཟུང་མུ་མཐུད་དུ་བཟུང་བ་དེ་ཉེན་ཚབས་ཆེན་པོ་ཡིན་པའི་རྒྱུ་མཚན་ནི། ཨ་རྒྱ་ཕྱོགས་གཉིས་ནས་ཐེ་ཝན་གནད་དོན་ནམ། ཕྱོགས་གང་རུང་གིས་ཐེ་ཝན་དང་འབྲེལ་བའི་བྱ་སྤྱོད་སྤེལ་བ་ཁག་ནི་ཨེ་ཤི་ཡའི་སྒྲོམ་གཞིའི་ནང་རང་ཉིད་ཀྱི་གནས་བབ་གསལ་སྟོན་བྱེད་པར་གནད་འགག་ཆེན་ཆེན་པོར་གྱུར་ཡོད། རྒྱ་ནག་ལ་མཚོན་ན་དྲག་དཔུང་བེད་སྤྱོད་བྱས་ཏེ་རང་ཉིད་ལ་དབང་བའི་ཞིང་ཆེན་ནམ་མངའ་སྡེ་ཚུར་ལེན་པ་ནི་ཨེ་ཤི་ཡའི་ནང་རང་ཉིད་ཡང་བསྐྱར་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འགྱུར་བའི་བདེན་དབང་ཡིན་པ་དང་། ཨ་མེ་རི་ཀར་མཚོན་ན་དེ་འདྲ་ཡོང་བར་སྔོན་འགོག་བྱེད་ཐུབ་ནི་རང་ཉིད་མུ་མཐུད་ཨེ་ཤི་ཡའི་ནང་འགོ་གཙོའི་ཡིན་པའི་གནས་བབས་དང་མངའ་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པའི་ར་སྤྲོད་བྱས་པ་དེ་ཡིན།
གནས་སྟངས་འདི་མུ་མཐུད་གནས་པ་དེ་ཙམ་གྱིས་འཁྲུལ་གཞི་ཅན་གྱི་གནད་དོན་རྣམས་སེལ་མི་ཐུབ། ཝ་ཤིང་ཀྲོན་དང་པེ་ཅིང་གཉིས་གནས་སྟངས་འདི་ལ་འདོད་པ་ཁེངས་བསྡད་ཡོད་པ་དང་། གནད་དོན་དེ་རིམ་བཞིན་མེད་པར་འགྱུར་བའི་ཡིད་ཆེས་སླེབས་སླ་བོ་རེད། འོན་ཀྱང་། དེ་སྤྲོ་སྣང་རང་ལུགས་ཡིན་རྒྱུ་མང་དྲགས་བ་རེད གནད་དོན་འདི་གདོང་ཐུག་ཡོང་བ་ལ་ལམ་ཁ་གཉིས་འདུག དང་པོ། གནས་སྟངས་རང་འཇགས་གནས་དང་མི་གནས་དེ་ནི་ཐེ་ཝན་གྱི་སྲིད་དོན་ལ་བརྟེན་ཡོད། མ་འོངས་པའི་ཐེ་ཝན་གྱི་འགོ་ཁྲིད་གང་རུང་གིས་ཨ་རྒྱ་གཉིས་དབར་འཁྲུག་རྐྱེན་སློང་རྒྱུ་ལས་སླ་བོ་ཡིན། དེ་ཡང་རྒྱ་ནག་ཕྱོགས་ནས་དྲག་པོའི་ལན་འདེབས་དགོས་པའི་རང་བཙན་གྱི་ལམ་ཁར་གོམ་པ་སྤོས་པ་ལྟ་བུ་རེད། སྲིད་འཛིན་(CHEN)་ཆྰན་གྱིས་ནན་བརྗོད་ཅན་གྱི་སྲིད་བྱུས་དེ་སྲིད་འཛིན་མཱ་(MA)ཡིས་མཐུན་འགྱུར་ཆེ་བའི་སྲིད་བྱུས་ལ་འཕོ་འགྱུར་བྱུང་བ་དེ་དང་མཉམ་དུ་ཉེན་ཁ་དེ་རིམ་བཞིན་ཡལ་བ་ལྟ་བུ་བྱུང་ཡོད་ཀྱང་། འཕོ་འགྱུར་དེ་འདྲ་ཡང་བསྐྱར་མི་འབྱུང་བར་བསམ་པའི་ཚོད་དཔག་བྱེད་རྒྱུ་སྔ་དྲགས་པ་རེད།
གཉིས་པ། ཨ་རྒྱའི་བར་གྱི་ཐེ་ཝན་གནད་དོན་ནི་ཕྱོགས་ཡོངས་ཀྱི་འབྲེལ་ལམ་ལ་བརྟེན་ཡོད་པ་རེད། གལ་སྲིད་འགྲན་རྩོད་ཤུགས་ཆེ་རུ་ཕྱིན་པ་ཡིན་ན། ཐེ་ཝན་ཡང་བསྐྱར་ཐབས་ཇུས་ཀྱི་རྐང་རྩེད་སྤོ་ལོ་འགྱུར་རྒྱུ་སླ་བོ་རེད།
དེ་བས་ཨ་མེ་རི་ཀའི་ཕྱོགས་ནས་རྒྱ་ནག་ཐོག་གི་གདམ་ཀའི་ཁྲོད་ཐེ་ཝན་ཐོག་གི་གདམ་ཀ་ཡང་ཚུད་ཡོད་པ་དེ་ཚོ་ལས་སླ་བོ་གཏན་ནས་མིན། ང་ཚོས་དང་པོར་སྒུལ་ཤུགས་ལྡན་པའི་སྟོབས་ཤུགས་ཀྱི་རྨང་གཞིའི་སྐྱ་ཐིག་ལ་ཞིབ་འཇུག་བྱེད་དགོས། དེ་ནི་སྒུལ་ཤུགས་དེ་ཐེ་ཚོམ་མེད་པར་རྒྱ་ནག་གི་ཕྱོགས་སུ་བསྐྱོད་བཞིན་ཡོད། རྒྱ་ནག་གིས་ཨ་མེ་རི་ཀའི་ས་ཐོག་ཏུ་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་གཏོང་ཐུབ་པའི་དུས་ནས་བཟུང་ཨ་མེ་རི་ཀས་ཐེ་ཝན་སྲུང་སྐྱོབ་ཀྱི་ཁས་ལེན་རྣམས་ལ་ཆ་འཇོག་བྱེད་མི་ཐུབ་པ་དང་། རྒྱ་ནག་གི་དཔལ་འབྱོར་དང་དམག་དཔུང་ལ་འཕེལ་རྒྱས་ལ་ཇི་ཙམ་སོང་བ་དེ་ཙམ་གྱིས་ཆ་འཇོག་མེད་པར་འགྱུར། དེང་སྐབས་ཨ་རིའི་འགོ་ཁྲིད་ཚོས་ཐེ་ཝན་ཐོག་རྒྱ་ནག་དང་འཁྲུག་རྩོད་བྱུང་བའི་མཇུག་འབྲས་སུ་དཔལ་འབྱོར་གྱི་གྱོང་གུན་བསམ་ཡུལ་ལས་འདས་པ་ཞིག་ཡོད་པ་སྣང་མེད་འཇོག་ཐབས་མེད་པ་མ་ཟད། ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་མངའ་ཁུལ་དུ་རྒྱ་ནག་གི་དམག་དཔུང་མདུན་དུ་བྱ་འགུལ་སྤེལ་སྐབས་ཀྱི་ཉེན་ཁ་ཁག་ཀྱང་སྣང་མེད་དུ་འཇོག་ཐབས་མེད། དེ་བས་ཀྱང་སྐྱོ་བ་ཞིག་ལ། ཨ་མེ་རི་ཀའི་འགོ་ཁྲིད་སུས་ཀྱང་ཐེ་ཝན་གྱི་རྩོད་རྙོག་དེ་ལ་བརྟེན་ནས་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་སློང་བ་དང། ཨ་རིའི་གྲོང་ཁྱེར་ཁག་ལ་བསམ་ཡིད་ལས་འདས་པའི་ཆགས་འཇིག་ཡོང་བའི་ཉེན་ཁ་ཡོང་གི་ཡོད་པ་དེ་རྩིས་མེད་བྱེད་མི་ཐུབ།
དེ་བས་ཨ་མེ་རི་ཀའི་མདུན་དུ་གདམ་ཀ་ཁག་པོ་ཞིག་ཡོད། རྒྱ་ནག་དང་དམག་འཁྲུག་གི་ཉེན་ཁ་ཡོང་སྲིད་པའི་ཐེ་ཝན་གྱི་ད་ལྟའི་གནས་བབ་འདི་རྒྱལ་སྤྱིའི་སྒྲིག་གཞིའི་གཙོ་བོར་འཛིན་གྱི་རེད་དམ། འཁྲུག་རྩོད་འདི་དོན་དངོས་ཐོག་ཅི་ལྟར་མཇུག་རྫོགས་ཀྱི་རེད་དམ། ཨ་མེ་རི་ཀ་ཡིས་ཅི་ལྟར་དགྲ་འཛིན་བྱ་སྤྱོད་མཚམས་འཇོག་གིས་ཐེ་ཝན་མི་མང་ལ་ཁེ་ཕན་ཐོབ་པ་ཞིག་སྒྲུབ་ཐུབ་བམ། དྲི་བ་འདི་དག་གི་དྲིས་ལན་ན་གནད་འགག་ཧ་ཅང་ཆེན་པོ་རེད། རྒྱ་ནག་གིས་ཐེ་ཝན་དྲག་པོས་བཙན་འཕྲོག་བྱེད་པར་ཨ་མེ་རི་ཀས་མུ་མཐུད་འགོག་རྒོལ་བྱེད་མི་ཐུབ། དམག་འཁྲུག་ཆེན་པོ་ཞིག་ལངས་པ་ཡིན་ན་ཐེ་ཝན་གྱི་གནས་བབ་ལས་ཨ་མེ་རི་ཀར་ཐོབ་པ་ལས་ཤོར་བ་མང་ཞིང་། རྒྱ་ནག་གིས་ཐེ་ཝན་དྲག་པོས་ཆིག་སྒྲིལ་བྱས་པའི་མཇུག་འབྲས་དེ་བས་ཀྱང་ཆེན་པོ་ཡོད། དེ་བས་གནད་དོན་འདི་ཐག་གཅོད་སྐབས་དྲག་པོས་སྒོ་ནས་ཆིག་སྒྲིལ་བྱེད་པའི་མཇུག་འབྲས་ངན་པ་དེ་སྣང་ཆུང་བྱེད་མི་རུང་ལ། ཐ་ན་བློ་ཡུལ་ལ་ཤོང་དཀའ་བའི་ཆགས་འཇིག་གི་ཉེན་ཁ་སྟེ་རྡུལ་ཕྲན་མཚོན་ཆའི་དམག་འཐབ་ཀྱང་ཡོང་སྲིད་པ་དེ་རེད།
གལ་སྲིད་འདི་བདེན་པར་གྱུར་པ་ཡིན་ན། ཨ་མེ་རི་ཀས་མུ་མཐུད་ཐེ་ཝན་སྲུང་སྐྱོབ་བྱེད་མི་ཐུབ་པ་དང་། ཁོ་ཚོས་ཐེ་ཝན་སྲུང་སྐྱོབ་བྱེད་ཐུབ་པར་འདོད་པའི་སྲིད་ཇུས་དེ་ཡང་རྒྱུན་གནས་ཡོང་ཐབས་མེད། འོ་ན་དེའི་ཚབ་ཏུ་སྲིད་ཇུས་གང་འདྲ་འདིང་དགོས་སམ། གོམ་པ་དང་པོ་ནི་ཨ་མེ་རི་ཀའི་མངོན་འདོད་ཁག་ག་རེ་ཡིན་མིན་གསལ་བོ་བཟོ་རྒྱུ་དང་། གྲུབ་འབྲས་མ་འདྲ་བ་དེས་ཤུགས་རྐྱེན་གང་འདྲ་ཐོན་གྱི་ཡོད་མེད་ལ་བལྟ་རྒྱུ་དེ་རེད། ཐབས་ཇུས་ཐོག་ནས་བཤད་ན། སྐྱར་དུ་ཆིག་བསྒྲིལ་བྱས་པ་དེས་ཨ་མེ་རི་ཀར་གནོད་སྐྱོན་ཡོད་པ་མཐོང་མི་ཐུབ་ལ། རྒྱ་ནག་གིས་ཐེ་ཝན་བདག་བཟུང་བྱས་པ་དེས་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་མངའ་ཁུལ་གྱི་ཨ་རྒྱ་གཉིས་ཀྱི་ཐབས་ཇུས་ཀྱི་ལྗིད་ཁོག་ལ་ཁྱད་པར་དེ་ཙམ་ཆེན་པོ་བཟོ་མི་ཐུབ། སྲིད་དོན་གྱི་ཐོག་ནས་བཤད་ན་ཡང་།
སྐྱར་དུ་ཆིག་སྒྲིལ་ཡོང་བར་དྲག་དཔུང་བེད་སྤྱོད་མ་བྱས་པར་ཐེ་ཝན་རྒྱ་ནག་དང་ཟླ་བསྒྲིལ་གཏོང་བའམ་ཡང་ན་ཁ་བྲལ་ཏུ་གནས་པ་གང་རུང་ཡིན་ཀྱང་། ཨ་རིར་ཐད་ཀའི་མངོན་འདོད་དང་འབྲེལ་བ་མེད། དེ་བས་ཐེ་ཝན་མི་མང་ལ་བཙན་ཤེད་མ་བྱས་པར་མང་མོས་ཐོག་སྐྱར་དུ་ཆིག་སྒྲིལ་བྱུང་བ་ཡིན་ན་ཨ་མེ་རི་ཀས་དེ་ལ་ཁ་གཏད་དུ་ལངས་དགོས་པའི་རྒྱུ་མཚན་མེད། མཚོ་ཁ་ཕན་ཚུན་དུ་དཔལ་འབྱོར་དང་མི་མང་གི་འབྲེལ་བ་ཆེ་རུ་ཕྱིན་པ་དུས་མཚུངས་། མང་པོ་ཞིག་གིས་གནས་སྟངས་འདི་འདྲ་ཞིག་ལ་(ཆིག་སྒྲིལ)་ཁ་ཕྱོགས་བསྒྱུར་བཞིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། གསལ་ཤོས་ཞིག་ལ་པེ་ཅིང་ཕྱོགས་ནས་ཀྱང་འདི་འདྲ་ཞིག་འབྱུང་བའི་རེ་བ་རྒྱག་གི་ཡོད། ད་ལྟའི་ཨ་མེ་རི་ཀ་གཞུང་གིས་གྲུབ་འབྲས་འདི་ལ་དགག་བྱ་བྱེད་རྒྱུ་ཉུང་རུ་ཕྱིན་ཡོད། ཅི་ཙམ་གྱི་ཞི་བདེའི་སྒོ་ནས་དེ་འདྲ་བྱུང་མིན་ལ་མ་བལྟས་པར་ཨ་རིའི་ཕྱོགས་ནས་སྐྱར་དུ་ཆིག་སྒྲིལ་ཡོང་བར་རྒྱབ་སྐྱོར་རྣམ་པ་སྟོན་གྱི་མ་རེད། དེ་ནི་ཨ་མེ་རི་ཀའི་མངོན་འདོད་མ་རེད་ལ་ཐེ་ཝན་མི་མང་གི་མངོན་འདོད་ཀྱང་མ་རེད། ཐེ་ཝན་དང་པེ་ཅིང་སྐྱར་དུ་ཆིག་སྒྲིལ་འབྱུང་ངེས་པ་དང་། ཞི་བདེ་ཡིན་པ། མང་མོས་ཅན་ཡིན་ན་ཨ་མེ་རིས་ཀས་དེ་ལ་དགག་བྱ་བྱེད་པའི་རྒྱུ་མཚན་མེད་པར་དེ་ལ་སྐུལ་སློང་བྱེད་དགོས་པར་རྒྱུ་མཚན་ཡོད་པ་ཞིག་རེད།
ལེའུ་སྔོན་མ་རྣམས་གུས་པ་སྒེར་གྱི་ཟིན་བྲིས་ནས་གཟིགས་ཐུབ།
བརྩོམ་ཡིག་འདིའི་ནང་ཐེ་ཝན་བསྐོར་བཤད་སྐབས་རྒྱ་དམར་གྱི་འདོགས་ཕྱོགས་བྱས་ནས་བཤད་འདུག་ འདི་བརྩོམས་པ་པོ་རང་ཉིད་ཀྱི་འདོད་ཚུལ་ཡིན་དང་རྒྱ་དམར་གྱི་བསྒྲགས་གཏམ་ཡིན་བརྩད་དཔྱོད་བྱེད་དགོས་པར་མཐོང་ ཐེ་ཝན་ནི་རྒྱ་དམར་གྱི་ཧམ་བཟའ་བྱེད་རྒྱུས་བསམ་ངན་དེ་སྔ་༡༩༤༩ ནས་རྒྱ་མིའི་ནང་འཁྲུགས་བྱུང་བ་ནས་བཟུང་ད་བར་ཟམ་མ་ཆད་པར་ཐེ་ཝན་རྒྱ་ཁོངས་ཡིན་ཚུལ་བསྒྲོག་པ་རེད་ འོན་ཀྱང་ཐེ་ཝན་ིརང་བཙན་རྒྱལ་ཁབ་གཞན་དང་མཚངས་རང་གི་གཞུང་ དམག་དཔུང་ རྒྱལ་ཁབ་ས་མཚམས་ རྒྱལ་ཁབ་གཞན་དང་གཞུང་འབྲེལ་ (diplomatic relations) ཡོད་པའི་མང་གཙོ་རང་དབང་ཅན་བརྙོན་དུ་མེད་པ་ཞིག་རེད་ དེ་སྔ་བོད་ཀྱང་རང་དབང་གཙང་མའི་རྒྱལ་ཁབ་ཡིན་དུ་ཆག་ཀྱང་རྒྱ་དམར་པོའི་མ་ཡིན་ཡིན་མདོག་གི་སྒྲོ་བཏགས་ནས་བོད་འདི་ཧམ་བཟོ་བྱས་པ་བཞིན་ ད་ལྟའི་ཆར་རྒྱ་དམར་ནས་ཐེ་ཝན་ཀྱང་བཟའ་རྒྱུའི་བསམ་ངན་འཆང་བཞིན་ཡོད་ དེ་ལྟར་ཡིན་དུ་ཆུག་ཀྱང་དེ་སྔ་བོད་དང་མི་འདྲ་བ་ཐེ་ཝན་ནི་དྲག་པོའི་དཔུང་དམག་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ནང་ཨང་༢༤ ཡིན་ཞིང་ དམག་དཔུང་འཁྱོན་བསྡོམས་ ༡༩༣༢༥༠༠ ཡོད་
དེ་བཞིན་གནམ་གྲུ་ Airforce, མཚོ་དམག་ navy བཅས་ སྟོབས་ཆེན་རྒྱལ་ཁབ་ཞིག་ཡིན་པའི་ཁར་ཨ་མི་རི་ཁའི་བསྲུང་བསྐྱོབས་འགན་ལན་ཡོད་པའི་རྒྱལ་ཁབ་ཞིག་ཡིན་སྟབས་རྒྱ་དམར་གྱི་བོད་ཟས་པ་ནང་བཞིན་བཟའ་རྒྱུ་སྤྲོས་བྲལ་རེད་ དེ་ཙམ་དུ་མ་ཟད་ཝ་ཝན་ཨ་རིའི་བསྲུང་བསྐྱོབས་མ་བྱས་ན་ ཉི་ཧོང་གི་ས་ཆ་Okinawa ལ་ཡོད་པའི་ཨ་རིའི་དམག་དཔུང་དང་ལྷོ་ཀོ་རི་ཡ་ལ་ོད་པའི་ཨ་རིའི་རྒྱལ་བསྲུང་དམག་ལ་རྒྱ་དམར་གྱིས་ཉན་ཡོད་སྟབས་ཐེ་ཝན་བསྲུངས་བསྐྱོབས་བྱེད་རྒྱ་དེ་ཨ་རིའི་དཔུང་གྲོགས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་རྒྱལ་བསྲུང་ལ་མེད་ཐབས་ཤིག་ཡིན་པས་ཐེ་ཝན་རྒྱ་ཡི་འོག་ཤོར་ན་ཨ་རིའི་ཁེ་ཕན་ལ་དོ་ཕོགས་འགྲོ་ཡི་མ་རེད་ཟེར་བ་ཁུངས་ལུང་མེད་པའི་ཅ་ཅོ་རང་རེད་ ལར་ནས་ད་ལྟའི་ཆར་རྒྱ་དམར་གྱིས་ South China Sea ལྷོ་རྒྱ་ནག་མཚོ་ཡོངས་རྫོགས་ཧམ་བཟོ་བྱས་པར་བརྟེན་ཨ་རི་ཨོསིཊིལིཡ་ རྒྱ་གར་ ཉི་ཧོང་ཐ་ན་དབྱིན་ཡུལ་དང་ཕརན་སེ་བཅས་ཀྱང་དཔུང་འདྲིལ་ནས་རྒྱ་དམར་གྱི་ཧམ་བཟོར་བརྒོལ་འཛིངས་བྱེད་པའི་དུས་འདིར་ཐེ་ཝན་ཨ་རིར་དཔུང་གྲོགས་འགྲན་ཟླ་བྲལ་བ་ཞིག་པས་ཨ་རིའ་ཐེ་ཝན་བློས་གཏོང་ཐབས་མེད་པ་ཞིག་རེད་
འཇམ་དཔལ་ལགས་ལ་ཞུ་རྒྱུར། འདི་ནི་སྒྱུར་རྩོམ་ཞིག་ཡིན་པས་ན་སྒྱུར་པ་པོར་བསམ་ཚུལ་དམིགས་བསལ་བཤད་རྒྱུ་མེད། ངས་དཔེ་དེབ་འདི་སྒྱུར་བའི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་གི་ཆབ་སྲིད་དང་དམག་དོན་ལ་ཤུགས་རྐྱེན་སྤྲོད་ཐུབ་པའི་མཁས་དབང་ཁོང་དང་ཁོང་ལྟ་བུའི་དགོངས་ཚུལ་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེ་བར་མཐོང་། ཁོང་གི་དགོངས་ཚུལ་འགྲིག་དང་མི་འགྲིག་ང་རང་ལྟ་བུ་ཞིག་གིས་དཔྱད་ཞིབ་བྱེད་མི་ཐུབ་པ་མ་ཟད། ཁོང་གི་དཔེ་དེབ་འདིའི་སྔ་རྗེས་གང་སར་སྒྱུར་པ་པོའི་བློ་ངོར་མི་འཐད་པའི་གནད་དོན་གང་མང་ཞིག་འདུག་ཞུ་ཡིན།
གང་ལྟར་རྒྱ་ནག་ཨེ་ཤི་ཡའི་འགོ་གཙོའི་གནས་བབས་ལ་སླེབས་དགོས་ན་ཕལ་ཆེར་ཐེ་ཝན་ལ་ལག་པ་འཆང་རྒྱུ་ཡིན་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།
སྐད་ཡིག་གཞན་ནས་བོད་ཡིག་ཐོག་སྒྱུར་ནས་བོད་པ་གཞན་ལ་ཀློག་རྒྱུའི་གོ་སྐབས་བསྐྲུན་པར་དགའ་བསུ་ཡོད་ རང་རེའི་བོད་པ་བཙན་བྱོལ་བའི་ནང་དགའ་ཞིག་གིས་དབྱིན་སྐད་ཀློོག་ཐུབ་ཀྱང་བོད་ཡིག་མི་ཤེས་པ་ དགའ་ཞིག་བོད་ཡིག་ཡག་པོ་ཤེས་ཀྱང་དབྱིད་སྐད་མ་ཤེས་པའི་རྐྱེན་གྱི་གོ་རྒྱ་ཐོས་རྒྱ་ད་ལྟ་ལོ་ངོོ་དྲུག་བཅུ་སོན་ཀྱང་སྐྱོ་བོ་རེད་སྙམ་དྲན་གྱི་འདུག་ བོད་མི་ཕྱི་རྒྱལ་ནང་ཡོད་པ་ཚང་མ་རང་ཡུལ་བརྒྱབ་ཏུ་བསྐྱུར་མི་ཡུལ་པང་དུ་ལེན་ནས་ཡོང་དགོས་དེ་རང་རེའི་རྒྱལ་ཁབ་བོད་ལྗོངས་ཆོས་ལྡན་གྱི་ཞིང་ཁམས་དེ་བཞིན་རྒྱ་དམར་ལོག་སྨོན་ཅན་ཀླ་ཀློས་བཙན་འཕྲོག་བྱས་པར་སོང་ ང་ཚོ་དབང་མེད་དུ་ཡུལ་གྱར་འགྲོ་དགོས་བྱུང་བ་རེད་ དེར་བརྟེན་བོད་མི་ཡོད་དོ་ཅོག་གི་རང་ལ་བཟློག་ཏུ་མེད་པའི་ལས་འགན་རེ་ཡོད་པ་དེ་ནི་བོད་རྒྱལ་ཁབ་ཀྱི་རང་དབང་སླར་གསོ་དང་ རང་རེའི་གཅེས་ནོར་དམ་པའི་ཆོས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་རྒྱུ་འདི་ཡིན་ དེ་ལ་རང་ལ་ཡོན་ཏན་མེད་ན་དེ་ལྟར་བསྒྲུབ་པ་དཀའ་བས་ ཤེས་བྱ་ཡོན་ཏན་ལ་དོ་སྣང་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་ དེ་ནང་ནས་ཀྱང་ཆབ་སྲིད་ཀྱི་ཤེས་ཡོན་གལ་གནད་ཧ་ཅང་ཆེ་བ་ཡིན་
ཐེ་ཝན་གནས་ཚུལ་དེ་བཞིན་ཧོང་ཀོང་བཅས་རྒྱ་དམར་གྱི་མངའ་འོག་ཏུ་ཚུད་པའམ་ཤུགས་རྐྱེན་ཡོད་ས་དེ་དག་ལ་ང་ཚོའི་ལྷག་པར་དོ་གནང་བྱེད་དགོས་པ་རེད་ གང་ལགས་ཤེ་ན་ལུང་པ་དེ་དག་ལ་རྒྱ་དམར་གཞུང་གིས་སྲིད་བྱུས་ཇི་ལྟར་བསྟར་བ་ནང་བཞིན་བོད་ལ་ཡང་དེ་མཚུངས་བྱེད་རྒྱུའི་ཚོད་དཔག་བྱེད་ཐུབ་ཀྱི་རེད་ ད་ལྟ་ཧོང་ཀོང་ལ་བལྟས་ན་༡༩༩༧ ནང་དབྱིན་ཇིའི་བདག་དབང་སྤྲད་པ་ནས་བཟུང་ཧོང་ཀོང་གི་རྨ་བརྗོད་རད་དབང་ མི་སེར་དཀྱུས་མའི་ཆབ་སྲིད་དང་ཁྲིམས་ཀྱི་རང་དབང་༼civil rights༽ བཅས་ཐོབ་ཐང་ཚང་མ་ཇེ་སྡུག་ཇེ་སྡུག་ཏུ་འགྲོ་བ་མ་གཏོགས་གུ་ཡངས་སུ་ནམ་ཡང་འགྲོ་ཐབས་མེད་ དེར་བརྟེན་སྔར་མ་གྲགས་པའི་ཧོང་ཀོང་རང་བཙན་ཚོགས་པ་ཞིག་ཀྱང་གཙུག་ཡོད་ འདི དག གི་ག་རེ་བསྟོན་གྱི་ཡོད་ཅེས་ན་ཇི་སྲིད་རྒྱ་དམར་པོའི་འོག་གནས་ན་རང་དབང་ནམ་ཡང་ཡོང་ཐབས་མེད་པ་ཞིག་དཔོག་ཐུབ་ དེར་བརྟེན་ཧོང་ཀོང་ནང་སྔར་དབྱིན་ཇིའི་མངའ་འོག་ལ་མི་ལོ་གསུམ་བརྒྱའི་ནང་མ་གྲགས་པ་ཞིག་་དེང་གི་ཆར་བསྒྲགས་ནས་རང་ལོ་༢༧ སོན་པ་ཨན་ཌི་ཅན་ཧོ་ཊིན་(Andy Chan Ho-tin) གྱི་ཧོང་ཀོང་མི་རིགས་ཚོགས་པ་ (Hong Kong National Party) ཅེས་པའི་ཚོགས་པ་ཞིག་གསར་གཙུག་ནས་་ཡོད་ དེ་བཞིན་ཐེ་ཝན་ཡང་ཡུན་རིང་གོ་མིན་ཏང་ཚོགས་པའི་འོག་ “རྒྱ་ནག་གཅིག་” (one China) ཅེས་པའི་བསྒྲོམ་གཞིའི་འོག་གནས་ནས་མ་འོངས པར་དུས་དང་འཁོར་ཡུག་མཐུན་རྐྱེན་ཕྱོགས་གཉིས་ཀ་ནས་ཚང་ན་རྒྱ་དམར་ནག་གཉིས་ཟླ་འདྲིལ་གཏོང་རྒྱུའི་འཆར་གཞི་ཡོད་ཀྱང་དེང་ཆར་ཐེ་ཝན་སྲིད་འཛིན་ཅེན་ཤུའེ་འབེན་(Chen Shui-bian) ཕྱི་ལོ་༢༠༠༠ ཕྱི་ཟླ་༥ ཚེས་པ་༢༠ ནས ཕྱི་ལོ་༢༠༠༨ དང དེས་བརྗེས་སྲིད་འཛིན་ཚའི་ཨིང་ཝེན་(Tsai Ing-wen) ནས་༢༠༡༦ཕྱི་ཟླ་བ་༥པའི ཚེས་པ་༢༠ ནས་བཟུང་རྒྱ་ནག་གཅིག་ཟེར་བ་དེར་ངོས་ལན་མེད་པའི་ཐོག་ཐེ་ཝན་རང་བཙན་ཕྱོགས་བསྐྱོད་རྒྱུར་འབད་བརྩོད་བྱ་བཞིན་ཡོད་ དེ་ལྟར་ཡོང་དགོས་པའི་རྒྱུ་མཚན་གང་རེད་དམ་ཅེས་ན་ འདི་ཐམས་ཅད་རྒྱ་ནག་དམར་གཞུང་གི་གདུག་བརྩུབ་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་དེ་ལྟ་བུའི་སྲིད་བྱུས་ལག་བསྟར་མ་བྱས་མཐུ་མེད་བྱུང་བ་རེད་མ་གཏོགས་དེ་དག་བྱུང་རྒྱལ་དུ་བྱས་པ་རྩ་བ་ནས་མ་རེད་