ཨེ་མ་ཧོ།
ན་མོ་གུ་རུ་ཀ་ལ་ཙཀྲ་ཡ།
ཀ་ལ་ཙཀྲ་ཕྱི་ནང་གསང་བའི་དོན།།
ཁ་བའི་ལྗོངས་སུ་འདྲེན་པའི་བླ་མ་རྗེ།།
ག་དུས་ཡིན་ན་དྲན་པའི་སྙིང་གི་གྲོགས།།
ང་ཡི་རིག་པའི་ཡེ་ཤེས་རྒྱན་ཏུ་རྒྱལ།།
ཅ་དག་དངོས་བཤམས་ཡིད་སྤྲུལ་མཆོད་པ་དང་།།
ཆ་རྐྱེན་བཟང་པོའི་གཞལ་ཡས་ཁང་ཆེན་དུ།།
ཇ་ཆང་འདོད་པའི་ལོངས་སྤྱོད་ཚོགས་འཁོར་བསྐོར།།
ཉ་གང་ཟླ་བཞིན་དཀར་པོའི་དགེ་བར་འབད། །
ཏ་ཐྰ་ག་ཏའི་བསྟན་པ་ཚུལ་བཞིན་སྒྲུབ། །
ཐ་སྙད་རིག་པའི་ཚན་རྩལ་གྲོགས་སུ་བརྟེན། །
ད་ལྟའི་དུས་རབས་གསར་པའི་ལོ་སར་ཞིག །
ན་ཚོད་ཁྱད་མེད་ཀུན་གྱིས་གནང་བར་མཁྱེན། །
པ་ལོ་དཀར་པོའི་རྒན་པོ་མན་ཆད་དང་། །
ཕ་མའི་གཅེས་ཕྲུག་ཞག་གཅིག་ལོན་ནས་བཟུང་། །
བན་དེ་དགེ་ལ་ཕྱོགས་པའི་ཆོས་གྲོགས་ཀུན། །
མ་ལུས་ལོ་གསར་དུས་སྟོན་རོལ་ལ་ཕེབས། །
ཙྭ་རི་གནས་ཡུལ་བཞུགས་པའི་སྒོམ་ཆེན་དང་། །
ཚ་གྲང་དཀའ་སྤྱོད་བྲེལ་བའི་ཞིང་འབྲོག་དང་། །
ཛ་ཡའི་བསྟན་པའི་རྗེས་འཇུག་བླ་གྲྭ་སོགས། །
ཝ་ལེར་ལོ་གསར་བཞད་པར་དགའ་སྟོན་མཛོད། །
ཞྭ་གོས་རྒྱན་བཟང་བོད་ཀྱི་སྲོལ་རྒྱུན་གྱོན། །
ཟ་མ་དཀར་ཟས་སྦྲང་དཀར་རྩམ་འཐུད་ཟོས། །
འ་ཅག་སྐྱིད་སྡུག་ལས་ཀྱི་ཕྲེང་བ་ལ། །
ཡ་རབས་འཛིན་སྐྱོང་སྤེལ་བའི་བགྲོ་གླེང་བྱོས། །
ར་བ་གངས་རི་དཀར་པོའི་ཕ་ཁྱིམ་ལ། །
ལ་རྒྱའི་ཆོས་དཔལ་རིག་པའི་རྣོ་སོ་འདོན། །
ཤ་ཚ་སྙིང་རྗེ་འགྲོ་བ་ཡོངས་ལ་བསྐྱེད། །
ས་ལམ་ཡོན་ཏན་ཡར་ངོའི་ཟླ་བཞིན་སྨོན། །
ཧ་ཅང་བསྐལ་བའི་ས་ཐག་རིང་ན་ཡང་། །
ཨ་ལགས་སེམས་པ་གངས་རིའི་ལྗོངས་སུ་ཆགས། །
སྡང་དགྲའི་སྤོབས་པ་ཞིམ་པའི་ལོ་གསར་ཞིག །
མ་རིག་ཀུན་སེལ་འཆར་བ་ཨེ་མ་ཧོ། །
ཞེས་རབ་རྒྱན་ཆུ་སྦྲུལ་ཟླ་ཚེས་དགེ་བའམ་ཕྱི་ལོ་༢༠༡༤ ༡ ༡ ལ་ཝ་ཡེར་ཨེ་ཝྃ་སྨན་ཁང་ནས་དཔལ་ལྡན་ལྷ་མོས་བསྐུལ་བ་ལྟར་ཤྲྰིས་ཕུལ་བ་དོན་དང་ལྡན་པར་གྱུར་ཅིག་གུ། །།
ཨེ་ཝྃ་ཐབས་དང་ཤེས་རབ་ཟུང་།
འབྲེལ་པའི་མཛད་པ་བཟང་པོ་ཡིས་།
གོ་ལའི་སྟེང་བཞུགས་སེམས་དཔའ་ཆེས།
ཇི་ལྟར་སྨོན་པ་འགྲུབ་གྱུར་ཅིག །
བཀྲ་ཤིས་སྤྱི་ལོ་ཉིས་སྟོང་བཅུ་བཞིའི་ལོར།།
བཀྲ་ཤིས་བསམ་དོན་ཡིད་བཞིན་འགྲུབ་པ་དང༌།།
བཀྲ་ཤིས་ལོ་ལེགས་ནད་མེད་ཚེ་རིང་ངང༌།།
བཀྲ་ཤིས་ཆམ་མཐུན་ཡོང་བའི་སྨོན་འདུན་ཞུ།།
འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་སྡེ་བཞིའི་དཔལ་ལ་ལོངས་སྤྱོད་ཅིང་། ཁྱད་པར་ཉིས་སྟོང་བཅུ་བཞི་ལ་གོང་ས་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རང་ཡུལ་གངས་ཅན་ལྗོངས་སུ་ཕེབས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་གཞི་མཉམ་འཛོམས་ཡོང་བར་ནུས་པའི་སྨོན་ལམ་སྙིང་ནས་འདེབས་སོ། །
རང་སྲེག་གཅིག་ཀྱང་མེད་པར་ཤོག
སེམས་པ་སྐྱོ་བ་མེད་པར་ཤོག
སྤུན་དང་འདྲ་བའི་དྲ་གྲོགས་ཚོའི།
བསམ་དོན་ཡིད་བཞིན་འགྲུབ་པར་ཤོག
རྡུལ་ཕྲན་མཚོན་ཆ་མེད་པར་ཤོག
ཤར་གླིང་ནུབ་གླིང་བདེ་བར་ཤོག
རྒྱ་མཚོ་དཀྱིལ་འཁོར་མུ་རན་ལ།
གནས་པའི་སེམས་ཅན་སྐྱིད་པར་ཤོག
ཏཱ་ལའི་བླ་མའི་སྐུ་ཚེ་བརྟན་པར་ཤོག
བློ་བཟང་སེང་གེའི་མཛད་ཕྲིན་རྒྱས་བར་ཤོག
ཕྱི་ནག་གཞིས་བྱེས་བོད་མི་ཐམས་ཅད་ལ།
སྐྱིད་པའི་ཉི་མ་མྱུར་དུ་ཤར་བར་ཤོག
སྤྱི་ལོ། ༢༠༡༤འི་ལོ་གསར་ལ་དྲ་གྲོགས་ཀློག་མཁན་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད།
ཉི་སྟོང་བརྒྱ་མེད་བཅུ་བཞི་ལ། །
བཅུ་བཞིའི་གྲངས་ཅན་༸གོང་ས་མཆོག །
ཟླ་བ་བཅུ་བཞི་མ་རྫོགས་གོང་། །
༸སྐུ་ཕྲེང་བཅུ་བཞི་བོད་ལ་ཕེབས། །
ང་ཡི་ལུང་བསྟན་རྫུན་མ་འདི། །
དངོས་སུ་འབྱུང་བའི་སྨོན་ལམ་འདེབས། །