ཀླུ་སྨྱོན།
ཉེ་ཆར་རྒྱ་གར་དུ་ཕྱི་རྒྱལ་གྱི་བཏུང་ཆུའི་རིགས་སྔོན་འགོག་གི་ལས་འགུལ་ཞིག་སྤེལ་བཞིན་ཡོད་ལུགས་བོད་ཀྱི་དེ་ཕོ་དྲ་བ་ལས་མཐོང་ཞིང་། དེ་ནི་དགའ་འོས་པའི་དོན་བཟང་ཞིག་སྟེ། དེང་རབས་བཏུང་ཆུ་ཕལ་མོ་ཆེའི་ནང་དུ་རྫས་འགྱུར་གྱི་དུག་རིགས་སྣ་ཚོགས་བཏབ་ཡོད་པས། དེས་ཐད་ཀ་དང་ཐད་ཀ་མ་ཡིན་པའི་སྒོ་ནས་མིའི་ལུས་སྲོག་ལ་གནོད་འཚེ་གཏོང་བཞིན་ཡོད། དཔེར་ན་ཁུ་ནག་གི་རིགས་ལ་མངར་ཆ་ཧ་ཅང་མཐོ་བས་ཁྲག་ཤེད་དང་ཁྲག་མངར་སོགས་ཀྱི་ན་ཚ་འདྲ་མིན་བསྐྱེད་པ་དང་། ལྷག་པར་དུ་གླང་དམར་རྟགས་ཅན་གྱི་བཏུང་ཆུ་ཡིས་གནས་སྐབས་གཟུགས་པོར་ངར་ཤུགས་རྒྱས་སུ་བཅུག་སྟེ་དབང་པོ་སྒོ་ལྔས་ལས་ཀ་བྱེད་ཤུགས་ཕྲན་བུ་མགྱོགས་སུ་གཏོང་ཐུབ་ཀྱང་། ཕུགས་སུ་མཁལ་མའི་ནུས་པ་འཕྲོ་བརླག་ཤུགས་ཆེན་གཏོང་བཞིན་ཡོད།
ལོ་སྔོན་མར་ངའི་ངོ་ཤེས་ཁམས་པ་ཕོ་གཞོན་ཞིག་གིས་གླང་དམར་འཐུང་དྲགས་པས་མཁལ་མའི་ནུས་པ་ཉམས་ཏེ་མིག་གི་དབང་རྩ་འཕྲོ་བརླག་ཏུ་ཕྱིན་ཏེ་ཅུང་མིན་ན་མིག་གཉིས་ཀ་ལོང་བ་ཆགས་སོང་། ཐོག་མར་སྨན་པས་ནད་ཀྱི་རྒྱུ་རྐྱེན་གསལ་བོ་མ་རྙེད་ཀྱང་བརྟག་དཔྱད་ཡང་ཡང་བྱས་པའི་མཇུག་འབྲས་སུ་གླང་དམར་འཐུངས་པའི་འབྲས་བུ་ཡིན་པར་ཁ་ཚོན་བཅད་འདུག དེ་བས་གོང་ས་མཆོག་གིས་བོད་མི་ཞིག་ཡིན་ཕྱིན་ལུས་བདེ་སེམས་བདེ་གཉིས་འཛོམས་ཤིག་དགོས་གལ་ཆེ་ཞེས་བཀའ་སློབ་ལམ་སྟོན་ཡང་ཡང་ཕེབས་པ་བཞིན། ད་རེས་ཀྱི་མཐོ་རིས་ཡོན་ཏན་བདུན་ལྡན་གྱི་བོད་པའི་ལུས་བཟང་འདི་རང་རིགས་ཀྱི་ཆོས་དང་རིག་གཞུང་དཔལ་འབྱོར་སོགས་གོང་འཕེལ་གྱི་ཆེད་དུ་གཏོང་འདོད་ཡོད་ཚེ། ཆེས་ཐོག་མར་ལག་ལེན་དུ་འདེབ་དགོས་པ་ཞིག་ནི་རང་གི་ཁ་ནང་དུ་འཕྲོད་བསྟེན་ལ་མི་གནོད་པའི་བཟའ་བཏུང་རེ་སྤྱོད་རྒྱུ་ནི་གནད་ཀྱི་དོན་པོ་ལགས་པས། རིགས་གཅིག་སྤུན་ཟླ་ཚོས་རང་གི་ཚེ་སྲོག་དང་མི་རིགས་ལ་བསམ་བློ་བཏང་སྟེ་གླང་དམར་དང་ཁུ་ནག་གི་རིགས་མི་བཏུང་རྒྱུ་མཁྱེན།
དེ་བཞིན་བོད་པའི་ཉིན་རེའི་འཚོ་བའི་ཁྲོད་དུ་ཤ་ཚོན་པོ་བཟའ་རྒྱུ་དང་མར་ཇ་འཐུང་རྒྱུར་ཧ་ཅང་དགའ་མོད། ཤ་རིགས་སྤྱི་དང་ཁྱད་པར་དུ་ཞག་ཚིལ་གྱི་རིགས་ཀྱིས་ཁྲག་སྙིགས་ཇེ་མང་དུ་བཏང་སྟེ་སྙིང་རྩ་འགག་པའི་ནད་ཀྱི་རྒྱུ་རྐྱེན་གཙོ་བོ་བྱེད་པས། ཞག་ཚིལ་གྱི་རིགས་ཉུང་ཙམ་མཆོད་རོགས་ཞེས་ཀྱང་ཞུ་རྒྱུ་ཡིན། སྤྱིར་ན་ཉི་མ་རེ་རེ་བཞིན་ལུས་རྩེད་རྩེ་རྒྱུ་དེ་ཧ་ཅང་གལ་ཆེ་མོད། ང་ཚོ་བོད་པར་ལུས་རྩེད་རིག་གནས་འདི་ཕྱག་འཚལ་སྐོར་བ་ཙམ་ལས་ད་དུང་ཡོངས་ཁྱབ་ཏུ་དར་རྒྱས་ཕྱིན་མེད་པས། ལུས་པོའི་འཕྲོད་བསྟེན་གྱི་ཐབས་ལམ་ཡག་ཤོས་དེ་ནི་ཟ་མ་དང་བཏུང་བ་དུག་མེད་རེ་བསྟེན་རྒྱུ་དེ་ཙམ་ལགས། མཐའ་སྡོམ་གོང་ས་མཆོག་གིས་གཙོས་པའི་རང་རིགས་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པའི་སྐུ་ཚེ་མཛད་འཕྲིན་རྒྱས་པ་དང་། བོད་རིགས་ཡོངས་རྫོགས་ཀྱི་ལུས་སེམས་བདེ་ཐང་ཡོང་སྟེ་ད་ལྟའི་ཉིན་རེའི་འཚོ་བ་དང་མ་འོངས་བདེ་སྐྱིད་ཀྱི་ཉི་མའི་འོད་སྣང་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་འདུན་ཞུ།
ཨ་ཁུ་ཀླུ་སྨྱོན་གྱིས་ལྷག་བསམ་རྣམ་དག་གིས། ༧གོང་ས་རྣམ་འདྲེན་ཆེན་པོའི་བཞེད་པ་བཞིན་དུ། བོད་རིགས་ཡོངས་ཀྱི་འཕྲོད་བསྟེན་སྐོར་བྲིས་པར་རྗེས་ཡི་རང་། ལྷག་པར་ཡི་གེའི་དག་ཆ་ལ་ཡང་། གཟབ་སྦྱོར་མཛད་པར་དགའ་བསུ་ཞུ་འོས།
འོན་ཀྱང་མིང་ཚིག་གསུམ་ལ་མཐའ་དཔྱོད་དགོས་ཏེ།
གསལ་བོ། གསལ་བ་ལ་ན་རོ་སྦྱར་ན། གསལ་པོ། བོད་དཔེ་རྙིང་པ་དག་ན་གསལ་ལོ།
འདེབ། ཅེས་པ་བྲིས་ནོར་ཡིན་ནམ། གཏན་གྱི་འདོད་པ་ཡིན་མ་ཤེས་ཀྱང་། འདེབས། བཏབ། གདབ།་ཐོབ། ད་ལྟ་འདས་མ་འོངས་སྐུལ་ཚིག་ཅེས་དག་ཡིག་དཔེ་ཆ་དག་ན་མཆིས།
རོགས། ཞེས་ཁ་སྐད་དང་། ཡིག་སྐད་གྲོགས། ཡིན་པར་འདོད་དོ།
ཨ་ཁུ་ལ་ལ་དྭགས་པས། ཨ་གུ། གང་དེ་དག་པ་ཡིན། དཔྱིས་ཕྱིན་པ་མ་ཤེས་སོ།
མཐོ་རིས་ཡོན་ཏན་བདུན། གང་གང་ཡིན་ནམ།
ཨ་ཁུ་ལ་དྭགས་པ་མཆོག། སྐུལ་ཚིག་ལ་ “ཐོབ” མ་རེད་ “ཐོབས” རེད། ཐུགས་གཟབ་སྤྱན་གཟབ་ཕྱག་གཟབ་འཚལ།
ལ་དྭགས་པས་ཞུ་དག་བྱེད་པར་བཀའ་བསྟན་ཁུངས་སུ་འདྲེན་པ་འདུག་ཀྱང་།
བཀའ་བསྟན་ཡོངས་རྫོགས་ཐུགས་སུ་ཆུད་པ་ལྟ་བུའི་མཁས་རློམ་བྱེད་པ་འདུག་ཀྱང་། རྫོབ་རྟགས་ཐེངས་མང་བསྟན་སོང་།
བཀའ་བསྟན་སོགས་ན་དག་ཆ་ག་རེ་འདུག་ལེགས་པོར་གཟིགས་ནས་བཀའ་མོལ་གནང་རོགས། རང་ལ་དཔེ་ཅི་ཡོད་དེ་ཨ་ཕའི་ཁ་ཕོར་གཙང་ཤོས་སུ་མཐོང་ན་གཟིགས་རྒྱ་ཆུང་དྲགས་པའི་སྐྱོན་འདུག་གོ།
ཡར་རྒྱས་ལ་མཐའ་མེད་པ་རེད། བོད་ཀྱི་སྐད་ཡིག་ཀྱང་ཡར་རྒྱས་སུ་འགྲོ་ཆོག་པ་སྨོས་མེད་རེད། བཀའ་འགྱུར་དང་བསྟན་འགྱུར་གྱི་དག་ཆ་རྣམས་མཁས་པ་སྔ་མ་ཚོས་གཏན་ལ་ཕབ་པ་ལས་བཅོམས་ལྡན་འདས་ཀྱིས་གཏན་ལ་ཕབ་པ་ཞིག་མ་ལགས། ཡར་རྒྱས་སུ་ཅི་ཙམ་གཏོང་ཐུབ་ན་དེ་ཙམ་ལེགས་པར་མཐོང་། །
ལོ་ཡག་གིས་གསུངས་པ་དེ་བདེན་པ་ཡིན་ན། འདེབས་ཀྱི་སྐུལ་ཚིག་ལ། ཐོབ་བྲིས་པ་དེ། ངས་ཐག་བཅད་མི་ཐུབ། བོད་རྒྱ་ཚིག་མཛོད་ན། དེ་ལྟར་ཡོད་པས། དེ་ལ་ཚད་མར་མ་འཛིན་པ་དག་གིས་་དཔྱད་དགོས་སོ། དོན་ལ་སའི་ཡང་འཇུག་ཡོད་ན། བཟང་བར་སེམས་སོ།
“ལ་དྭགས་པས་ཞུ་དག་བྱེད་པར་བཀའ་བསྟན་ཁུངས་སུ་འདྲེན་པ་འདུག་ཀྱང་།
བཀའ་བསྟན་ཡོངས་རྫོགས་ཐུགས་སུ་ཆུད་པ་ལྟ་བུའི་མཁས་རློམ་བྱེད་པ་འདུག་ཀྱང་། རྫོབ་རྟགས་ཐེངས་མང་བསྟན་སོང་།”
་
སྒྲོ་འདོགས་ཀྱི་བྱ་བ་མེད་ན་ལེགས། བཀའ་བསྟན་ནི་རྒྱ་མཚོ་ལྟ་བུ་དང་། ཁོ་བོས་བཀའ་བསྟན་གསུང་འབུམ་སོགས་ན་མཐོང་བ་ནི། བ་རྨིག་གི་ཆུ་ལྟ་བུ་ཡིན་སྙམ་པ་ལས། ང་ཉིད་མཁས་སོ་སྙམ་པའི་བསམ་པ་གཏན་ནས་མེད།
ད་ལན་ནི ཆག་པོས་གས་པོ་ལ་ཁྲེལ་བ། དངོས་སུ་མཐོང་། ཞུ་དག་ལ་ཞུས་དག་ཅེས་དགོས་པ་བོད་མཁས་པ་རྣམས་ཀྱིས་བྲིས་པ་ལ་ཁུངས་གཏུགས།
ཐེངས་མང་བསྟན་སོང་། ཞེས་བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་གང་ན་ཡོད། ཐེངས། ཞེས་པ་ཁྱོད་ཀྱིས་སྟོན་ཐུབ་བམ།
ཁོ་བོས་ནི། ཐང་། ཞེས་པ་ལས་མ་མཐོང་ངོ་། འདི་ལྟར་འབྲི་དགོས་པ་ཡང་།་བོད་སྐད་དག་ཆ་སྲུང་བར་འདུན་པས་བྲིས་པ་ཡིན་གྱིས། རྩོད་པར་འདོད་པས་བྲིས་པ་མ་ཡིན་པ་ཤེས་པར་གྱིས་ཤིག
དགའ་བྱེད་ལ་ཞུ་རྒྱུ།
“རྫོབ་རྟགས་ཐེངས་མང་བསྟན་སོང་།” ཞེས་པར་བདག་གིས་ཞུས་དག་བྱས་པ་དག་བསྟན་ནས། འདི་དང་འདི་དག་རྫོབ་རྟགས་ཡིན། ཞེས་འགོད་དགོས། མིང་ཚིག་འདི་དང་འདི་དག་ནོར་འདུག་བསྟན་ན། བདག་དང་། ཁ་བརྡའི་ཀློག་པ་པོ་གཞན་དག་ལ་ཡང་ཕན་ངེས་པས། ངས་ཁྱེད་དང་། ཁ་བརྡའི་ཀློག་པ་པོ་གཞན་དག་ལ་བཟོད་གསོལ་ཞུ་ངེས་ལགས།
གལ་ཏེ་བསྟན་མ་ཐུབ་ཚེ། ཚིག་རྩུབ་དང་། ངག་བཀྱལ་སྨྲས་པའི་འབྲས་བུ། མཐོང་ཆོས་ཏེ་ཚེ་འདི་དང་། སྐྱེ་བ་ཕྱི་མར་སྐྱེས་ནས་དང་། ལན་གྲངས་གཞན་ལ་མྱོང་དགོས་པ་གདོན་མི་ཟའོ།
ལ་དྭགས་འཇམ་དཔལ་ལགས། སྐུ་ཉིད་ནས་ཐུགས་ཀྱིས་མ་བཟོད་པར་ཡི་གེ་མ་དག་པའི་རྒྱུན་འབྱམས་འགོག་སླད་བར་བར་ཞུས་དག་གནང་བར་བསྔགས་བརྗོད་ཡོད། ཐུགས་རྗེ་ཆེ། ཞུས་དག་མུ་མཐུད་དེ་གནང་རོགས། དེ་ཡང་རང་རེའི་སྐད་ཡིག་དང་འབྲེལ་ཆགས་བརྡ་དག་གི་འགྲོས་དང་འཇུག་ཚུལ་སོགས་འཆལ་ནས་འགྲོ་བ་འགོག་སླད་གནང་གི་ཡོད་པ་ཡིན་དུས་ཐུགས་ཁུར་ཆེར་སྐྱེད་གནང་རོགས། དངོས་གནས་བྱས་ན་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཁང་རྣམ་གཉིས་ནས་བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ་རྣམས་བསྐོངས་ནས་ཡིག་ནོར་གང་ཉུང་དགོས་པའི་གོ་བསྐོན་གནང་དགོས་ངེས་ཀྱང་དེ་ལྟར་གནང་བ་ནི་མ་ཐོས། ཤེས་རིག་ལྷན་ཁང་གིས་གཟའ་མཇུག་སློབ་གྲྭའི་སློབ་དེབ་དཔར་སྐྲུན་གནང་བ་ལ་བརྟེན་ནས་མང་ཚོགས་ནང་ལབ་གླེང་མང་པོ་བྱུང་བ་ནི་བདེན། ད་ནི་ཅི་ཆ་ཞུ་རྒྱུ་ལས་མ་མངོན།
ཨ་ཁུ་ལ་དྭགས་པ་མཆོག་ལ་གྲོས་སུ་གདབ་པར་བྱ་བ་འདི་བདོག་སྟེ། འདས་སྐུལ་གཉིས་ལ་ཡང་འཇུག་ས། །ཞེས་གསུང་སྲོལ་ལྟར། ཡང་འཇུག་ད་ལའང་རིགས་བསྒྲེ་སྟེ། བྱ་ཚིག་གི་སྐབས་སུ་ཡང་འཇུག་ད་ས་གཉིས་ཀྱི་དགོས་པ་ནི་འདས་དང་སྐུལ་ཚིག་བསྟན་ཕྱིར་རེད། དེ་ཡི་ཕྱིར་ན། དག་ཡིག་གསར་བསྒྲིགས་སུ། “ཐོབས” ནི་ “གདབ” ཀྱི་སྐུལ་ཚིག་ཏུ་བཤད་པར་རྒྱུ་མཚན་ལྡན་ཏེ། གཞན་དུ་ན་ “ཐོབས” ཟེར་བ་ཞིག་བོད་ཀྱི་བརྡ་དག་ནས་རྒྱང་ཕུད་བཏང་བའི་སྐྱོན་དང་། ”ཐོབ” ནི་དོན་མང་པོ་ལ་འཇུག་ཕྱིར་འདྲེ་གཞིིིར་ཆེ་བའི་སྐྱོན་བཅས། ཉིད་ཀྱིས་ཀྱང་ཁས་ལེན་བཞིན་པ་འདྲ་སྟེ། དགོས་པ་རྒྱུ་མཚན་ལ་བརྟགས་ན། སྐབས་འདིར་བོད་རྒྱ་ཚིག་མཛོད་ཆེན་མོ་ཆུང་དྲགས་པས་ན་སྤང་བྱར་ཤེས་པར་བྱའོ། ། ཧ་ཧ་ཧེ་ཧེ། བཀྲ་ཤིས་ཤོག །
ཁ་ཞེ་གཉིས་མེད་མཆོག་དང་ལོ་ཡག་ལེགས་སོགས་ལ་ཞུ་རྒྱ། གསལ་བཤད་མཛད་པར་བཀའ་དྲིན་ཆེ།
༧གོང་ས་བོད་ཀྱི་རྣམ་འདྲེན་བླ་ན་མེད་པས། བོད་རབ་བྱུང་༡༧པའི་ཤིང་ཁྱི་ཟླ་༣་ཚེས་༡༥ཉིན། འདི་ལྟར་གསུངས་ཏེ།
“དཔྱོད་ལྡན་ལ་དྭགས་པ་བློ་བཟང་འཇམ་དཔལ་ནས། དེང་དུས་ཕྱི་ནང་འགལ་རྐྱེན་སྣ་མང་གིས་བོད་ཡིག་གི་བརྡ་དག་ཉམས་འཆལ་འགྱུར་བཞིན་པའི་གནས་ལུགས་སེམས་ཀྱིས་མ་བཟོད་པར། ད་ལམ་བོད་ཀྱི་སྐད་ཡིག་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཆེད་དུ་གཞེན་སྐུལ་སྤྲིང་ཡིག་བསྲིངས་འབྱོར་ལ་ཡིད་སྤྲོ་བརྟས།” ཞེས་སོགས།
སྤྲིང་ཡིག་དེ་ཉིད། དྷ་ས་ལྗང་གཞོན་དུ་སྤར་པའི་ཤོག་གྲངས། ༢༦ན། རྒྱ་མི་མེས་པོ་དམ་པ་ཀྲང་དབྱི་སུན་ལ་བཀའ་དྲིན་ཆེ་ཞུ་བ་དང་། མཐའ་གཅིག་ཏུ་དག་པར་སེམས་མི་དགོས་པ་ཡང་བྲིས་ཡོད། བོད་རྒྱ་ཚིག་མཛོད་སྤང་བྱ་ཡིན་པར་མི་འདོད། འོན་ཀྱང་ཚིག་མཛོད་དེར་ལུང་ཕྱོགས་སོ་སོ་བའི་ཕལ་སྐལ་མིང་ཚིག་དག་གི་ཤན་ཞུགས། དེ་དག་ལ་བོད་མཁས་པ་རྣམས་ཀྱིས་བྲིས་པའི་དཔེ་ཆ་ཀུན་དང་བསྡུར་ཏེ། བརྟག་དཔྱད་དགོས་པ་གལ་ཆེའོ།
ནོར་འཁྲུལ་ལ་ཞུས་དག་མཛད་ན། རང་གཞན་ལ་ཕན་ནོ།
དགེ་རྒན་ཆེན་མོ་ལ་དྭགས་པ་མཆོག་འཁྲུལ་སྣང་གིས་ཅུང་ཟད་བེར་འདུག་པ་འདྲ། ངའི་བསམ་ཚུལ་ནི་དག་ཆ་ལ་ལ་སྔོན་གྱི་མཁས་དབང་དག་ཀྱང་འབྲི་ལུགས་མི་མཐུན་པ་དུ་མར་གྱེས་པ་དེ་ལྟ་ན། ད་ནི་རིགས་པའི་བརྟག་བྱ་ལས་གར་ཡང་ལྷག་མེད། ཧ་ཧ་ཧ། འདིའི་ཚེ་ན་ཆོས་ལ་མི་རྟོན་པར་རང་གང་བཀུར་པའི་གང་ཟག་ལ་རྟོན་ན་ནི་ཕྱོགས་ལྷུང་གི་ཆུ་སེར་བརྡོལ་བའི་འབྲས་རྟགས་སོ། །
ངས་ནི་བོད་རྒྱ་ཚིག་མཛད་ཆེན་མོ་ཕྱོགས་ཡོངས་ནས་སྤང་བྱ་རེད་ཟེར་གྱི་མེད། སྐབས་འདིར་སྤང་བྱ་རེད་ཅེས་བརྗོད་ཀྱི་ཡོད་ན་དེ་ལྟར་ཤེས་པར་གྱིས། ལར་ནས་བོད་ཡིག་ལ་ཞུ་དག་ཚད་ལྡན་བྱ་ཕེར་བའི་མི་ཞིག་བྱེད་ན། དཔེ་ངོ་ནས་བརྡ་དག་ལ་ཆ་རྒྱུས་རོབ་ཙམ་བྱུང་བ་ཙམ་གྱིས་མི་འཁྱོང་གི སྒྱུ་རྩལ་དང་སྒྱུ་རྩལ་མ་ཡིན་པའི་རྩོམ་བྲིས་སྣ་ཚོགས་པ་ལ་ལག་ལེན་གྱི་ཁྲོད་ནས་བྱང་ཆ་སོང་བ་ཞིག་ངེས་པར་དུ་དགོས་པ་རེད་འདུག། དེ་འདྲ་དེ་རང་ཉིད་ལ་ཚང་འདུག་མི་འདུག་ཞིབ་ཏུ་གཟིགས་མཁྱེན། ང་མཁས་སོ་སྙམ་པའི་ང་རྒྱལ་གྱིས་གར་ཡང་མི་ཕྱིན་པ་དེ་ང་ཚོ་ཚང་མས་སྔ་སོ་ནས་གསལ་བོར་ཤེས་དགོས་སོ། །
བཀའ་བསྟན་ནི་རྒྱ་མཚོ་ལྟ་བུ་དང་། ཁོ་བོས་བཀའ་བསྟན་གསུང་འབུམ་སོགས་ན་མཐོང་བ་ནི། བ་རྨིག་གི་ཆུ་ལྟ་བུ་ཡིན་སྙམ་པ་ལས། ང་ཉིད་མཁས་སོ་སྙམ་པའི་བསམ་པ་གཏན་ནས་མེད།
འོ་དེ་ཡིན། སྐྱོན་སུན་འབྱིན་ན། ངག་ཀྱལ་རེད་ཟེར་ན། ཞུ་ཡ་གལ་མེད།
གལ་ཏེ་དངོས་འབྲེལ་གོང་དུ་ཞུས་པ་ལྟ་བུ་ཡིན་ན། འདི་དག་ཆ་ནོར། དེ་ནོར། བཀའ་བསྟན་ན་དེ་འདྲ་མེད། ཟེར་བ་འདི་གང་ནས་བྱུང་བ་རེད།
བ་རྨིག་གི་ཆུ་ལ་མེད་ན། རྒྱ་མཚོའི་ཆུ་ལ་མེད་པས་ག་འདྲ་སེ་ཁྱབ་པ་རེད་དམ།
དེ་ལྟ་བུའི་མཁས་རློམ་མ་གནང་ཞུ་བ་ཡིན། འདི་ནོར་གན་ནོར་ཟེར་བའི་ཐག་གཅོད་མ་སྔ་ཞིག་ཟེར་བ་ཡིན། བ་རྨིག་གི་ཆུས་ཅི་ཡང་མི་ཆོད་པས། གཞུང་ལུགས་རྒྱ་མཚོ་ལ་སྤྱན་རས་གཡོས་ནས། བཀའ་མོལ་གནང་ན་ཡག་པ་ལས། རྟག་པར་བ་རྨིག་གི་ཆུ་ལ་སྨིག་རྒྱུ་མ་མཐོང་བས། སྨིག་རྒྱུ་མེད་དོ་ཟེར་ན་ས་རྒྱ་མི་ཆོད་པ་ཤེས་པར་གྱིས།
ལོ་ཡག མཆོག་དང་། དགའ་བྱེད་ལེགས།
“སྐབས་འདིར་བོད་རྒྱ་ཚིག་མཛོད་ཆེན་མོ་ཆུང་དྲགས་པས་ན་སྤང་བྱར་ཤེས་པར་བྱའོ། “ཞེས་པ་འདི་ལ། ཚ་གསུམ་རྒྱབ་བོ།
“ལར་ནས་བོད་ཡིག་ལ་ཞུ་དག་ཚད་ལྡན་བྱ་ཕེར་བའི་མི་ཞིག་བྱེད་ན། དཔེ་ངོ་ནས་བརྡ་དག་ལ་ཆ་རྒྱུས་རོབ་ཙམ་བྱུང་བ་ཙམ་གྱིས་མི་འཁྱོང་གི སྒྱུ་རྩལ་དང་སྒྱུ་རྩལ་མ་ཡིན་པའི་རྩོམ་བྲིས་སྣ་ཚོགས་པ་ལ་ལག་ལེན་གྱི་ཁྲོད་ནས་བྱང་ཆ་སོང་བ་ཞིག་ངེས་པར་དུ་དགོས་པ་རེད་འདུག། དེ་འདྲ་དེ་རང་ཉིད་ལ་ཚང་འདུག་མི་འདུག་ཞིབ་ཏུ་གཟིགས་མཁྱེན། ང་མཁས་སོ་སྙམ་པའི་ང་རྒྱལ་གྱིས་གར་ཡང་མི་ཕྱིན་པ་དེ་ང་ཚོ་ཚང་མས་སྔ་སོ་ནས་གསལ་བོར་ཤེས་དགོས་སོ། ”
བདག་ལ་དེ་ལྟ་བུའི་ཡོན་ཏན་མེད་ཀྱང་། བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པའི་མིང་ཚིག་དག་ཆ་་དག་ལ་ལྟ་ཐུབ་པའི་བློ་གྲོས་མིག་གསལ་པོ་ཡོད། ཁྱོད་ལྟར་ན། གསལ་བོ་ཞེས་དགོས་ཀྱང་། ཁོ་བོས་དེ་འདྲ་ནམ་ཡང་མི་འབྲི་བ་ཤེས་པར་གྱིས།
དགའ་བྱེད་ཀྱིས།་““རྫོབ་རྟགས་ཐེངས་མང་བསྟན་སོང་།” “ཞེས་པར་བདག་གིས་ཞུས་དག་བྱས་པ་དག་བསྟན་ནས། འདི་དང་འདི་དག་རྫོབ་རྟགས་ཡིན། ཞེས་འགོད་དགོས། མིང་ཚིག་འདི་དང་འདི་དག་ནོར་འདུག་བསྟན་ན། བདག་དང་། ཁ་བརྡའི་ཀློག་པ་པོ་གཞན་དག་ལ་ཡང་ཕན་ངེས་པས། ངས་ཁྱེད་དང་། ཁ་བརྡའི་ཀློག་པ་པོ་གཞན་དག་ལ་བཟོད་གསོལ་ཞུ་ངེས་ལགས།” འདི་ལ་ལན་དགོས་སོ།“རྫོབ་རྟགས་ཐེངས་མང་བསྟན་སོང་།” ཞེས་པར་བདག་གིས་ཞུས་དག་བྱས་པ་དག་བསྟན་ནས། འདི་དང་འདི་དག་རྫོབ་རྟགས་ཡིན། ཞེས་འགོད་དགོས། མིང་ཚིག་འདི་དང་འདི་དག་ནོར་འདུག་བསྟན་ན། བདག་དང་། ཁ་བརྡའི་ཀློག་པ་པོ་གཞན་དག་ལ་ཡང་ཕན་ངེས་པས། ངས་ཁྱེད་དང་། ཁ་བརྡའི་ཀློག་པ་པོ་གཞན་དག་ལ་བཟོད་གསོལ་ཞུ་ངེས་ལགས།
བཟློས་སྐྱོན་ཤོར་བར་དགོངས་དག
དག་ཡིག་མང་ཡང་ངག་གི་སྒྲོན་མ་དང་།
ཟ་མ་ཏོག་དང་དཔེ་ཟླར་འོས་པ་དཀོན།
མཁའ་ལ་འོད་ལྡན་རྒྱུ་སྐར་མི་ཉུང་མོད།
མུན་སྟུག་མཐར་བྱེད་ཉི་ཟླ་ཟུང་ཙམ་མོ།།
་
བསྟན་དར་ལྷ་རམས་པའི་གསུང་འབུམ་དེབ་ཤོག་གྲངས་༦༡༦ནའོ།
དགེན་ལ་དྭགས་པ་ལགས། “བཟློས་སྐྱོན” མ་རེད་ “ཟློས་སྐྱོན” རེད། འདས་ཚིག་སྟེ་ “བཟླས་སྐྱོན” འབྲི་མཁན་ཡང་ཡོད་མོད། སྐབས་འདིར་སྐུལ་ཚིག་གིས་གྲུབ་པར་བྱས་ན་མིང་རྐྱང་གི་ཁྱད་ཆོས་འབུར་དུ་ཐོན་ཏེ། དཔེར་ན། ཟློས་གར། ཐོངས་མཆན། ཕན་ཐོགས། བཤེས་སྤྲིངས། སྦྲགས་ཁང་། ཐོན་སྐྱེད་ཅེས་སོགས་ཤིན་ཏུ་མང་པོས་མཚོན་ཏེ་རྒྱ་ཆེར་ཤེས་པར་བྱའོ། །ལར་ནས་ “བཟློས” ཟེར་པ་ཞིག་བོད་ཡིག་ལ་མི་སྲིད་དོ། །
ང་ལ་གནས་སྐབས་རིང་འདི་ནས་བོད་རྒྱ་ཚིག་མཛོད་ཆེན་མོ་ཞིག་རེག་གི་མི་འདུག་མ་གཏོགས། དེའི་ཞིང་ནང་ན་རྩྭ་ལྡུམ་ཤིན་ཏུ་མང་པོ་འབལ་རྒྱུ་ཡོད། ཏན་ཏན་ཚིག་མཛོད་དེ་ཡིན་པ་ཡོད། དྲན་སོས་པ་ཞིག་ལ། དེར་ “རྐུབ་སྟེགས” ལའང་ “རྐུབ་བཏེགས” བྲིས་ཡོད་སྙམ། དེ་འདྲའི་རྫོབ་བོ། དེ་བས་རྐུབ་འདེགས་ཞེས་བྲིས་ན། འདེགས་བྱེད་དུ་སོང་བས་དོན་དུ་འགྱུར་ཆེ་ཙམ་ཡོད། སྤྱིར་ཡང་བརྒྱ་ལམ་ཙམ་ན་རྩོམ་པ་པོས་ཐུགས་ཉམས་མ་བཞག་པའམ། འབྲི་བ་བོ་དང་གཏག་པ་པོ་རྣམས་ལྷོད་གཡེང་ཤོར་བ་བཅས་ཀྱི་འོག། མ་དག་པ་གར་ཡང་ཐོན་སྲིད་པ་ཡིན། བཀྲ་ཤིས་ཤོག།།
ལོ་ཡག་ལེགས། གསལ་བཤད་མཛད་པར་བློ་བསྐྱེད་བྱུང་།
ལགས་མ་རེད། ལེགས་རེད། དེ་བཞིན་དུ། ལགས་སོ། མ་རིད། ལེགས་སོ། རེད།
བརྒྱ་རབས་༢༠པའི་ནང་། ཕལ་སྐད་མང་པོ་ཡིག་སྐད་དུ་ཤོར། བཀའ་བསྟན་གསུང་འབུམ་གྱི་དཔེ་ཆ་རྣམས་བོད་ཡུལ་དུ་མ་ཟད། ཕལ་ཆེར་ས་སྟེང་གི་དཔེ་མཛོད་དག་ན་སྣང་། དེ་དག་གི་དག་ཆ་ལ་རྣམ་དཔྱོད་དགོས། ཁ་སྐད་ཀྱི་ཤུགས་ཀྱིས་ཡི་གེའི་དག་ཆ་མི་འདྲ་བ་བྱུང་དང་། འབྱུང་བཞིན་པ་ཡིན། དཔེར་ན། དབྱངས་ཅན་གྲུབ་པའི་རྡོ་རྗེས།
་
ང་འ་ར་ལ་མཐའ་མེད་མཐར།
བདག་སྒྲ་ཡར་གྱུར་བ་དང་ནི།
ཆ་ལ་པ་ཉིད་སྦྱོར་བ་ལེགས།
་
ཞེས་གསུངས་པ་དེ། སུམ་ཅུ་པ་དང་མི་མཐུན་པར་མ་ཟད་མདོ་སྨད་ཀྱི་མཁས་པ་དག་གིས། ཨ་མདོའི་སྐད་བཞིན་བྲིས་པ་དང་ཡང་འགལ།
བོད་རྒྱ་ཚིག་མཛོད་ཆེན་མོ་ན།
་
རྐུབ་བཀྱག། རྐུབ་སྐྱགས་ཀྱང་ཟེར། ཁྲིའུ་ཤིང་ངམ། འཕོངས་སྟེགས།
“རྐུབ་སྟེགས” ཁྲིའུ་ཤིང་ངམ། འཕོངས་སྟེགས།
་
རྐུབ་བཏེགས” ཞེས་པ་མེད།
་
བདག་གི་ཁྱེད་ལ་དྲི་བ།
་
འབྲི་བ་བོ་དང་གཏག་པ་པོ། བ་དང་པ་མཐའ་མེད་འདྲ་བར་བོ་དང་པོ། མི་འདྲ་བར\བྲིས་པ་གང་ཡིན་ནམ།
བཀྲ་ཤིས་པར་གྱུར་ཅིག
རྒན་ལ་དྭགས་པས་བོད་ཡིག་ལ་དོ་སྣང་ཆེན་པོ་གནང་བར་ཡི་རངས་དད་བསྔགས་བརྗོད་ཡོད། འོན་ཀྱང་ལེགས་དང་ལགས་དང་དགོངས་དང་དགོང་སོགས་ལ་དཔྱད་པ་བྱེད་པ་ནི་དགོས་མེད་རེད། མ་ཟད་ཁྱེད་ཀྱིས་བོད་ཡིག་གི་དག་ཆ་འགྲིག་མིན་གྱི་ཐག་ཆོད་ཚང་མ་བཀའ་བསྟན་བཅོས་ལ་གཞི་བཅོལ་བ་ནི་རྒྱུ་མཚན་གང་ཡང་མ་མཐོང་བཀའ་བསྟན་བཅོས་དེ་ཚོ་ལའང་རིམ་པ་མང་པོས་བསྒྱུར་བཅོས་མང་པོ་བྱས་འདུག གང་དག་དང་གང་མ་དག་པ་ཡིན་མིན་ཁ་ཚོནནསུ་ཞིག་གིས་ཀྱང་གཅོད་མི་ནུས། བོད་ཡིག་གི་དག་ཆ་འབྲི་སྟངས་ལའང་སྔ་ཕྱི་མང་པོར་འགྱུར་བ་ཕྱིན་ཡོད། དཔེར་ན་ཏུན་ཧོང་ཡིག་རྙིང་བཞིན། གཞན་ཡང་ཁྱེད་ཀྱིས་བོད་ཡིག་ལ་དག་བཅོས་བྱེད་སྐབས་སྒྲ་གདངས་ཐམས་ཅད་ལ་དྭགས་པའི་སྒྲ་ལ་ཚད་འཛིན་བྱེད་པ་དང་བོད་ཡིག་གི་དག་ཆ་ཡང་ནང་བསྟན་པའི་བསྟན་བཅོས་ལ་གཞི་བཅོལ་བ་དང་དག་ཡིག་ག་གེ་མོ་རེ་ལ་གཞི་བཅོལ་བ་ནི་རྒྱུ་མཚན་གང་ཡང་མཐོང་གི་མི་འདུག དེ་ཡིན་དུས་ཕྱོགས་སུ་མ་ལྷུང་བའི་ཡུལ་སྐད་དང་ཡིག་རྙིང་མང་པོ་ཞིག་ལ་དཔྱད་པ་བྱེད་དགོས་པ་ལས་ཀོར་ཙེ་བ་ཞིག་ལ་དཔྱད་པ་བྱས་པས་ཐམས་ཅད་ཀྱི་ཐག་གཅོད་འབྱུང་མི་ཐུབ་པས་དགོངས་འཇག་ཞུ།
ཨ་ཁུ་ལ་དྭགས་པ་ལགས། པ་པོ་བ་བོ་མ་མོའི་སྐོར་སྔོན་མ་བརྗོད་རེས་བྱས་ཚར་བ་རེད། ངའི་དྲི་བ་ཚང་མར་ལན་མེད་པར་ལུས་སོང་ན། ད་རོ་ལངས་མི་བརྒྱག་པར་ཞུ། བ་བོ་བདག་སྒྲར་འདོད་མཁན་ཨ་མདོ་བ་གཅིག་པུ་རེད་ཟེར་བའང་མ་ཐོས་མ་མཐོང་བའི་སྐད་ཆ་རེད་ལ། མདོ་བསྟན་བཅོས་ན་བ་བོ་བདག་སྒྲ་ཅན་མང་པོ་ཡོད་པའང་གང་འཚམས་ཁྱོད་ལ་བསྟན་ཟིན། གཞུང་ཕྱི་མོའི་རྩ་ཚིག་གི་དབང་དུ་བྱས་ནའང་བ་བོ་བདག་སྒྲ་མ་ཡིན་པར་བསྒྲུབ་མི་ཐུབ་པའི་རྒྱུ་མཚན་རྣམས་ཞུས་ཟིན། ལན་ཡང་དག་ནི་གཅིག་ཀྱང་མ་འབྱོར། གང་འབྱོར་པའི་ལན་ནི། སི་ཏུ་པཎ་ཆེན་རྩ་ཆེན་ཡིན་རབས་དང་། སི་ཏུས་ཁ་སྐད་རེད་ཅེས་བརྗོད་པ་དེ་ཙམ་རེད། ངེད་རིགས་པ་སྨྲ་བ་རྣམས་ལ་དེས་གོ་མི་ཆོད། རྗེས་མར་དུས་ཚོད་བྱུང་ན། བ་བའི་སྐོར་ལ་དཔྱད་བརྗོད་རིང་མོ་ཞིག་འབྲི་འདུན་ཡོད། དེ་དུས་མཇལ་མོལ་ཡོང་བའི་སྨོན་འདུན་ཡོད།
བོད་རྒྱ་ཚིག་མཛོད་ཆེན་མོ་ན་དེ་ལྟར་མེད་པར་གསལ་བཤད་གནང་པ་ལ་ཐུགས་རྗེ་ཆེ་ཞུ། གུས་པ་རེ་ཞིག་རྒྱ་གྲོང་ན་ལུས་པས། བལྟ་ས་མ་རེག ངས་ཀྱང་དྲན་ཚོད་ཙམ་ཡིན་ཞེས་བཤད་ཡོད་སྙམ། གང་ལྟར་ཚིག་མཛོད་ཅིག་གི་ནང་དུ་དེ་ལྟར་བྲིས་འདུག་པ་དྲན་སོས། དེའི་སྔའི་བོད་གཞུང་གི་སློབ་དེབ་རིག་པའི་ཉིན་བྱེད་ནའང་དེ་ལྟར་བྲིས་པ་ཁ་ཡེར་ཡོད་སྙམ། དེ་ལའང་ཏན་ཏན་མེད། གསལ་བོར་མི་དྲན། བོད་རྒྱ་ཚིག་མཛོད་ཆེན་མོར་ “རྐུབ་བཀྱག” ཅེས་འབྱུང་ན། འོ་ན་དེས་དེ་ཁུངས་གང་ལ་བཅོལ་ཏམ། གུས་པས་བརྟགས་ན། དེ་ནི་དེ་ལྟར་འདོགས་པ་པོ་ཁོང་རྟགས་འཇུག་ལ་རྒྱུས་མངའ་ཞན་པའི་རྟགས་རེད་སྙམ། དོན་གྱི་དབང་དུ་བྱས་ན། སྐབས་འདིར་དངོས་པོ་བདག་ཡིན་པས་རྐུབ་བཀྱག་ལས་ “རྐུབ་འགྱོགས” ཞེས་སུ་བྲིས་ན་དོན་ལ་གཞོལ་ཆེ། འོན་ཀྱང་ “རྐུབ་སྟེགས” ལས་ལེགས་པ་ཞིག་མི་རྙེད་ན་ཉ་ཉོག་མང་པོས་དགོས་པ་ཅི་ཡོད། ད་དུང་ཚིག་མཛོད་དེ་ག་རང་མ་ཡིན་སྙམ། རྩྭ་གཟན་ལ་རྩྭ་ཟན། རྩམ་གཟན་ལ་རྩམ་ཟན། ཤ་གཟན་ལ་ཤ་ཟན་སོགས་སུ་བྲིས་ཡོད་པའང་མཐོང་། དེ་ལ་ཟས་དང་ཟ་མཁན་གྱི་ཁྱད་མི་ཐོན་པའི་སྐྱོན་ཡོད། རྩྭ་ཟན་ཟེར་ན་རྩྭ་ཡི་ཟས་ལ་གོ་བ་ལས་ཟ་མཁན་ལ་མིན་ནོ། །འཕུལ་ག་ཡིག་སྦྱར་བས་གཟོད་ཟས་དེ་ཟ་མཁན་སྟོན་བྱེད་དུ་སོང་ན། ལུགས་དེ་ཁོང་ཚོས་མ་ཤེས་པ་འདྲ། འདི་དག་མཚོན་བྱེད་ཙམ་ཡིན་ཏེ། བོད་སྐད་ཡིག་གི་འཁོར་རྒྱུགས་མཐོར་འདེགས་བྱེད་ན། སྔོན་གྱི་མཁས་ཆེན་གནམ་གྱིས་ས་བཀབས་པ་ལྟ་བུ་དག་ཀྱང་ལུགས་གཉིས་སུ་གྱེས་ནས་ཡོད་པའི་ཕྱོགས་རྣམས་ལ་རང་ཅག་འདྲ་བས་གྲི་སྟུག་གནམ་བསྐོར་གྱིས་ཁ་ཚོན་གཅིག་གཅོད་བྱེད་པ་ནི་བླུན་རྟགས་བསྟན་པ་ལས་མ་འདས་པ་རྟོགས་པར་བྱོས་ཤིག
བོད་ཕྱི་རོལ་ཏུ་དཔེར་ན་ “དྭང་”བླང་དཔྱ་ཁྲལ་ལག་དེབ་ཟེར་བ་ལྟ་བུ་དང་། “དྭོགས” གཅོད་ཟེར་པ་ལྟ་བུ། བ་ཟུར་མི་འཐོབ་སར་སྦྱར་ཏེ། མ་དག་རྒྱུན་འབྱམས་སུ་སོང་ཚད་ཤིན་ཏུ་ཁྱབ་ཆེ་ཡང་། དེ་དག་ལ་ནི་ནོར་འདུག་ཟེར་མཁན་ཞིག་རི་བོང་གི་རྭ་རེད། མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་ཡང་རྩེར་སོན་པ་དག་ཀྱང་བཞེད་ལུགས་སོ་སོར་ཡོད་པའི་གནད་ཀ་སྐོར་ཞིག་ཕྱོགས་སྔར་བླངས་ཏེ། དེ་ནོར་བ་རེད། འདི་བདེན་པ་རེད་ཟེར་ན། དེ་ནི་དཔྱོད་ལྡན་ཞིག་གི་བྱེད་སྟངས་རེད་དམ། མ་རེད་དོ། །
བན་དེ་བ་མཆོག་ལ་ཞུ་བ། ཉིད་ཀྱིས། བོད་ཀྱི་སྐྱེས་བུ། མ་འོངས་རྒྱང་གཟིགས། མཁས་དབང་དགེ་འདུན་ཆོས་ཀྱིས་མཛད་པའི་དེབ་ཐེར་དཀར་པོ། བོད་དཔེ་ཤིང་སྤར་མ་ཤོག་གྲངས་༣༡་ནས་༣༢་བར་གཟིགས་གྲོགས། ཁ་ཡོད་ལག་ཡོད་ལྟར་མིང་མཐོང་དུ་ཡོད་པའི་ཡི་གེའི་མིང་ཚིག་དག་མེད་པར་བཟོ་བ་མཐོང་ནས། བདག་གིས་འབད་པ་བྱེད་པར་ཁྱེད་ནས། ཡི་རངས་དད་བསྔགས་བརྗོད་ཡོད། གསུངས་པར་ཐུགས་རྗེ་ཆེ་ཞུའོ།
དེབ་ཐེར་དཀར་པོ་ན་གསུངས་པའི། མཐའ་མི་འགའ་ཞིག་ནི། བོད་སྤྱི་མངས་ཀྱིས་གོ་ཐུབ་པའི་མིང་ཚིག་དག་མེད་པར་བཟོ་བམཁན་ལ་གོ་དགོས་སོ་སྙམ།
་་་་་་་་་་་་ དེབ་ཐེར་དཀར་པོ་ན་གསུངས་པའི། མཐའ་མི་འགའ་ཞིག་ནི། བོད་སྤྱི་མངས་ཀྱིས་གོ་ཐུབ་པའི་མིང་ཚིག་དག་མེད་པར་བཟོ་བམཁན་ལ་གོ་དགོས་སོ་སྙམ། ་་་་་་་་་
ལོ་ཡག་ལེགས།
འདས་སྐུལ་གཉིས་ལ་ཡང་འཇུག་ས། །ཞེས་པར་གོ་བ་ཆེན་པོ་མཆིས། ད་ཡིག་ཡང་འཇུག་ལ་ཡང་གོ་བ་ཤུགས་ཀྱིས་ཐོབ་དགོས། དེ་བས་ན། བཀའ་སློབ་སྩལ་པ། ཞེས་ཡང་དག་པར་སེམས། འོན་ཀྱང་བཀའ་སློབ་སྩལ་བ། ཞེས་པ་དག་པར་འདོད་མཁན་མང་དུ་མཆིས། དེ་དག་གིས་འདི་འདྲའི་རིགས་ལ་དོ་སྣང་མི་བྱེད་སྙམ་མོ།
སྡེ་དགེ་བསྟན་འགྱུར། པོ་ཏི། ཏུ་པ་ཤོག་གྲངས། ༤༩་ན། ནང་དུ་ཆུག་ཅིག ཅེས་པ་ལ་ས་ཡང་འཇུག་མེད་པ་དེ་དག་པ་ཡིན་ནམ། དེ་བཞིན་དུ། ༥༨་པ་ན། ཟུང་ཤིག འདི་ལ་ས་ཡང་འཇུག་དགོས་པ་དེ་ཤིག་ཅེས་པའི་སྒྲ་ཡོད་པས་ཀྱང་རྟོགས་ཐུབ། བཀའ་བསྟན་དག་ན། སྐུལ་ཚིག་ཡང་འཇུག་ས་མེད་པར་ཚིག་གྲོགས་ཤིག་ཡོད་པའི་བྱ་ཚིག་མང་དུ་མཐོང་ངོ་།
་
བཅོ་ལྔ་དང་བཅོ་བརྒྱད་ལྟར། དུགས། དྭགས། དོགས་ལ་གྱུར་་པ་མ་ཡིན་ནམ། དྭོགས། ཞེས་པ་མིང་ཚིག་དག་པོ་མ་ཡིན་ཏེ། བསྟན་དར་ལྷ་རམས་པས། རང་གི་གསུང་འབུམ་དེབ་གཟུགས་མ་ཤོག་གྲངས། ༥༨༠་ན། ཝ་ཟུར་གུག་ཀྱེད་ཅན་ལ་གདགས་སུ་མི་རང་བར་གསུངས། ཀྱེད། ཅེས་པ་ངའི་ཁ་སྐད་དུ་བཀོལ།
བོད་ལ་བཀྲ་ཤིས་ཤིག
ཡང་མྱི་འདིས་((ཞག་ཚིལ་གྱི་རིགས་ཀྱིས(་ཁྲག་སྙིགས་)ཇེ་མང་དུ་བཏང་སྟེ))ཟེར་བ་འདི་བླུན་བཤད་ཁོ་ན་རེད། ཧ་ཧ་ཧ། ཆ་རྒྱུས་མེད་པའི་ཤེས་བྱ་ཡོན་ཏན་ལ་ཤེས་མདོག་མ་བྱས་ན་མི་བཟང་ངམ།
ཨ་ལགས། ལོ་སར་བཟང་།
དགེན་ལ་དྭགས་པ་ལགས། འདིར་ནི་ཁྱེད་ལྟར་ “སྩལ་བ་” ནོར་ཅིང་ “སྩལ་པ་” དག་པར་ང་ཡང་འདོད་དེ། ད་དྲག་ཡོད་པའི་རྒྱུ་མཚན་གྱིས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་ལུགས་སུ་སོང་བའོ། །བཀའ་བསྟན་རྣམས་སུ་ ”སྩལ་ཏོ་” ཞེས་རྫོགས་ཚིག་ ”ཏོ་” སྦྱར་པའི་རྒྱུ་མཚན་ཡང་དེས་ཤེས། ཡང་བཀའ་སྩལ་བར་བྱ་ཞེས་པ་ལྟ་བུའི་སྐབས་སུ། མིང་མཐའ་ ”བ” ཡིག་ཅིའི་ཕྱིར་བྲིས་ཤེ་ན། མ་འོངས་པར་ད་དྲག་མ་ཞུགས་པའི་རྒྱུ་མཚན་གྱིས་རེད།
ཉིད་ཀྱི་འདོད་ཚུལ་ལྟར། སྔར་གྱི་བསྟན་བཅོས་རྣམས་སུ་ “སྩལ་སྩལད་སྩོལ་སྩོལད” ལས་བ་སྔོན་འཇུག་ཅན་མཐོང་དུ་མེད་ཀྱང་། དེང་ཚེ་བ་ཡིག་སྦྱར་ཏེ། “བསྩལ་བར་འགྱུར། སྩོལ་གྱིན་འདུག། བསྩལ་ཏོ” སོགས་ཡོངས་གྲགས་ལྟ་བུར་འབྲི་བཞིན་འདུག འདི་མ་དག་རྒྱུན་འབྱམས་སུ་སོང་བའམ་ཡང་ན་ཆེད་གཉེར་དུས་གསུམ་བྱེ་བྲག་པ་སྤྱི་མཚུངས་སུ་བྱས་པ་གང་ཡིན་རྟོགས་དཀའ། གལ་སྲིད་རྒྱུ་མཚན་ཞིག་སྨྲ་རྒྱུ་མེད་ན་ནི་སྔོན་གྱི་ལུགས་ལྟར་བྲི་ན་དགེ་མཚན་ཆེ་སྙམ།
“དོགས་” དུགས་ལས་བྱུང་བར་འདོད་ན་ “དུགས” ཀྱི་དོན་ཅི་ཡིན་ནམ། གུས་པས་བལྟས་ན་དེ་འདོད་རྒྱལ་གྱི་སྒྲ་ཞིག་རེད་སྙམ། ཉིད་ཀྱི་འདོད་ལུགས་ལྟར་དུ་ཡང་ཡིན་མི་སྲིད་པ་མིན། གང་ལྟར་ད་ལྟའི་ཆར་མ་དག་རྒྱུན་འབྱམས་སུ་སོང་སྟེ། ཐ་ན་དེབ་རྒན་དག་གི་ཁ་བྱང་དུའང་བ་ཟུར་ཅན་བྲིས་པ་མཐོང་། ཝ་ཟུར་གུག་ཀྱེད་ཅན་ལ་གདགས་སུ་མི་རུང་བར་གསུངས་པ་ལེགས་བཤད་དུ་སྣང་། །