རྩོམ་སྒྲིག་པའི་གཏམ།
ལོ་གསར་བ་འདི་ཚེས་ན། ངའི་གྲོགས་པོ་ལོ་བཞི་བཅུ་ཞེ་ལྔ་རེད། ངའི་གྲོགས་པོ། རང་གི་ཕ་ཡུལ་བོད་དང་ཁ་བྲལ་དུས། ལོ་ཉི་ཤུ་རྩ་གྲངས་རེད། ངའི་གྲོགས་པོ་རྒྱའི་བཙན་འོག་ནས་བྲོས་བ་རེད། རང་གི་ཕ་མ་དང་གཉེན་ཉེ་བཞག་ནས་བྲོས་བ་རེད། ངའི་གྲོགས་པོ་བྲོས་ཡོང་དུས། ངའི་གྲོགས་པོས་དབུ་མའི་ལམ་ངོ་མི་ཤེས། མི་རིགས་རང་སྐྱོང་ཡང་ངོ་མི་ཤེས། འོན་ཀྱང་། ངའི་གྲོགས་པོས་རང་བཙན་ངོ་ཤེས་། སྐབས་དེ་དུས་ནས། ངའི་གྲོགས་པའི་སེམས་ན། རང་བཙན་གྱི་མེ་ལྕེ་དེ་འབར་བཞིན་ཡོད། ཡིན་ན་ཡང་། ངའི་གཞུང་དང་ངའི་དབུ་འཁྲིད་ཀྱིས། རང་བཙན་དེ་རང་དབང་ལ་བརྗེས་སོང་། རང་དབང་ལ་བརྗེས་ནས་ལོ་ངོ་སུམ་ཅུ་ལྷག་ཕྱིན་སོང་། ལོ་ངོ་སུམ་ཅུ་འདིའི་རིང་ལ། ངའི་གཞུང་དང་དབུ་འཁྲིད་ཀྱིས། རང་བཙན་རྩོད་པ་ལས་རང་སྲིད་རང་སྐྱོང་ཞིག་བརྩད་ན་རེ་བ་ཆེ་ཚུལ་གླེང་སོང་། ད་དུང་། རང་སྲིད་རང་སྐྱོང་དེ་གཉིས་སྨན་ཡིན་ཚུལ་གླེང་སོང་། གླེང་བ་ཙམ་མ་ཡིན་པར། དེའི་སྒང་ལ་དུས་ཚོད་ཚང་མ་བཏང་སོང་། དུས་ཚོད་བཏང་བ་ནང་བཞིན་གྲུབ་འབྲས་བྱུང་མ་སོང་། ད་། ཡོང་རྒྱུ་མེད་པ་དེར་སྒུག་པ་ལས། ལོ་གསར་བ་འདི་དང་མཉམ་དུ། རང་བཙན་གྱི་མེ་སྦར་ན་མི་དགའ་འམ།
ངེད་ཀྱི་གྲོགས་པོ། བྱིས་བ་གཉིས་ཀྱི་ཨ་ཕ་ཡིན། ངེད་ཀྱི་གྲོགས་པོའི་སེམས་ན། ད་དུང་ཡང་རང་བཙན་གྱི་མེ་ལྕེ་དེ་འབར་བཞིན་ཡོད། ལུང་པར་རང་བཙན་མེད་ན། ཨ་རིར་སླེབས་ན་ཡང་། གཞན་གྱི་གཡོག་པོ་ཡིན་པ་། ངེད་ཀྱི་གྲོགས་པོས་མཁྱེན་གི་ཡོད། ལུང་པར་རང་བཙན་མེད་ན། རང་གི་བྱིས་བ་གཉིས་ལ་། ཕ་ཡུལ་ཟེར་ནས་སྤོབས་པ་བྱེད་ས་ཞིག་མེད་པ། ངེད་ཀྱི་གྲོགས་པོས་མཁྱེན་གི་ཡོད། ཉེ་ཆར་རང་། ངེད་ཀྱི་གྲོགས་པོ་དང་ལོ་མཉམ་ཞིག རང་བཙན་གོམ་བགྲོད་ཀྱི་ལམ་བར་དུ། འདས་གྲོངས་སུ་ཕྱིན་ཡོད། རང་བཙན་གོམ་བགྲོད་པ་ཁོང་ནི། རང་བཙན་འཐབ་རྩོད་པ་གྲགས་ཅན། ལྟག་མཚར་རིན་པོ་ཆེའི་སྲས་ཆུང་བ་འཇིགས་མེད་ནོར་བུ་རེད། རང་བཙན་རྩོད་མཁན་ཞིག་འདི་ལྟར་གྲོངས་ན། ཕངས་སེམས་ཞིག་མི་འདུག་གམ། ད་། དབུ་མའི་ལམ་ཟེར་ནས་ཨུ་ཚུགས་རྒྱག་པ་ལས། ལོ་གསར་བ་འདིའི་ནང་དུ། རང་བཙན་གྱི་མེ་སྦར་ན་མི་དགའ་འམ།
ཕྱི་ལོ་ཉིས་སྟོང་བརྒྱད་ལོར། བོད་ནང་གི་བོད་མི་རྣམས་ཡར་ལངས་བྱས་སོང་། རང་གི་སྲོག་ཚུན་ཆད་བློས་བཏང་ནས་ཡར་ལངས་བྱས་སོང་། ཡར་ལངས་བྱེད་མཁན་འདི་ཚོའི་ནང་ན། ལྔ་བཅུ་ང་དགུ་མ་གོ་མཁན། བརྒྱད་ཅུ་གྱ་གྲངས་མ་མཐོང་མཁན་ཡང་འདུག ཡར་ལངས་འདིའི་གདོང་གི་དོན་དག་ངོ་མ་དེ་། རྒྱའི་བཙན་འོག་ནས་འདུག་འདོད་མེད་པ་དེ་རེད། གྲོང་གསེབ་ཀྱི་བྱིས་བ་སྣབས་ལུག་ཞིག་ཡིན་ན་ཡང་། རྒྱ་ལབ་ན་རང་གི་དགྲ་ཡིན་བསམ་པ་མ་གཏོགས། རང་གི་གཉེན་ཡིན་བསམ་པའི་ཚོར་བ་དེ་མེད་པ་རེད། ནང་མི་གཅིག་ནས། ཕ་བསད། ཕུ་བོ་བཙོན་ལ་བཅུག མ་སྡུག་བསྔལ་གྱིས་མནར་ན། གསོད་མཁན་ལ་མགོ་སྒུར་ནས་འདུག་ན་འདོད་གི་རེད་དམ། གྲོས་མོལ་ཟེར་ནས་། ཡོང་རྒྱུ་མེད་པའི་ཡིག་ཆའི་ལས་ཀ་དེས་མ་བུའི་ཁོག་གི་སྡུག་བསྔལ་སེལ་གི་རེད་དམ། ང་ཚོའི་འཐབ་རྩོད་འདི་ཡང་། འགྲོ་བ་མིའི་སྐྱིད་སྡུག་གི་འཐབ་རྩོད་ཅིག་རེད་མ་གཏོགས། འདི་ཐར་བ་དང་ཐམས་ཅད་མཁྱེན་པའི་རྩོད་པ་ཞིག་མ་རེད་།
ད་ལོ་ནས་བོད་ནང་ན། ལོ་གསར་འདི་ཡང་། རྒྱའི་འོག་ནས་གཏོང་འདོད་མེད་པའི་རྣམ་འགྱུར་དེ་ཡོང་གི་འདུག ད་། ལོ་གསར་བའི་ནང་། རང་བཙན་གྱི་མེ་སྤར་ཅིག ཨེ་ཇིབ་དུ། ཉིན་བཅོ་བརྒྱད་ནང་གཞུང་མགོ་རྟིང་བསློགས་པ་བཞིན། བོད་ཕྱི་ནང་གཉིས་ནས། ལོ་གསར་བའི་ནང་ལ། རང་བཙན་གྱི་མེ་སྦར་ཅིག
ཁ་བརྡའི་རྩོམ་སྒྲིག་པ་དང་ཁ་བརྡའི་དྲ་ཐོག་གི་རྩོམ་པ་པོ་ཀློག་པ་པོ་ཡོངས་སུ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ།
གངས་རིའི་བུ་ཡི་ཆིག་སྒྲིལ་དཔང་པ་གནམ་ལྕགས་བཞིན་དུ་སྲ་བར་ཤོག
གངས་རིའི་བུ་ཡི་རྒྱལ་གཅེས་སེམས་པ་ཡར་ངོ་ཟླ་ལྟར་འཕེལ་བར་ཤོག
གངས་རིའི་བུ་ཡི་མི་རིགས་ལ་རྒྱ་དབྱར་གྱི་ཆུ་ལྟར་རྒྱས་བར་ཤོག
གངས་རིའི་བུ་ཡི་རང་དབང་རང་བཙན་གསར་ལོ་འདིའི་ནང་ཐོབ་བར་ཤོག
ཨ་རོ་ཁྱོའོའི་གྲོགས་པོ་དེ་སུ་རེད། ཁོ་ཡང་རང་བཙན་ལབ་ནས་རང་ཁ་གསོ་མཁན་ཁྲོད་ཀྱི་གཅིག་ཡིན་ལེ་ཨེ་རེད། གང་ལྟར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཡོད།
ཤར་དཀྱིལ་གླིང་གི་མེ་ཏོག་གསར་བརྗེ་ཡ་གླིང་ཤར་ན་འབུས་མགོ་བཙུགས།།
རྡ་སའི་འོས་བསྡུའི་དམངས་གཙོའི་ཚ་རླབས་ཉི་མ་ལྷ་སར་མཆེད་ལ་བྲེལ།།
འཇམ་མཉེན་དྲ་རྒྱ་འཐེན་ཤུགས་འོག་ནས་རྒྱ་ནག་ལྕགས་རི་ཡོམ་ཡོམ་འགུལ།།
འདི་ཡང་རེ་བའི་ལོ་ཞིག་ཡིན་པ་སྟབས་སྙིང་རུས་སྐྱེད་ཅིག་གདོང་དམར་བ།།
རྨུ་ཐག་ཀླད་ཀྱི་ས་ཁོངས་རང་སྐྱོང་དགུ་བཟློག་གླུད་ཀྱི་ཚབ་ལ་རྫོངས།།
རང་སྣང་དག་པའི་གཉིས་སྨན་དབུ་མ་ཨ་མ་སྤྱང་མོའི་རྣ་ཙོར་བྱོས།།
བག་ལ་ཞ་བའི་རང་བཙན་སེམས་མཆོག་མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག།
འདི་ཡང་རེ་བའི་ལོ་ཞིག་ཡིན་སྟབས་སྙིང་རིས་སྐྱེད་ཅིག་གདོང་མདར་བ།།
བློ་ལྡན་ཡོས་ཀྱི་གྲུང་ཤ་ཡོད་ན་རང་བཙན་ལམ་ལ་ཤར་བསྐྱོད་གནོངས།།
སྲ་འཁྲེགས་ལྕགས་ཀྱི་འབྱུང་བ་ལྡན་ཚེ་སྡང་བའི་དགྲ་བོའི་གདོང་ལ་བུད།།
ཁ་བརྡ་རྒད་པོའི་སེམས་གཏམ་འདི་གོ་བློ་མཐུན་ཡོངས་ཀྱི་ལོ་རྒྱལ་ཏེ།།
འདི་ཡང་རེ་བའི་ལོ་ཞིག་ཡིན་སྟབས་སྙིང་རིས་སྐྱེད་ཅིག་གདོང་དམར་བ།།
བག་ལ་ཞ་བའི་རང་བཙན་རེ་མ་སྐྱེས་མ་རྣམས་སྐྱེས་གྱུར་ཅིག
ཀིརྟི་སྐྱབས་ལགས།
དེང་སྐབས་རང་བཙན་གྱིས་ཁ་གསོ་བཞིན་ཡོད་ན།
དབུ་མའི་ལམ་གྱི་རྐུབ་སྟེགས་དང་མདུན་ལམ་ཇི་སྙེད་ཅིག་རག་གི་ཡོད་པ་མ་ཡིན་ནམ།
དེ་མིན་ན་རང་བཙན་རྩོད་རྒྱུ་མིན་ཟེར་ནས་དགྲ་བོ་རྒྱ་དམར་པོའི་དམ་བཅའ་བཞིན་
འཇོག་དགོས་ཨེ་ཡོད་ན།
མདོ་ཁམས་ཆུ་བཞི་སྒང་དྲུག་ཨ་མདོ་དང་བཅས་པའི་སྔོན་བྱོན་དཔའ་
བོ་དེ་ཚོས་རང་སྲོག་བཏང་བ་དེ་ལོ་རྒྱུས་ཀྱི་ནག་ཉེས་ཤིག་ཏུ་གྱུར་ཟིན་པ་རེད་དམ།
ཁོང་རྣམ་པས་གཟིགས་བཞིན་ཡོད་ན། ཐུགས་སེམས་སྐྱོ་རྒྱུ་མ་རེད་དམ།
རང་བཙན་དང་དབུ་ལམ་དབར་ལ་འགལ་བ་དེ་འདྲ་འཛིན་དགོས་འདུག་གམ།
འདི་ཐམས་ཅད་རྒྱ་འདྲེ་དམར་པོས་ཆོ་འཕྲུལ་རེད། གོ་ཨེ་བྱུང་གདོང་དམར་བོད།
འདི་ཐམས་ཅད་རྒྱ་འདྲེ་དམར་པོས་ཆོ་འཕྲུལ་རེད། གོ་ཨེ་བྱུང་གདོང་དམར་བོད།
འདི་ཐམས་ཅད་རྒྱ་འདྲེ་དམར་པོས་ཆོ་འཕྲུལ་རེད། གོ་ཨེ་བྱུང་གདོང་དམར་བོད།
འདི་ཐམས་ཅད་གཞན་ལ་ལྟ་བའི་མིག་ཡོད་ཀྱང་།
རང་ལ་ལྟ་བའི་མེ་ལོང་མེད་པས་སྐྱོན་གྱིས་རེད།
ཨ་རོ་ག་ལེར་ཀློག་གི་ཡིན།
ལོ་གསར་བའི་ནང་སྔར་ལས་ལྷག་པའི་གཞིས་བྱེས་མཉམ་འཛོམས་ཡོང་ཐབས་ལ་འབུངས་ཤིག།རང་བཙན་གྱི་སྒྲ་ཙམ་ལ་མ་ཆགས།འདི་ལ་ལམ་ཁ་ཞིག་མེད་པ་ལོང་བའི་མཐོང་གསལ་རེད།
ལོ་གསར་བའི་ནང་སྔར་ལས་ལྷག་པའི་དབུ་མའི་ལམ་ལ་བརྟེན་ནས་ཆེས་མཐོའི་རང་སྐྱོང་རེག་ཐབས་ལ་འབུངས་ཤིག།རང་བཙན་གྱི་སྒྲ་ཙམ་ལ་མ་ཆགས།འདི་ལ་ཉན་མཁན་ཞིག་མེད་པ་ཡོངས་གྲག་རེད།
ལོ་གསར་བའི་ནང་སྔར་ལས་ལྷག་པའི་༧གོང་ས་མཆོག་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་དུ་ཕེབས་ཐུབ་པར་འབུངས་ཤིག།རང་བཙན་གྱི་སྒྲ་ཙམ་ལ་མ་ཆགས།འདིའི་ཐད་ལ་བརྩོན་མཁན་ཞིག་མེད་པ་ཤེས་གསལ་རེད།
ལོ་གསར་བའི་ནང་གཞིས་བྱེས་བར་འབྲེལ་ལམ་ཇེ་བཟང་དུ་ཡོང་བའི་མེ་སྒྲོན་ཤོག
ལོ་གསར་བའི་ནང་གཞིས་བྱེས་གཉིས་ཀྱིས་རང་གི་ངོ་བོ་སྔར་ལས་ལྷག་པར་བདག་རྒྱོབས་ཤོག
ལོ་གསར་བའི་ནང་བོད་མི་ཡོངས་ཀྱིས་མཐུན་སྒྲིལ་ཐད་སྔར་ལས་ལྷག་པར་འབུངས་ཤོག
ཨ་རོ། མིག་བཤེར་ཅིག་བྱས་པ་ཡིན་མོད། ད་དུང་ཀློག་དགོས་ཀྱི་འདུག ཁོམ་པ་བྱུང་མཚམས་ལྷོད་ལྷོད་ཀྱིས་ཁ་བརྡ་བྱེད་ཡ།
ཕ་མ་དང་ཕ་ཡུལ་བྲལ་ནས་ལོ་ངོ་དུ་མར་འདས། ལོ་གསར་པ་ཤར་ཚེས་རེ་ལ་རེ་བའི་ཕུག་བསམ་རེ་བཅངས། མི་ལོ་བཞི་བཅུ་འདས་སོང་། ཕ་མ་རྒན་རྒོན་ལ་ཁའི་ཉི་མ་འདྲ་གསོད་ཟད་ང་རང་ས་མཐའི་ཡུལ་ལ་གྱར།
རབ་བྱུང་ ༡༧ ལྕགས་མོ་ཡོས་ཀྱི་གནམ་ལོ་གསར་བཞད་ལ་བཀྲ་ཤིས་བདེ་ལགས་གྲངས་མང་ཞུ།
ང་ཚོ་ལ་རང་བཙན་མི་དགོས་པ་མ་རེད་དེ་མ་ལོན་པ་རེད། གང་ལྟར་ཀྱང་ད་ནི་བོད་ནང་དུ་ལོག་རྒྱུའི་གོ་སྐབས་སྤྲད་རོགས་གྱིས་རྒྱ་མའི་ཁྲིམས་ལ་བརྩི་བསྲུང་ཞུ་རྒྱུ་ཡིན་ཟེར་བ་ཙམ་ལས་ལྷག་མེད། གང་ལྟར་ཡང་འུ་ཐུག་དང་ཐབས་ཟད་ཀྱི་གནས་སྟངས་སུ་སླེབས་པ་རེད། བོད་མའི་དཔའ་མོ་དང་དཔའ་བོ་ཚོའི་སྙིང་ཁམས་དང་འཇོན་ཐང་དེ་མངོན་པའི་དུས་རབས་མ་སླེབས་པ་རེད་དམ་ཡང་ན་ཡོལ་ཟིན་པ་གང་ཡིན་ཐེ་ཚོམ་རེད། མཁྱེན་དགོས་པ་ཞིག་ལ་བོད་མི་རང་བཙན་དང་དབུ་མའི་ལམ་གང་ཞིག་རྩོད་ཀྱང་བོད་མིར་བདེ་སྐྱིད་ཀྱི་གཞི་མ་ཞིག་དགོས་པ་རེད། དེ་ལྟར་མ་བྱུང་ན་དེ་སྔོན་ཡན་ཆད་རང་བཙན་ཐོབ་ལ་ཉེ་མདོགས་ཀྱིས་སྐད་འབོད་མང་དུ་བྱས་ནས་མི་མང་མང་པོའི་ཚེ་སྲོག་དང་ཐོབ་ཐང་ཤོར་རྗེས། ད་རང་བཙན་མི་རྩོད་རང་དབང་རྩོད་ཅེས་པ་ལྟར་གྱུར་ན་མཐར་ཚེ་སྲོག་དང་རྒྱུ་ནོར་གྱི་འགྲོ་སོང་གཏོང་མཁན་མང་པོ་ཞིག་གི་སེམས་ཁོང་སྟོང་ཟད་དུ་འགྱུར་རྒྱུ་ལས་མེད། ང་ཚོ་བོད་མི་ཚོ་སྔོན་ནས་ད་ལྟའི་བར་དུ་གཞན་གྱིསརོགས་སྐྱོར་ལ་རེ་བཅོལ་ནས་སྒུག་སྡོད་རྒྱུའི་གོམས་གཤིས་ཤུགས་ཆེན་ཞིག་ཡོད། དཔེར་ན་བོད་སིལ་བུའི་སྐབས་རྣམས་སུ་ནང་ཁུལ་མི་མཐུན་པ་བྱུང་ཚེ་རྒྱ་ནག་གི་རྒྱབ་སྐྱོར་བསྒུགས་ནས་བསྡད་ཡོད། ད་སྐབས་ཡང་རྒྱ་དམར་ལ་སྐད་འབོད་དང་ངོ་རྒོལ་བྱེད་རྒྱུ་ལས་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབས་རྣམས་ཀྱིས་རྒྱབ་སྐྱོར་ལ་རེ་བ་ཆེན་པོ་བྱེད་བཞིན་ཡོད། དེང་དུས་དཔལ་འབྱོར་གྱི་དུས་རབས་འདིར་རྒྱལ་ཁབས་སུ་འདྲ་ཞིག་ཡིན་རུང་དཔལ་འབྱོར་དང་ཁེ་བཟང་གང་ཆེའི་རྗེས་སུ་བརྙེགས་རྒྱུ་ནི་ཕྱི་གསལ་ནང་གསལ་གྱི་གནས་ཚུལ་ཞིག་ཡིན། རྒྱ་ནག་གཞུང་འཛམ་གླིང་གི་རྒྱལ་ཁབ་ཕྱུག་ཤོས་ཨང་གཉིས་པར་ཟིན་པ་དེས་ང་ཚོར་ཞེན་སྣང་གསར་པ་ཞིག་སྤྲད་པ་རེད། ངས་བལྟས་ན་ང་ཚོར་རེ་བ་གསུམ་ལས་མེད།
རེ་བ་དང་པོ་དེ་རྒྱ་གཞུང་གི་ཁྲིམས་ལ་བརྩི་བསྲུང་བྱས་ནས་བྱེས་སྡོད་བོད་མི་འགྲོ་འདོད་པ་རྣམས་བོད་ནང་དུ་ཕྱིར་ལོག་ནས་རྒྱ་ནག་གི་མི་མང་སྤྱི་མཚུངས་ལྟར་འཚོ་བའི་གནང་སྟངས་ཤིག་ལས་རང་དབང་དང་རང་བཙན་སོགས་སོགས་ཀྱི་སྐད་ཆ་ཁག་མཚམས་འཇོག་རྒྱུ་རེད།
རེ་བ་གཉིས་པ་དེ་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་རེ་བ་བཅོལ་རྒྱུ་བཞག་ནས་བོད་མི་ཡོངས་རྫོགས་གཅིག་འགྱུར་ཐུབ་ཐབས་བྱས་ཏེ་ཚེ་སྲོག་དང་ཁྲག་གི་ལོ་རྒྱུས་བསྲུན་ནས་བོད་མིའི་རང་དབང་སླར་གསོ་མ་ཐུབ་བར་དུ་རྒྱ་མི་སྡོད་ཟུགས་གཏན་ནས་མི་བདེ་བ་ཞིག་བཟོ་རྒྱུ་རེད།
རེ་བ་གསུམ་པ་དེ་ནི་སྔོན་ལྟར་བཙན་བྱོལ་བོད་གཞུང་འདི་ཉིད་ཀྱི་འཆར་འགོད་རྒྱུན་སྐྱོང་བྱས་ཏེ། འཛམ་གླིང་སྤྱི་དང་ཡང་དགོས་རྒྱ་ནག་གི་འགྱུར་བ་ལ་ཡིད་སྨོན་དང་འབྲེལ་བོད་མིའི་ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་ལ་སྲུང་སྐྱོབས་བྱས་ནས་སྡོད་རྒྱུ་རེད།
དབང་འདུས་ལགས་ཀྱི་གསུང་པ་དེ་སྔོན་པར་སྟོད་དོ།
རེ་བ་དང་ཡིད་ཆེས་ཟེར་བ་འདི་ང་ཚོ་སོ་སོའི་ཐོག་ནས་ཡོང་དགོས་པ་རེད་དྲན། ཐབས་ལམ་ཁྲི་མ་འབུམ་ཡོད་སྲིད། འོན་ཀྱང་རེ་བ་དང་ཡིད་ཆེས་ཟེར་བ་སོ་སོའི་ཐོག་ནས་སྲ་ཐག་ཐག་ཅིག་དགོས་པ་འདྲ། འདི་ང་ཚོ་རང་སྟེང་ནས་འཛིན་དགོས་རྒྱུ་ཞིག་ལས་ གཞན་ལ་བརྟེན་དགོས་པ་ཞིག་མིན་འདྲ། རང་ཉིད་ཀྱིས་རང་ཉིད་ལ་རེ་བ་བྱོས། རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་བྱོས། འདི་གལ་ཆེན་པོ་ཡིན་པ་འདྲ་འདུག
རང་བཙན་སྐད་འབོད་ཉེན་ཁ་མེད་སར་བྱས།།
རང་ཡུལ་ཕྱོགས་ཀྱི་ཁ་ལག་མཉམ་ཐོན་རེད།།
ཕྱི་ལ་བྲོས་དེ་སྡར་མ་ང་ཚོའི་རིགས།།
ཁ་ཕོ་ཐོན་ནོ་བསམ་ན་བསམ་པ་སྡུག།
འདི་ཡི་ཁྲོད་དུ་སྡར་མ་ང་ཡང་ཡོད།།
དགེ་འདུན་རབ་གསལ་འདི་ལོ་ལོན་གྱིན་ལོན་གྱིན་ཨུ་ཚུགས་ཆེ་རུ་ཆེ་དུ་འགྲོ་བཞིན་ཡོད་པ་འདྲ།དོན་དངོས་ལ་བལྟ་དགོས་པ་ལས་ཡིད་ཆེས་དང་རེ་བ་ཟེར་བ་འདི་ཚོ་རང་སེམས་ཀྱི་བདེ་བ་ཞིག་ཡིན་ན་གཏོགས་དོན་དངོས་སུ་ཆགས་ཀྱི་མེད།ངས་ནི་རབ་གསལ་གྱི་རྩོམ་ཐུང་འདིར་བལྟས་དུས།ཕ་ཡུལ་གྱི་རྒན་པོ་རྒྱུ་མཚན་འགྲོ་ས་མེད་དག་དང་ཆུ་སྒང་གི་རྒན་པོ་ལོ་ལོན་ཨུ་ཚུགས་ཅན་ཚོ་དྲན་ཡོང་གི་འདུག
ཐོག་མར་རྩོམ་སྒྲིག་པའི་གཏམ་འབྲི་མཁན་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ཕལ་ཆེར་ཚིག་སྦྱོར་ལ་བལྟས་ན་ཨ་ཕ་ཡིན་ས་རེད། གཉིས་པ། ལོ་གསར་བའི་ནང་དུ་རང་བཙན་གྱིས་མེ་འབར་ན་ཡང་ས་རྒྱ་ནག་ནས་དམག་ཕྱོགས་པས་ཆུ་བླུག་ནས་གསོད་རྒྱུ་རེད་བསམ། དེ་ནི་ཉེ་ཆར་དང་འདས་ཟིན་གང་ལ་བལྟས་ན་ཧ་གོ་ངེས་རེད། རང་བཙན་ལ་རེ་བ་མི་རྒྱག་མཁན་གྱི་བོད་རིགས་ཤིག་ཡོད་རྒྱུ་མ་རེད་དྲན། འོན་ཀྱང་། གནས་སྐབས་དང་མཐར་ཐུག་གི་གྲུབ་འབྲས་ལ་བལྟ་དགོས་པ་རེད། ཁོང་གིས་ཀྱང་དེ་ལྟར་དབུ་མའི་ལམ་གྱི་མེ་ཏོག་འདི་ལ་ཆུ་གཏོར་ནས་གཙང་སྦྲ་ཡང་ཡང་བྱས་པ་རེད། ལོ་རྒྱུས་ཀྱི་ངོས་ཐད་ནས་རང་བཙན་འདོད་ཀི། ད་ལྟའི་གནས་བབས་ལ་དབུ་མའི་མཁོ་གི འགྱུར་རྡོག་འགྲོ་རན་དུས་གང་ཡིན་ན་བརྗེ་སྤོར་བྱེད་རྒྱུ་གལ་ཆེན་རེད་བསམ་གི
ང་དགུན་ལོའི་དཔྱིད་ཟླ་དང་འགྲོགས་ནས་ཤར་ཕྱོགས་ཀྱིས་འབྲུག་སྐད་ཞིག་དྲག་ཆར་དང་གློག་དམར་ཁྲོད་ངར་གྱིས་གྲགས་ཐང་གཅིག་གི། ངའི་རང་བཙན་གྱི་མེ་ལྕེ་རླུང་གིས་ཁྱེར། ངའི་རང་དབང་གི་ཉི་མ་སྤྲིན་པའི་བསྒྲིབས། དུས་དེ་ནས་བཟུང་ངའི་ཕ་གཞིས་སྨུག་པོ་དྲོད་ཀྱི་སྟོང། ངའི་ཕ་མ་སྤུན་ཟླ་གྲང་ལྟོག་གྱིས་མནར། ལ་ལ་གྲང་ནས་ཤུ། ལ་ལ་ལྟོག་ནས་ཤུ། ལ་ལས་དྲག་རླུང་དང་འཐམས་ནས་ཤུ། ལ་ལས་རང་བཙན་གྱི་མེ་ལྕེ་ཏེ་འཚོལ་ཕྱིར། ལོ་ངོ་བཞི་བརྒྱའ་གཟིམ་མ་མྱོང་བའི་དགའ་ལྡན་ཕོ་བྲང་གི་མར་མེ་ཚེ་འབར་དེས་འོད་ངོགས་ལ་བརྟེན་ཏེ་གཞན་ཏུ་ཆེས། ཉིན་དེ་ནས་བཟུང་དུས་ད་བར་ཏུ་མི་ལོ་བཞི་བརྒྱའ་ངང་གི་འདུས། ང་ཚོའི་འཛམ་གླིང་གི་ཡུལ་གྲུ་གང་སར་བཙལ་ཡང། ང་ཚོས་འཚོལ་བཞིན་པའི་རང་བཙན་གྱིས་མེ་ལྕེའི་འོད་ངོགས་ཙམ་ཡང་མཐོང་ཐོས་མ་བྱུང། འོན་ཀྱང་ང་ཚོས་སྔར་འཚོལ་མྱོང་ལ་ད་དུང་འཚོལ་ངེས་ཡིན། འཇིག་རྟེན་འདིརའཚོ་བའི་སྣོད་བཅུད་གང་ཞིག་འབྱུང་བཞི་་གང་རུང་དང་བྲལ་ན་འཚོལ་ཐབས་མེད་པ་ཇི་བཞིན་ང་ཚོ་ཡང་འཆི་མི་འདོད་པ་དང་གསོན་འདོད་པའི་སེམས་ཁམས་དེ་གྲུབ་ཡོད་པས་ང་ཚོས་སྔར་བཞིན་འཚོལ་དགོས། སྤུན་ཟླ་ཚོ། མར་མེ་ཚེ་འབར་དེས་འོད་ངོགས་ནས་ང་ཚོ་གནས་སྐབས་ཁ་རྒྱབ་ཙམ་འཁྱོལ་ཡང། མར་མེ་ཚེ་འབར་ཏེ་ཚེ་འབར་ཡིན་མི་སྲིད། ཁྲི་ལོར་སྟོང་ལོར་རྟག་བརྟན་ཤོག་ཞེས་བ་ནི་དོན་དངོས་དང་འགལ་བའི་རྨོངས་དད་ཀྱིས་བཞགས་པའི་བཤད་སྟངས་ཤིག་ཡིན་པ་ནམ་ཡང་ངེས་དགོས །དེ་བས་ སྤུན་ཟླ་ཚོ ཁ་དབྱངས་ཙམ་ལ་རྣ་བ་གཏོད་དེ་སྡོད་ཁོམ་ཡེ་ནས་མེད། ཏ་ལྟ་ཉིད་དུ་ལམ་ལ་ཆེས་ཤིག
བསམ་ཚུལ་གསུང་མཁན་ཚང་མར་བཀའ་དྲིན་ཆེ། ངེད་ཀྱིས་རྩོམ་འདིར། མི་སྒེར་བ་ཞིག་གི་མི་ཚེ་དོན་གྱི་སྐུད་པར་བརྒྱུས་ནས། སྤྱི་བའི་གནད་དོན་ཞིག་གླེང་བ་ཡིན། ངེད་ཀྱིས་ལྟ་བའི་སྐད་ཆ་བཤད་གི་མེད། མངོན་འདོད་ཀྱི་གནད་དོན་བཤད་གི་ཡོད། བོད་མི་མང་གི་མངོན་འདོད་ངོ་མ་དེ་ག་རེ་རེད། མངོན་འདོད་དེ་ལ་ཆོད་སེམས་ཡོད་དམ། སང་ཉིན་། གོང་གི་བསམ་ཚུལ་དེ་ཚོར་ལན་འབྲི་གི་ཡིན།
ལོ་གསར་གི་ཉིན་གཉིས་པའི་ཉིན་མཇུག་ཡག་པོ་ཡོང་བར་ཤོག
ལོ་སར་ཚེས་གསུམ་པ
ཞོགས་པའི་ཉི་ཟེར་འཕྲོས
གནམ་གཤིས་དྭངས
གྲོགས་པའི་ཚོའི་སེམས་ཁམས་སྐྱིད
ཁང་ཆུང་ནང་
དུ་བས་ཁེངས་ཤིང་
ད་དུང་ཉལ་སར་ཙོག་པུར་
རང་བཙན་གྱི་མེ་སྦར་ཅིག
ཞེས་སྐད་སྒྲ་སྒྲོག
རིག་འབྱུང་དོན་གྲུབ་ལགས། བོད་མི་རིགས་ཀྱི་འདོད་དོན་དེ་རང་བཙན་ཡིན་པ་བཤད་ཅི་དགོས། འོན་ཀྱང་དེ་ནི་གནས་སྐབས་རིང་རྩོད་དཀའ་བ་ཞིག་ཏུ་གྱུར་ཡོད། མ་ཟད་བོད་རང་བཙན་ཞིག་ཐོབ་པའི་དབང་དུ་བཏང་ནའང་བོད་ཀྱིས་རེ་བ་དང་འབྲེལ་བ་ཞུ་ས་གཙོ་བོ་དེ་རྒྱ་ནག་འགྱུར་རྒྱུ་ཉག་གཅིག་ཡིན་པར་བསམ། སྤྱིར་རྒྱ་ནག་གི་ཁྲིམས་དང་སྒྲིག་གཞི་ལ་འགྱུར་བ་ཞིག་མ་སོང་བར་དུ་བོད་ཀྱི་གནད་དོན་རང་བཙན་དུ་བསྐྱོད་རྒྱུ་ཧ་ཅང་ཁག་པོ་རེད། རྒྱ་མའི་གཞུང་ལ་འགྱུར་བ་ནམ་ཞིག་འགྲོ་མིན་སུས་ཀྱང་བཤད་དཀའ་བ་ཞིག་རེད། མྱུར་དུ་འགྲོ་སྲིད་ལ་ཡུན་རིང་པོ་རྗེས་སུ་འགྲོ་སྲིད། གདོད་མའི་སྤྱི་ཚོགས་ནས་དེང་རབས་ཀྱི་སྤྱི་ཚོགས་བར་འཛམ་གླིང་ཡོངས་སུ་འགྱུར་བ་རབ་དང་རིམ་པ་ཞིག་སོང་བ་བཞིན་འགྱུར་བ་འགྲོ་རྒྱུ་གཏན་འཁེལ་བ་ཡིན། ད་དུང་སྡུག་ཕྱོགས་དང་བཟང་ཕྱོགས་གང་དུ་འགྱུར་ཡང་བཤད་དཀའ། སྤྱིར་འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ལ་བལྟས་ན་རྒྱལ་ཁབ་རྣམས་གཅིག་གྱུར་དང་མཐུན་སྒྲིལ་གྱི་གོང་བུར་གྱུར་བཞིན་པ་དེས་བོད་མི་རིགས་ཟུར་དུ་བཅད་ཀྱང་དགོས་པ་དང་རྒྱུ་མཚན་ཆེན་པོ་ཞིག་ཨེ་ཡོད། མདོར་ན་ང་ཚོར་དགོས་པ་དེ་བདེ་སྐྱིད་དང་རང་དབང་རེད། རང་བཙན་དང་དབུ་མའི་ལམ་གཉིས་མིན་པའི་ལམ་ཁ་གཞན་ཞིག་བརྒྱུད་དེ་རང་དབང་དང་བདེ་སྐྱིད་ཀྱི་གོ་སྐབས་འཚོལ་ཐབས་ཡོད་པ་མཐོང་ཐུབ། འོན་ཀྱང་ལམ་ཁ་དེར་བསྐྱོད་རྒྱུར་བསྐུལ་ན་བོད་གཞུང་དམངས་གཉིས་ཅུང་ངོ་ཚ་བ་དང་། མཁྲེགས་འཛིན་གྱི་ལྟ་བའི་འོག་ནས་ཕྱིར་མི་འཐོན་པ་མ་ཟད། དེ་ལྟར་བསྐུལ་མཁན་དེ་རྒྱ་ནག་པོའི་རྒྱུགས་ཁྱིར་སྒྲོག་སྲིད་པའི་རེ་ཞིག་དབུ་མའི་ལམ་དང་། རང་བཙན་རང་དབང་བདེན་པའི་ཨུ་ཚུགས་སོགས། དཀོན་མཆོག་ལྟ་བུའི་མི་དེ་ཚོས་བཟོས་ཟིན་པའི་ཚིག་རྣམས་བསྐྱར་བཟློས་བྱས་ནས་སྡོད་རྒྱུ་ལས་ཐབས་གཞན་མེད། དེ་ནི་བོད་གཞུང་དང་གཞུང་འཛིན་པའི་སྐྱོན་མིན་པར་བོད་མི་རིགས་ཀྱི་ཀླད་པའི་དྲྭ་རྒྱ་ད་དུང་དུས་རབས་སྔ་བའི་གསེབ་ནས་ཕྱིར་ཐོན་མེད་པས་རེད། ང་ཚོས་སྐྱོན་ཆེ་ཤོས་དེ་ནི་སོ་སོར་ཡིད་ཆེས་པའི་གཞུང་འཛིན་པ་གང་དང་ཁ་ཕྱོགས་དང་འཛིན་སྐྱོང་གི་ལམ་ལུགས་མི་མཐུན་པ་ཞིག་ཡིན་ཚེ་སྤྱི་ཚོགས་གཅིག་གི་ནང་དུ་འཚོ་སྡོད་མི་ཐུབ་པ་དེ་ཡིན། རྒྱལ་ཁབ་དང་ཚོགས་ཆེན་གང་ཞིག་ཡིན་རུང་ཁ་ཕྱོགས་མི་མཐུན་པའི་ཚོགས་པ་དུ་མ་ཡོད་ཅིང་། དེ་དག་གཅིག་གིས་གཅིག་ལ་འགོག་རྐྱེན་དང་བར་ཆད་སྣ་ཚོགས་བཟོ་སྲིད་མོད། འོན་ཀྱང་དེ་དག་སྤྱི་ཚོགས་གཅིག་གིར་གྲུབ་ཆར་གནས་ཐུབ་པ་དེས་སྤྱི་ཚོགས་ཀྱི་གནས་བབ་འཐུས་གཙང་དང་ཕྱི་གསལ་ནང་གསལ་ཞིག་ཏུ་འགྱུར་བ་ཡིན།
ཕྱི་ལོ་༡༩༨༧ དང་། ༡༩༨༨ ལོ། ༡༩༨༩ ལོ་སོ་སོར་བོད་དབུས་ལྷ་སར་རྒྱལ་གཅེས་བོད་མི་མང་པོས་རང་བཙན་ཆེད་དུ་ཞི་བའི་སྐད་འབོད་བྱས་པ་དང་། ལྷག་པར་དུ་ ༡༩༨༩ ལོའི་ཟླ་ ༣ ཚེས་ ༥ ནས་བསྟུད་མར་ཉིན་གསུམ་རིང་ཞི་བའི་ཁྲོམ་བསྐོར་བྱེད་སྐབས་ཀྱི་གནས་ཚུལ་དངོས་ལས་ཟུར་ཙམ་ཞིག་༼ མེ་མདའི་རྩེ་གྲི་ཐད་ཀར་ལྷ་སར་གཏད་པ༽ཞེས་པ་ནས་ཁོལ་ཕྱུང་གིས་བརྗོད་ན། (ཕྱི་ཟླ་ ༣ ཚེས་ ༧ ཉིན་གྱི་དགུང་དྲོ། དྲག་ཆས་ཉེན་རྟོག་རུ་ཁག་ཅིག་གིས་གྲོང་ཁྱེར་ནང་འགྲུལ་བཞུད་བྱེད་མཁན་གྱི་མི་ལ་ཞིབ་གཤེར་བྱེད་སྐབས་ཧ་ལམ་མི་བཅུ་ལྷག་ཙམ་ཞིག་ལ་ཁྲིམས་མཐུན་གྱི་ལམ་བསྐྱོད་ཆོག་པའི་ལག་འཁྱེར་མེད་པ་ཤེས་རྟོགས་བྱུང་ནས། དྲག་ཆས་ཉེན་རྟོག་པས་བོད་མི་དེ་རྣམས་དྲག་ཆས་ཉེན་རྟོག་གནས་སྐབས་བཀའ་བཀོད་ཁང་ལ་རྩིས་སྤྲོད་བྱེད་པར་བསྐྱོད་སྐབས་བོད་མི་གཉིས་ལམ་བར་ནས་བྲོས་ཤོར་བས་མི་གཅིག་དེ་གར་མེ་མདའ་བརྒྱབ་ནས་བསད་པ་དང་། མི་གཞན་དེ་རྗེས་འདེད་གཏོང་མཁན་དྲག་ཆས་ཉེན་རྟོག་པ་ཞིག་གིས་རྐང་འགུག་བརྒྱབ་ནས་ས་ལ་འགྱེལ་རྗེས་ལམ་སེང་དྲག་ཆས་ཉེན་རྟོག་པ་དེས་མེ་མདའི་སྒུམ་ཤིང་བོད་མི་བྲོས་འགྲོ་བ་དེའི་མགོ་བོར་གཞུ་རྩིས་བྱེད་སྐབས། མེ་མདའི་སྐམ་པར་ལག་པ་ཐེབས་ཏེ་མེ་མདའི་ཁ་ནས་མདེལ་ཁ་ཤས་ཕྱིར་ཐོན་ནས་ཁོ་པའི་རྒྱབ་ཏུ་ཡོད་པའི་དྲག་ཆས་ཉེན་རྟོག་དམག་ཞིག་གི་མགོ་བོར་མདེལ་ཕོག་ནས་དེ་མུར་ས་སྟེང་དུ་འགྱེལ་ནས་ཤི། སྐབས་དེར་ཉེ་འགྲམ་དུ་ཡོད་པའི་དྲག་ཆས་ཉེན་རྟོག་གཞན་རྣམས་ཀྱིས་མིག་ཧུར་རེར་བལྟས་ཏེ་ག་བྱེད་འདི་བྱེད་མེད་པར་གྱུར། དྲག་ཆས་ཉེན་རྟོག་དེ་རྣམས་སྣེ་ཁྲིད་བྱེད་མཁན་གྱི་དམག་དཔོན་གཟུགས་ཆུང་ཆུང་ཞིག་ཡོད་པ་དེས་གློ་བུར་དུ་གནས་ཚུལ་དེ་བྱུང་འཕྲལ་ཡུད་ཙམ་བསམ་བློ་བཏང་རྗེས་ཁོ་རང་གི་འཁྲིས་སུ་ཡོད་པའི་དམག་མི་ཞིག་གི་ལག་ནས་རང་འགུལ་འཕྲུལ་མདའ་ཚུར་བླངས་ཏེ་སྔོན་དུ་བྲོས་འགྲོ་མཁན་བོད་མི་ས་སྟེང་དུ་ཉལ་ཡོད་པ་དེ་ཡར་ལངས་སུ་བཅུག བོད་མི་དེར་ཉེས་རྡུང་ཤུགས་ཆེ་ཕོག་ཡོད་སྟབས་ས་སྟེང་ནས་ལག་གཉིས་ཀྱིས་གཟུགས་པོ་སྐྱོར་ནས་ག་ལེར་ཡར་ལངས་རྗེས། དམག་དཔོན་དེ་མདུན་དུ་ཡོང་ནས་ལག་ནང་གི་རང་འགུལ་འཕྲུལ་མདའ་བོད་མི་དེའི་གདོང་པར་བསྡིགས་ནས་མདེའུ་བཅུ་གྲངས་ཤིག་བརྒྱབ་རྗེས། ཁོ་པས་གཡས་གཡོན་གྱི་དམག་མིར་བལྟས་ཏེ་ཁོང་(གོང་དུ་མེ་མདའི་ཁ་ཤོར་ནས་ཤི་བའི་དམག་མི་དེ་ལ་ཟེར)གི་དགྲ་ཤ་བླངས་ཟིན་པ་རེད་ཅེས་བཤད། དམག་སྒར་དུ་ལོག་རྗེས་ཁྱོད་ཚོས་ད་ལྟ་མཐོང་བའི་གནས་ཚུལ་འདི་ལྟར་བཤད་དགོས་པ་ལས། མི་སུ་འདྲ་ཞིག་གིས་གང་བྱུང་མང་བྱུང་བཤད་ན་ངས་མི་དེར་འཛེམས་ཟོན་བྱེད་ཀྱི་མ་རེད་ཅེས་བཤད།
དྲག་ཆས་ཉེན་རྟོག་དམག་མི་ཞིག་བོད་མི་ཞིག་གིས་བསད་པ་རེད་ཅེས་པའི་གནས་ཚུལ་འདི་དྲག་ཆས་ཉེན་རྟོག་གནས་སྐབས་བཀའ་བཀོད་ཁང་གི་དམག་དཔོན་ཆེ་ཆུང་རྣམས་ཀྱིས་གོ་ཐོས་བྱུང་འཕྲལ་ཁོང་ཚོ་དེ་མུར་རང་སེམས་འཕེལ་ཞིང་དགའ་ཐག་ཆོད་དེ། དེ་ཉིན་རྒྱ་ནག་དབུས་གཞུང་དང་། དྲག་ཆས་ཉེན་རྟོག་སྤྱི་ཁྱབ་ལས་ཁུངས་སུ་ཕུལ་བའི་སྙན་ཞུའི་ནང་མེ་མདའི་ཁ་ཤོར་ནས་ཤི་བའི་དམག་མི་དེའི་འདྲ་དཔར་དང་། ཉེས་མེད་ཉེས་འཛུགས་བྱས་ཏེ་དམར་བསད་བཏང་བའི་བོད་མི་དེ་ལག་དམར་བ་རེད་ཅེས་རྫུན་བཟོ་བྱས་ནས་དེའི་འདྲ་དཔར་ཆེན་པོ་རེ་བཤུས་པ་དང་ཆབས་ཅིག སྙན་ཞུའི་ནང་ཉེས་མེད་རྫུན་བཟོ་ཤུགས་ཆེན་བྱས་ནས་བོད་མིས་ཐེངས་འདིའི་ངོ་རྒོལ་ནང་མེ་མདའ་ཤུགས་ཆེ་བེད་སྤྱོད་བྱས་ལུགས་སྐྱག་རྫུན་བཤད།)འདུག
འདི་ལྟར་རྒྱ་མི་ཚོས་མི་འབོར་གྱི་སྟོབས་ཤུགས་དང་། དམག་དོན་གྱི་སྟོབས་ཤུགས་ངོམ་བཞིན་བོད་མི་ལ་ཐུབ་
ཚོད་གཏོང་ལུགས་ནི་སེམས་ནས་ཧ་ཅང་བཟོད་དཀའ་བ་ཞིག་ཡིན། གང་ལྟར་སྤྱང་ལུག་གཉིས་མཉམ་གནས་མི་ཡོང་བ་ནང་བཞིན་བོད་རྒྱ་གཉིས་མཉམ་གནས་མི་ཡོང་བ་ཡང་དངོས་པོའི་གཤིས་ལུགས་ཤིག་རེད་ཡ།
བོད་མི་ངོས་ནས་རྒྱ་དམར་གཞུང་དང་མཉམ་སྡོད་བྱེད་རྒྱུར་འདོད་མོས་སྤུ་ཙམ་མེད་པ་སྨོས་ཅི་དགོས། དེ་ལྟའང་ད་ལྟའི་དུས་སུ་བཙན་ཤེད་དང་གཡོ་འཕྲུལ་འོག་ཏུ་བོད་མི་ཉར་ནས་ཡོད་ལ། མ་འོངས་པར་བོད་མི་རང་ངོས་ནས་རང་དབང་དང་དཔལ་འབྱོར་ཤེས་འཇོན་སོགས་གང་ལྟར་གྱུར་ཀྱང་། ཚོང་འབྲེལ་སོགས་ཕྱི་འབྲེལ་གྱི་ལས་འཆར་མང་པོ་ཞིག་རྒྱ་ནག་གཞུང་དང་མ་བསྟུན་རང་བསྟུན་ཆགས་སྲིད་པར་སེམས། སྤྱིར་འཛམ་གླིང་རྒྱལ་ཁབ་གང་འདྲ་ཞིག་དང་ཚོང་འབྲེལ་བྱས་ཀྱང་ལོས་ཆོག་ཏེ། ས་ཆའི་གནས་བབ་དང་སྐྱེལ་འདྲེན་གྱི་ཁོར་ཡུག་ཅི་ཙམ་མི་བདེ་བ་དང་། ཅི་ཙམ་རྒྱང་ཐག་རིང་བ་དེ་ཙམ་དུ་དཔལ་འབྱོར་གྱི་གནས་ཚད་ལ་གྱོང་གུད་ཚབ་ཆེན་འབྱུང་ངེས་པས་རྒྱ་ནག་གཞུང་དང་མི་འབྲེལ་འཐུ་མེད་རེད་ཅེས་བཤད་དགོས་དོན་དེ་ཡིན།
ཡག་པོ་བྲིས་འདུག མངོན་པར་བསྟོད། རང་བཙན་དང་རང་སྲིད་རང་སྐྱོང་གང་ཡིན་ཡང་གཉིས་ཀ་རེ་བ་ཙམ་རེད། དམིགས་ཡུལ་བརྟན་པོ་ཞིག་དང་གྲ་སྒྲིག་འཐུས་ཚང་ཞིག་མེད་ན་ཡོང་མི་སྲིད་པ་རེད། རབ་གསལ་གྱིས་བཤད་པ་དེ་ལ་རྒྱབ་སྐྱོར་ཡོད།
བརྒྱ་བཤད་སྟོང་བཤད་བྱས་ནས་རང་བཙན་དང་དབུ་མའི་ལམ་ཟེར་བ་མ་ནེ་བགྲང་བགྲང་བྱང་ཀྱང་མི་མང་ཚོས་མགོ་ཐོམ་ཡག་གཅིག་པུ་མ་གཏོགས་ཡོད་མ་རེད། དེ་ལས་གལ་ཆེ་ཤོས་ནི་ང་རང་མ་འོངས་པ་ལ་རང་བཙན་དང་དབུ་མའི་ལམ་དེ་ལས་གཞན་པའི་ལམ་ཀ་གསར་པ་ཞིག་ལ་འགྲོ་འདྲ་གང་ལྟར་དེ་ལ། ལ་ཆ་རྐྱེན་ག་རེ་དགོས་ཀྱི་ཡོད་མེད་ལ་བལྟ་ཏེ་ཆ་རྐྱེན་བསྐྲུན་ཡག་གལ་ཆེན་པོ་མཐོང་གི་འདུག་དཔེ་ན་དངོས་པོ་གཅིག་ལེན་པར་བྱེད་པ་ལ་དེ་ལེན་ཡག་གི་ཆ་རྐྱེན་མ་ཚང་ཕྱེན་དེ་ལེན་ཐབས་མེད་པ་རེད་དེ་དང་གཅིག་མཚུངས་ཡིན་པ་རེད། གང་ལྟར་ང་ཚོ་ལ་དགོས་ཡག་ནི་མི་རིགས་ལ་རང་དབང་དང་བདེ་བསྐྱིད་སྐད་ཡིག་ལ་ཡང་རང་དབང་མདོར་ན་ཆོས་དང་རིག་གཞུང་མི་ཉམས་པ་བྱུང་ན་བསྒྲིགས་ཚར་བ་རེད་མ་རེད་པས།
༧གོང་ས་མཆོག་བོད་ནང་དུ་ཕེབས་རྒྱུ་སོགས་ལ་འགོག་རྐྱེན། རྒྱལ་སྤྱིའི་རོགས་འདེགས་ལ་ཡང་གནོད་རྐྱེན། གང་ལྟར་ཁེ་ལས་གནོད་ཆེ་བ་རང་བཙན་སྐོར་ཏེ་རེ་ཞིག་མ་གླེང་ན་ཡག