མི་ཉག་སྐལ་བཟང་།
མི་ལུས་བོད་པར་བླངས་པའི་སྤོབས་པ་ཞིག་བསྐྱེད་དེ།།
སེམས་པ་བོད་ལ་འཁྲིས་པའི་ལོ་རྒྱུས་དེ་རིང་ཡང་།།
ས་མཐའི་འཚོ་བར་རོལ་བའི་ལས་དབང་དེ་བསམས་ན།།
བོད་ཀྱི་གནམ་ལོ་གསར་པ་སྡུག་བསྔལ་གྱིས་བསུ་འགྲོ།
རྟགས་དང་རྟེན་འབྲེལ་ཟུང་གི་དུས་ཚིགས་ཤིག་བརྩིས་ཏེ།།
ངོ་མཚར་གཏམ་རྒྱུད་མང་བའི་དགུ་ཐུག་དེ་ཞིམ་ཡང་།།
མ་བུ་ལྷན་འཛོམས་མེད་པའི་སྐྱོ་གར་དེ་བསམས་ན།།
བོད་ཀྱི་གནམ་ལོ་གསར་པ་དྲན་གདུང་གིས་བསུ་འགྲོ།
ཁང་ཁྱིམ་དྲོན་མོའི་ཕྱི་ནང་གཙང་ཕྱགས་ཤིག་བྱས་ཏེ།།
མར་དང་ཕྲུ་ར་བཤམས་པའི་སྡེར་ཁ་དེ་ལེགས་ཀྱང་།།
ཆང་དང་ཐ་མག་སྤུངས་པའི་མདུན་ལྕོག་དེ་བསམས་ན།།
བོད་ཀྱི་གནམ་ལོ་གསར་པ་དུག་རླངས་ཀྱིས་བསུ་འགྲོ།
དྭངས་གཙང་སེམས་ལ་རེ་བའི་སྨོ་་འདུན་གྱིས་བརྒྱན་ཏེ།།
མཆོད་པ་ལྷ་ལ་འབུལ་བའི་ལུགས་སྲོལ་དེ་མཛེས་ཀྱང་།།
ཤ་ཁྲག་རི་ལྟར་སྤུངས་པའི་དམར་ཟས་དེ་བསམས་ན།།
བོད་ཀྱི་གནམ་ལོ་གསར་པ་དམར་མཆོད་ཀྱིས་བསུ་འགྲོ།
མངར་སྐྱུར་རོ་འཇམ་ལྡན་པའི་ནས་ཆང་ཞིག་བསྙལ་ཏེ།།
གླུ་དང་གར་ལ་རོལ་བའི་སྣང་བ་དེ་སྐྱིད་ཀྱང་།།
གཏམ་ངན་ཆུ་ཀློང་རྡོལ་བའི་ཟིན་ཐོ་དེ་བསམས་ན།།
བོང་ཀྱི་གནམ་ལོ་གསར་པ་རེ་སྟོང་གིས་བསུ་འགྲོ།
ཡ་རབས་ལུགས་དང་འགྲོགས་པའི་སྤྱོད་བཟང་གིས་ཐུམ་སྟེ།།
ཕན་ཚུན་ལག་གདང་སྦྲེལ་བའི་མཐུན་སྒྲིལ་དེ་དགོས་ཀྱང་།།
ཆགས་སྡང་ཕྱོགས་ལྷུང་མང་བའི་ནད་ཡམས་དེ་བསམས་ན།།
བོད་ཀྱི་གནམ་ལོ་གསར་པ་ན་ཟུག་གིས་བསུ་འགྲོ།
ནུབ་བྱང་རྒྱ་མཚོའི་གྲུ་ཁར་གནས་ཚང་ཞིག་བཅས་ཏེ།།
དོག་དབྱིམས་ནད་དུག་འགོ་བའི་སེམས་ཁྲེལ་དེ་མེད་ཀྱང་།།
ལ་བཤད་ལུང་བཤད་མང་བའི་སྤྱི་ཚོགས་དེ་བསམས་ན།།
བོད་ཀྱི་གནམ་ལོ་གསར་པ་སུན་སྣང་གིས་བསུ་འགྲོ།།
༄༅། ཕ་མ་གཉེན་སྤུན་མཉམ་འཛོམས་མེད་པ་དེ་མ་སྐྱོ།
ཏོག་དབྱིབས་ནད་ཡམས་འགོས་པའི་འཇིགས་སྣང་གི་མ་སྐྱོ།
དེ་ང་ཚོ་ཚང་མའི་ལས་དབང་རེད།
སེམས་མ་སྐྱོ་སྐྱོ་རྒྱུ་གང་ན་ཡོད།
མི་ལུས་བོད་པར་སྐྱེས་པ་སྔོན་བསགས་ལས་བཟང་གི་འབྲས་བུ།
བོད་ཡུལ་རྒྱ་མིར་ཤོར་བའི་སྡུག་བསྔལ་དེ་ལ་བསམ་ཚེ།
མི་ཡུལ་ས་མཐའ་འདི་རི་སྐྱིད་ཉལ་ག་ནས་བྱེད་ཕོད།
མེས་དབོན་རིགས་རྒྱུད་ཡིན་ན་སྙིང་ལ་རུས་པ་བཅུག་ནས།
བོད་ཡུལ་རང་ལག་ཐོབ་པའི་མཆོད་སེམས་འགན་འཁུར་བཞེས་དང།
མི་ལུས་བོད་པར་བླངས་པའི་སྤོབས་པ་དེ་ཡོད་ན།།
ས་མཐའི་འཚོ་བར་རོལ་པར་ཉམ་ང་རང་མི་དགོས།།
གར་སྐྱིད་ཕ་ཡུལ་གང་བྱམས་ཕ་མ་རུ་བརྩིས་ཏེ།།
གཞན་ཕན་སེམས་བཟང་ངང་ནས་ལོ་གསར་ལ་རོལ་དང་།།
རྟགས་དང་རྟེན་འབྲེལ་བཟང་པོའི་འདུ་ཤེས་དེ་ཡོད་ན།།
ཆོས་ཀུན་སྒྱུ་མ་ལྟ་བུའི་ངང་ཚུལ་དེ་ཡོད་པས།།
ཚེ་འདིའི་མ་བུ་བྲལ་ཡང་ཚེ་རབས་ཀྱི་མ་རྒན།།
དགྲ་གཉེན་བར་མ་དང་མཉམ་ལོ་གསར་ལ་རོལ་དང་།།
ཤ་ཆང་སྟོན་མོ་རྫིག་ལ་མངལ་ཁྲག་དུ་ཞགས་འཁྱིལ་བ།།
སྙིགས་ལྔའི་རང་མདངས་ཡིན་པས་བཀག་ནས་ཁེགས་ཀྱི་མ་རེད།།
རང་ཉིད་དམ་པའི་ངང་ཚུལ་ནམ་ཡང་མ་དོར་ངང་ནས།།
ཕྱི་ཡི་དཔལ་དང་འབྱོར་བས་ལོ་གསར་དགྱེས་པར་རོལ་དང་།
རང་སེམས་ལྷག་བསམ་དཀར་བའི་ནོར་བུ་དེ་ཡོད་ན།།
ཕྱི་ལོགས་ཕྱིས་བདར་མེད་ཀྱང་ཧ་ཅང་རང་མི་སྐྱོན།།
ཉེ་ཉེ་མཐུན་མཐུན་གྱི་གསར་ངས་གོག་པོ་དེ་ཞོག་ལ།།
གཅིག་ཕན་གཅིག་གྲོགས་ངང་ནས་ལོ་གསར་ལ་རོལ་དང་།།
ནུབ་བྱང་རྒྱ་མཚོའི་གྲུ་ཁར་སྤོག་དབྱིབས་ནད་དུག་དེ་མེད་ན།།
ལ་བཤད་ལུང་བཤད་མང་ཡང་ཕུགས་སྐྱོན་རང་མི་འོང་།།
བསུན་སྣང་ཡེ་མ་ནས་མ་མཛད་ལོ་གསར་སྤྲོ་གཏོང་གནོངས་དང་།།
མི་ལུས་བོད་པར་སྐྱེས་པའི་ཚོར་བ་དེ་ཡོད་ན།
ལོ་གསར་སྤྲོ་སྐྱིད་བསུ་ས་བོད་ཡུལ་དུ་ཡིན་ད།
མི་ལུས་བོད་པར་སྐྱེས་པའི་ཁྲག་རྩ་དེ་ཡོད་ན།
གཞིས་བྱེས་མཉམ་འཛོམས་བྱེད་ས་བོད་ཡུལ་དུ་ཡིན་ད།
མི་ལུས་བོད་པར་སྐྱེས་པའི་རུས་ཞེན་དེ་ཡོད་ན།
གོང་ས་སྐྱབས་མགོན་རང་ཡུལ་དུ་གདན་འདྲེན་དང།
མི་ལུས་བོད་པར་སྐྱེས་པའི་དགའ་སྣང་དེ་ཡོད་ན།
ཆོལ་གསུམ་བོད་མིའི་ཆིག་སྒྲིལ་རི་རྒྱལ་བཞིན་བརྟན་དང།