རྨ་དུང་ཟླ།
ལེའུ་དང་པོ།
མི་རིགས་ཀྱི་མཛེས་སྡུག་རླུང་གིས་ཁུར་སོང་
ཤུལ་དུ་ལྷག་ཡོད་པ་ཁྱོད་དང་ང་ཙམ་
ཁྱེད་ལ་བཙས་ཁུངས་མི་འདུག
ང་ལའང་རུས་ཁུངས་མི་འདུག
རྩྭ་ཐང་གི་ངོ་གདོང་ལྗུང་ཁུ་ཡིན་རབས་ཤིག
འཚོ་ཐབས་ཀྱི་མ་གཞི་ཞིང་འབྲོག་ཡིན་ཚུལ་ཞིག
ད་ལྟ་ང་ལ་དེ་དག་འཚོལ་བྱེད་ཀྱི་མར་མེ་མི་འདུག
བགྲེས་སོང་ཚོའི་ཡིད་ཆད་ཀྱི་མཆི་མ་ཁོ་ནས་
ང་ལ་འཇིག་ཟིན་པའི་ལོ་རྒྱུས་ཤིག་བཤད་ཀྱིན་འདུག
ལེའུ་གཉིས་པ།
ཁ་སང་ཞིག་བཤད་ཀྱིན་པ་དེ་
དེ་རིང་དང་སང་ཉིན་ལ་ཡེ་ནས་འབྲེལ་བ་མི་འདུག
རྨི་ལམ་ཞིག་རྨིས་ན་འདོད་ཀྱང་
མུན་ནག་ལྟ་བུའི་གཉིད་དེ་ལ་སུན་སྣང་ཧ་ཅང་ཆེ་
བྱིས་པ་ཚོས་བཤད་མཚམས་མ་བཞག་དུས་
མཁས་པ་ཚོ་དགོད་མཚམས་ག་ལ་འཇོག་ཐུབ་
ལེའུ་གསུམ་པ།
བརྩེ་དུང་བདེ་སྐྱིད་དུ་བརློམས་མཁན་ཚོ་
བརྩེ་དུང་གི་སླད་དུ་སྨྲེ་ངག་འདོན་མ་མྱོང་བ་མིན་ལ་
བརྩེ་དུང་སྡུག་བསྔལ་དུ་འདོད་མཁན་ཚོའང་
བརྩེ་དུང་གི་ནང་དུ་ལྷུང་མ་མྱོང་བ་ག་ལ་ཡིན་
མ་གཞི་སེམས་ཚོར་འདི་དཀར་ནག་གི་ཁ་དོག་ཡིན་ན་
འཁོར་བ་འདི་མགོ་རྙོག་ཅིག་དེ་བས་ཡིན་མི་སྲིད་
ལེའུ་བཞི་བ།
ཕྱི་རོལ་ནས་སྒོ་རྡུང་མཁན་དེར་སུ་ཡིན་དྲིས་ན་
ཁྱོད་ཀྱིས་དང་པོ་སྒོ་ཕྱེ་རོགས་ཟེེར་
དེ་ནི་ཁྱོད་ཀྱིས་བདག་གི་སྐད་འཕྲིན་མ་བླངས་གོང་
སུ་ཡིན་ཞེས་དྲིས་པ་དང་གཅིག་འདྲ་རེད་
ཡིད་ཆེས་མེད་སོང་བ་མིན་ན་
ང་ནི་ཁྱོད་ཀྱི་མཚང་འདྲུས་མཁན་གྱི་གྲས་ན་ཡེ་ནས་མེད་
འབྲེལ་བ་ཞིག་བཙུགས་ན་འདོད་པས་
ངས་དང་ཐོག་ནས་གྲོགས་པོ་ཙམ་བྱེད་འདོད་ཅེས་ཟེར་ས་གཏན་ནས་མི་འགྲོ
ཁྱོད་ཀྱི་མིང་འདིར་འབྲི་འདོད་ཆེ་ནའང་
སྤྱི་ཚོགས་ཀྱི་སྡོང་མགོ་ནས་
ང་ནི་ལོ་མ་སྐམ་པོ་དེ་བཞིན་ས་ལ་ལྷུང་ན་མི་འདོད་
དེ་ནི་ང་ལ་བློ་སྟོབས་མེད་སོང་བ་ལས་
བརྩེ་དུང་ཞན་དྲགས་པ་གཏན་ནས་མ་རེད་
༡༦།༠༢།༢༠༡༥ ཕྱི་དྲོ།