བློ་བཟང་རིན་ཆེན།
རེ་བ་ཟབ་མོ་ཞིག་ཡིད་ལ་བཅིངས་ནས་དཔེ་དེབ་ཀྱི་དཀར་ཆག་ལ་ཞིབ་ལྟ་བྱས། དཀར་ཆག་ཏུ་དཔེ་དེབ་འདིའི་བརྗོད་བྱ་ཧྲིལ་པོ་ས་བཤད་གཉིས་དང་ཚན་པ་བཅུའི་ནང་དུ་བསྡུས་ནས་བཀོད་འདུག དང་པོ་ས་བཅད་ཀྱི་མགོ་མ་བཟུང་བའི་སྔོན་དུ་<<གླེང་གཞི་དང་། ཐུགས་རྗེ་བཀའ་དྲིན་ཆེ་>>ཞེས་པའི་ཚན་པ་འདི་བཀླགས། ཚན་པ་འདིར་རྩོམ་པ་པོ་རང་ཉིད་ཀྱི་ལོ་ངོ་བཅུ་དྲུག་གི་ཐོག་ལ་རྒྱལ་ཁབ་ཤོར་ཞིང་། ཉེར་བཞིའི་ཐོག་བཙན་བྱོལ་བ་ཞིག་ཏུ་གྱུར་ཏེ་དཀའ་སྡུག་གི་འཚོ་བ་སྣ་ཚོགས་ཤིག་བརྒྱུད་དེ་ཅི་བྱ་གཏོལ་མེད་དུ་གྱུར། འོན་ཀྱང་རང་ཉིད་ཀྱིས་སྙིང་སྟོབས་བསྐྱེད་དེ་དཀའ་ངལ་ལ་གདོང་ལེན་བྱས་ཤིང་། སེམས་ཁྲལ་དང་རེ་ཟད་ཀྱི་འོག་ཏུ་མ་ཚུད་པའི་སྐོར་རགས་ཙམ་བྲིས་འདུག
དེ་ནས་སྤྱི་ཡོངས་ཀྱི་གནས་ཚུལ་ལ་ཞིབ་ལྟ་མཛད་དེ་སྡུག་སྔལ་མྱོང་བཞིན་པ་ནི་བོད་པ་དང་ཡུལ་གྱར་བའི་འཚོ་བ་རོལ་བའི་མི་ཚོགས་གཅིག་པུ་མིན་པར། རང་དབང་དང་འདྲ་མཉམ་ལོངས་སུ་སྤྱོད་ཅིང་། དཔལ་འབྱོར་གྱི་ཡང་རྩེར་སོན་པའི་རྒྱབ་ཁབ་དག་གིས་ཀྱང་གོད་ཆག་དང་སྡུག་བསྔལ་མྱོང་བཞིན་པ་ནི་གསལ་བོ་རེད། དེར་བརྟེན་ང་ཚོའི་མྱོང་བཞིན་པའི་སྡུག་བསྔལ་མང་པོ་ཞིག་ནི་ང་ཚོ་རང་ཉིད་ཀྱིས་བཟོས་པ་གསལ་བོ་ཡིན་དུས། དེ་ཉིད་བཟློག་ཐབས་མེད་པ་ཞིག་ག་ལ་ཡིན། ང་ཚོས་རང་ཉིད་ཀྱི་བསམ་བློ་དང་། མྱོང་ཚོར། སྤྱོད་ལམ་བཅས་ལ་ཁ་ལོ་བསྒྱུར་ཏེ་བཟང་སྤྱོད་ལྡན་པ་ཞིག་བྱས་ན། ང་ཚོས་སྡུག་བསྔལ་གདོང་ལེན་བྱེད་སྟངས་ཇེ་ལེགས་སུ་འགྲོ་བར་མ་ཟད། སྡུག་བསྔལ་མང་པོ་ཞིག་སྔོན་འགོག་ཐུབ་པའི་ཡིད་ཆེས་ལ་རྒྱུ་མཚན་ལྡན་པའི་བདེན་དཔང་ཡོད་པར་གདམས་ཡོད།
དེ་ནས་དཔེ་དེབ་འདིས་གླེང་གཞི་གཙོ་བོ་ནི་སེམས་ཅན་སྤྱིའི་བདེ་སྡུག་ལ་སེམས་ཁུར་ཟབ་ནན་ཡོད་པའི་མཁས་དབང་དང་། ཞི་བདེའི་དེད་དཔོན་རྣམས་ཀྱིས་འཚོལ་བཞིན་པའི་དྲི་ལན་ཞིག་རེད། ད་ལྟ་བར་དུ་མཁས་དབང་སུས་ཀྱང་དྲི་ལན་མ་རྙེད་པའི་གནད་དོན་ཞིག་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཞིབ་མོ་རྣམ་འཐག་བགྱིས་པ་དེའོ།། དེ་ཡང་གསལ་བོར་བཤད་ན་གནའ་ནས་ད་བར་ཆོས་ལུགས་ཤིག་དང་ཡུལ་སྲོལ་གོམ་གཤིས་ཤིག་གི་རྗེས་སུ་འབྲངས་ནས་དགེ་སྡུག་སྤང་བླང་དང་། ཚུལ་དང་ཚུལ་མཐུན་མིན་པའི་འགྲེལ་བཤད་རྣམས་རྒྱུན་འཁྱོངས་བྱས་པ་ལས་སྤྱི་མཐུན་གྱི་ལན་ཞིག་མ་རྙེད་པ་རེད། དེར་བརྟེན་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ཡ་རབས་སྤྱོད་བཟང་ཞེས་པ་དང་མ་རབས་སྤྱོད་ངན། ཡང་ན་ཅི་ཞིག་བྱས་ན་སྡུག་པ་དང་གང་ཞིག་སྒྲུབ་ན་དགེ་བ་ཡིན་པའི་ཁྱད་པར་སོགས། གནད་ལ་ཁེལ་བའི་གསལ་བཤད་དང་དྲི་ལན་གནང་བ་དེའོ།།
སྤྱིར་དཔེ་དེབ་འདི་ཉིད་ཕྱག་རྩོམ་གནང་མཁན་ཏེ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚོན་ན། ཆུང་བྱིས་པའི་དུས་ནས་ད་ལྟའི་བར་ནང་བའི་ལྟ་གྲུབ་དང་སེམས་ཁམས་རིག་པ་གཙོ་བོར་ཆེད་སྦྱོང་གནང་མཁན་ཞིག་རེད། མ་ཟད་ཁོང་ནི་ལོ་རྒྱུས་ཁྲོད་ནས་དགེ་ལུགས་པའི་ཁོངས་གཏོགས་ཡིན་པས་དགེ་ལུགས་པའི་མཁས་དབང་རྣམས་ཀྱི་བརྩམས་ཆོས་རྣམས་གཙོ་བོར་སྦྱངས་པ་དང་། དེ་བཞིན་ཆོས་རྒྱུད་གཞན་རྣམས་ཀྱི་གཞུང་ལུགས་ཀྱི་གཙོ་བོ་རྣམས་ལ་འབད་པ་ཧུར་ལེན་གནང་མཁན་ཞིག་ཡིན་པ་ནི་སུས་ཀྱང་འགྲེལ་བཤད་མི་དགོས་པ་ཞིག་རེེད། འོན་ཏེ་དཔེ་དེབ་འདི་ཉིད་ཆོས་ལུགས་རང་བཞིན་ཅན་ཞིག་དང་། ནང་བསྟན་གྱི་དཔེ་དེབ་ཅིག་མིན་པའི་གསལ་འདེབས་ཞུས་ཤིང་། ཁོང་གི་རེ་འདུན་དངོས་ནི་དཔེ་དེབ་འདིར་”ཆོས་ལུགས་ལས་བརྒལ་བའི་སྤྱི་ཁྱབ་རང་བཞིན་གྱི་རྩ་འཛིན་ཁག་ཅིག་གཞིར་བཞག་པའི་བླང་དོར་གྱི་རྣམ་གཞག་ཅིག་གི་དགོས་མཁོ་གླེང་རྒྱུ་དེ་ཡིན་”ཞེས་ཁ་གསལ་བྱས་འདུག ཞར་ལ་དགེ་བཤེས་ཐུབ་བསྟན་སྦྱིན་པ་དང་སྐུ་ཞབས་ནོར་མན་གཉིས་ཀྱིས་དཔེ་དེབ་འདི་ཉིད་དབྱིན་ཡིག་ཏུ་བསྒྱུར་ཞིང་རྩོམ་སྒྲིག་གི་ལས་ཀ་གནང་བ་སོགས་ལ་ཆེད་མངགས་ཐུགས་རྗེ་ཆེ་ཞུས་འདུག་པ་དེའོ།།
2019/12/29ཉིན་ལ་བློ་བཟང་རིན་ཆེན་གྱིས་བྲིས།