བློ་བཟང་རིན་ཆེན།
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་དང་པོའི་རྫུ་འཕྲུལ་མེད་ལ་སྦས་དོན་ཡང་མེད་ཅེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།
ང་ཚོའི་དཀའ་རྙོག
བརྡ་འཕྲིན་གྱི་དུས་འདིར་ང་ཚོས་བརྙན་འཕྲིན་སྒོ་ཕྱེས་པ་ནས་རྐྱེན་ངན་དང་ཆག་སྒོའི་སྐོར་གྱི་བཀྲ་མི་ཤིས་པའི་གསར་འགྱུར་ནི་རྫོགས་མཐའ་མེད་པ་ཞིག་རེད། “འཛམ་གླིང་གི་ཡུལ་གྲུ་གང་རུང་ཞིག་ལ་རྐྱེན་ངན་མི་འབྱུང་བའི་ཉིན་གཅིག་ཀྱང་ཧ་ལམ་དཀོན་མོ་རེད། ང་ཚོ་གང་ནས་ཡོང་བ་དང་། ང་ཚོས་མི་ཚེ་ལ་ལྟ་སྟངས་ཅི་འདྲ་ཞིག་བཟུང་ཡོད་མེད་ལ་མ་ལྟོས་པར། གཞན་གྱི་སྡུག་བསྔལ་གོ་དུས་ང་ཚོར་ཡང་ཚོར་བ་མི་སྐྱིད་པ་ཞིག་རང་བཞིན་གྱིས་འབྱུང་གི་ཡོད།”
མདོར་བསྡུས་ན་ང་ཚོར་འཕྲད་པའི་རྐྱེན་ངན་ཆག་་སྒོའི་རིགས་རྣམས་སྡེ་ཚན་གཉིས་སུ་བསྡུ་ཆོག་སྟེ། ས་འགུལ་དང་། ཐན་པ། ཆུ་ལོག་སོགས་རང་བྱུང་ཁམས་ཀྱིས་སྤྲད་པའི་ཆག་སྒོའི་རིགས་དང་། དྲག་སྤྱོད་དང་། གཡོ་སྒྱུ། བསླུ་བྲིད། འཇིགས་སྐུལ། དྲང་བདེན་མེད་པ་སོགས་མིའི་བྱ་སྤྱོད་ལས་གྲུབ་པའི་ཆག་སྒོའི་རིགས་ཏེ་སྡེ་ཚན་དེ་གཉིས་སུ་འདུས་ཡོད། “སྟབས་ལེགས་པ་ཞིག་ལ་འགྲོ་བ་མིའི་དཀའ་རྙོག་ནི་ཅི་ཡང་བྱེད་མི་ཐུབ་པའི་རང་བྱུང་གི་ཆག་སྒོ་དང་མི་འདྲ་བར། རྩ་བའི་ཆ་ནས་འགྲོ་བ་མིའི་བྱ་སྤྱོད་ཀྱི་བླང་དོར་ལས་བྱུང་བ་ཡིན་པས། ང་ཚོས་དེ་དག་ལས་རྒྱལ་ཐབས་ཤིག་འཚོལ་ཐུབ་པ་དང་། སྤྱི་ཚོགས་ཀྱི་གྲལ་རིམ་དང་གནས་རིམ་ཐམས་ཅད་ནས་མི་མང་པོས་འགྲོ་བ་མིའི་དཀའ་རྙོག་ལས་རྒྱལ་བར་བརྩོན་པ་ནི། གོ་རྟོགས་འདིའི་མཚོན་བྱེད་ཅིག་ཏུ་སྣང་”ཞེས་གསུངས་ཡོད།
མི་མང་པོ་ཞིག་རྩ་ཁྲིམས་འདྲ་མཉམ་ཡོང་ཆེད་སྲིད་དོན་ཚོགས་པའི་ནང་དུ་ཞུགས་པ་དང་། དྲང་བདེན་སྐྱོང་སླད་ཁྲིམས་རྩོད་ཀྱི་ལས་ཀ་གཉེར་བ་དང་། ཉམ་ཐག་དཀའ་ངལ་ལས་གྲོལ་ཕྱིར་རོགས་སྐྱོར་ཚོགས་པ་བཙུགས་པ་དང་། དེ་ལ་མཉམ་ཞུགས་བྱེད་མཁན་མང་པོ་ཐོན་གྱི་ཡོད། མ་ཟད་རང་ཉིད་ཀྱིས་གོ་རྟོགས་དང་འཇོན་ཐང་ལ་བསྟུན་ནས་རང་ཉིད་འཚོ་སའི་ཡུལ་གྲུ་འདི་ཇེ་ལེགས་སུ་གཏོང་བར་འབད་བརྩོན་བྱེད་མཁན་གྲངས་ལས་འདས། དེ་ནི་དགའ་འོས་པ་དང་མདུན་བསྐྱོད་ཀྱི་རྣམ་པ་གསལ་པོ་ཞིག་རེད།
འོན་ཀྱང་ཕྱི་རོལ་གྱི་ཡུལ་ལ་ཁ་ལོ་སྒྱུར་བྱེད་ཀྱི་བྱེད་ཐབས་ཇི་ལྟར་ཡར་ཐོན་ཆེ་བ་དང་། ཁྲིམས་ལུགས་གྱི་འཛིན་སྐྱོང་ཇི་ལྟར་ཞིབ་ཚགས་པོར་གྱུར་ནའང་། ད་དུང་འགྲོ་བ་མིའི་དཀའ་རྙོག་ནི་སྔར་བཞིན་གཅིག་མཚུངས་སུ་འབྱུང་བཞིན་ཡོད། འདིས་ཅི་ཞིག་བསྟན་པ་རེད་ཟེར་ན། ང་ཚོའི་དཀའ་རྙོག་ནི་ཕྱིའི་ཁྲིམས་ལུགས་ཇི་ལྟར་ཞིབ་ཚགས་པ་དང་། ཉེན་རྟོག་པའི་མཐུ་རྩལ་ཅི་ཙམ་ཤུགས་ཆེ་ནའང་སེལ་མི་ནུས་པ་བསྟན་པ་རེད།
ཆོས་ལུགས་ཀྱིས་ང་ཚོའི་དཀའ་རྙོག་སེལ་ནུས་སམ།
འཛམ་གླིང་གི་ཆོས་ལུགས་ཆེན་པོ་ཁག་སྟེ་ཡེ་ཤུའི་ཆོས་ལུགས་དང་། ནང་པ། ཧིན་དྷུ། ཁ་ཆེ་སོགས་ཆོས་ལུགས་ཚང་མས་ལྟོས་བཅས་ཀྱིས་མི་མང་པོ་ཞིག་ལ་དོན་སྙིང་དང་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་སྐྱེལ་བར་རམ་འདེགས་བྱེད་ཀྱི་ཡོད། མ་ཟད་”སངས་རྒྱས་ཀྱི་གསུང་ནི་འགྲོ་བ་མིའི་རིགས་ལ་བཀོལ་སྤྱོད་དང་ཕན་ཐོགས་ཡོད་པ་ངོས་ཀྱིས་ཉམས་མྱོང་གི་ཐོག་ནས་གདེང་ཚོད་ཆེན་པོས་བཤད་ཐུབ། གལ་ཏེ་མི་ཞིག་གིས་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱས་ན། རང་ཉིད་གཅིག་པུ་ཙམ་མ་ཡིན་པར་གཞན་ལའང་ཕན་ཐོགས་ཡོད་ངེས་རེད་”ཅེས་ཁོང་གིས་འོལ་ཚོད་ཙམ་མིན་པར་ཉམས་མྱོང་གི་ཐོག་ནས་གསུངས་ཡོད།
འོན་ཀྱང་ཆོས་ལུགས་ཀྱིས་འགྲོ་བ་མིའི་དཀའ་རྙོག་ཐམས་ཅད་སེལ་མི་ནུས་པ་ནི་གསལ་པོ་རེད། འཛམ་་གླིང་འདིར་འཚོ་བའི་མི་དུང་ཕྱིར་བདུན་ཅུ་ལྷག་ཡོད། དེའི་ནང་ལ་རང་ཉིད་གང་ལ་ཞུགས་པའི་ཆོགས་ལུགས་ཀྱི་ལྟ་བ་དང་སྡོམ་ཁྲིམས་རྩེ་གཅིག་ཏུ་དང་ལེན་གནང་མཁན་ནི་མི་དུང་ཕྱིར་བཅུའང་ཡོད་མིན་སོམ་ཉིའི་གནས་རེད། ལྷག་མ་དུང་ཕྱིར་དྲུག་ཅུ་ནི་ཆོས་ལུགས་ཉམས་ལེན་བྱེད་མཁན་མིན་པ་དང་། ཆོས་ལུགས་གཏན་ནས་ཁས་མི་ལེན་པའང་མང་པོ་ཡོད།འདི་ལྟར་སྤྱི་ཚོགས་ཀྱི་གོམས་སྲོལ་དངོས་ལ་གཞིགས་ཚེ། ཆོས་ལུགས་ཀྱིས་དཀའ་རྙོག་ཐམས་ཅད་སེལ་བ་དང་འདོད་དོན་ཐམས་ཅད་སྒྲུབ་པ་ནི་ཆེས་ཤིན་ཏུ་དཀའ་བར་དཔོག་ཐུབ། དེ་ལྟར་ན་འུ་ཅག་ཅི་བྱ་གཏོལ་མེད་དུ་གྱུར་བ་རེད་དམ་ཟེར་ན། དེ་ནི་གཏན་མ་ཡིན་ཏེ། ཆོས་ལུགས་ཀྱི་མཚམས་ལས་བརྒལ་ནས་ང་ཚོས་འདོད་པའི་བདེ་བ་བསྒྲུབ་པར་ཕན་ཐོགས་ཤིང་། འཇིག་རྟེན་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་པའི་བླང་དོར་ཁག་ཅིག་ང་ཚོས་ལག་ལེན་དུ་བསྟར་ན་ད་གཟོད་ང་ཚོའི་དཀའ་རྙོག་རྣམས་སེལ་ཐུབ་ཅེས་གདམས་ཡོད།
བླང་དོར་གྱི་གཞི་རྩ་གང་ལ་བྱེད་དགོས།
སྤྱིར་ཆོས་ལུགས་སོ་སོ་དང་གང་ཟག་སྒེར་རེ་རེ་ལ་བླང་དོར་གྱི་རྩ་འཛིན་བྱེད་ཚུལ་རེ་རེར་བདོག་མོད། རེད་དེ་ང་ཚོས་ཆོས་ལུགས་གང་ཞིག་གཞི་རུ་འཛིན་དགོས་མིན་ནི་རྙོག་གྲ་ཆེན་པོ་ཞིག་རེད། ང་ཚོ་ཐུན་མོང་གིས་ཁས་ལེན་བྱེད་རུང་ཞིང་། ཆ་ཚང་ལ་བཀོལ་བདེ་བའི་ཆོས་ལུགས་ཤིག་མེད་ཕྱིར། ཆོས་ལུགས་ཀྱི་སྒྲིག་གཞི་འདི་རྣམས་བླང་དོར་གྱི་གཞི་རྩར་འཛིན་མི་འོས། འོ་ན་ཅི་ཞིག་བླང་དོར་གྱི་གཞི་རྩར་འཛིན་འོས་ཟེར་ན། དེ་ནི་ཆེས་རྒྱུན་ལྡན་གྱི་གོ་རྟོགས་སྤྱིར་བཏང་བ་ཞིག་ལ་བརྟེན་པའི་བསམ་བློ་ཞིག་སྟེ། ང་ཚོས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་འདི་ཡིན། གལ་སྲིད་ང་ཚོས་རང་གཞན་གྱི་བདེ་སྡུག་གི་ཚོར་བ་ལ་བསམ་བློ་མ་བཏང་ཚེ། ང་ཚོས་ཀུན་ཕན་ཡོངས་ཁྱབ་ཀྱི་བླང་དོར་སྒྲིག་གཞི་ཞིག་ལ་ཅི་ཙམ་བརྩོན་པ་བསྐྱེད་ཀྱང་རྙེད་མི་ཐུབ་པར་གསུངས་ཡོད།
དེས་ན་ང་ཚོས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་འདི་བླང་དོར་གྱི་གཞི་རྩར་བཞག་ནས་ཅི་ཞིག་སྒྲུབ་དགོས་ཟེར་ན། ང་ཚོའི་གཞི་རྩའི་ཡོན་ཏན་ཏེ་བརྩེ་བ་དང་སྙིང་རྗེ། བཟོད་པ་དང་དགོངས་ཡངས། ཆོག་ཤེས་དང་གཞན་སེམས་སོགས། ནང་སེམས་ཀྱི་ཡོན་ཏན་རྣམས་གོང་འཕེལ་དུ་བཏང་སྟེ་ཆོས་ཀྱི་གསར་བརྗེ་ཞིག་བྱེད་དགོས་པ་དེའོ།། མདོར་ན་ལེའུ་འདིར་གཙོ་བོ་བླང་དོར་གྱི་རྩ་འཛིན་གང་ལ་བྱེད་དགོས་མིན་རྩལ་འདོན་བགྱིས་ནས། ཞར་ལ་ཆོས་ཀྱི་གསར་བརྗེ་ཞིག་དགོས་པའི་གྲོས་གཞི་བཏོན་ཡོད། གྲོས་གཞི་དེའི་གནད་དོན་ཁག་ལེའུ་ཕྱི་མ་རྣམས་སུ་ཞིབ་མོ་རྣམ་འཐག་བྱེད་པར་བདམས་ཡོད།
20201/4/5ཉིན་ལ་བློ་བཟང་རིན་ཆེན་གྱིས་བྲིས།
མཆན།• འདི་ནི་ཆོས་གྲོགས་ཤེས་རབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་རྣམས་ལ་འུ་ཅག་གིས་རྒྱུས་ཡོད་བྱེད་དགོས་པའི་བསམ་ཚུལ་ལྷུག་པོར་བརྗོད་པས་མཐུན་རྐྱེན་བྱས་ཏེ་སྔར་ཁོ་བོས་ཀློག་འགོ་བརྩམས་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་རྫུ་འཕྲུལ་མེད་ལ་སྦས་དོན་ཡང་མེད་ཅེས་པའི་ལེའུ་ལ་བལྟས་པའི་བཀླགས་བྱང་ཙམ་ཡིན།