བློ་བཟང་རིན་ཆེན།
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་དང་པོའི་རྟེན་འབྱུང་དང་། དངོས་ཡོད་གནས་ལུགས་ཀྱི་རང་བཞིན་ཞེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།
ང་ཚོའི་སྣང་ཚུལ།
ལེའུ་འདིར་སྒྲུང་གཏམ་སྙིང་རྗེ་མོ་ཞིག་གིས་དང་པོར་གླེང་བསླངས་ནས་གདམས་ངག་ཆུ་བོའི་རྒྱུན་བཞིན་དུ་ལྷུག་པོར་གསུངས་གནང་འདུག སྒྲུང་གཏམ་དེ་གཤམ་ལ་
བཀོད་ན་འདི་ལྟར་“ལོ་འགའ་ཤས་ཀྱི་གོང་དུ་ངོས་ཀྱིས་ཉི་ཧོང་ནང་མང་ཚོགས་ལ་གཏམ་བཤད་བྱེད་སྐབས། ལག་ཏུ་མེ་ཏོག་གི་ཆུན་པོ་བཟུང་ཡོད་པའི་མི་འགའ་བདག་གི་ཕྱོགས་སུ་ཡོང་བཞིན་པ་མཐོང་བ་དང་། ངོས་རང་ཡར་ལངས་ནས་མེ་ཏོག་དེ་ལེན་པར་གྲ་སྒྲིག་བྱས་མོད། བསམ་ཡུལ་ལས་འདས་པ་ཞིག་ལ། ཁོ་ཚོས་ངོས་རང་སྣང་མེད་དུ་བཏང་ནས་མེ་ཏོག་དེ་དག་བདག་གི་རྒྱབ་ལོགས་སུ་ཡོད་པའི་མཆོད་ཁྲིའི་ཐོག་ལ་བཞག་སོང་། དེ་ནས་ངོས་རང་ངོ་ཚ་བཞིན་མར་བསྡད་པ་ཡིན་”ཞེས་པ་དེ་རེད། སྒྲུང་གཏམ་དེ་ནི་སྐུ་མདུན་རང་ལ་བྱུང་བའི་དངོས་ཡོད་ཀྱི་བྱུང་བ་ཞིག་རེད། དངོས་བྱུང་སྒྲུང་གཏམ་འདིས་ཅི་ཞིག་མཚོན་པ་རེད་ཟེར་ན། འདིས་ང་ཚོའི་སྣང་བ་དང་དོན་དངོས་གཉིས་ཀྱི་བར་ལ་ཧེ་བག་ཆེན་པོ་ཞིག་ཡོད་པའི་ར་སྤྲོད་བྱས་པ་རེད།
ང་ཚོའི་སྣང་ཚུལ་དང་དོན་དངོས་གཉིས་ཀྱི་བར་ལ་ཧེ་བག་ཆེན་པོ་ཞིག་ཡོད་པ་དངོས་ཡོད་ཡིན་ནའང་། ང་ཚོས་ཧེ་བག་དེ་མ་རྟོགས་པར་རང་ཉིད་སྡུག་ལ་སྦྱར་བའི་གཏམ་རྒྱུད་ནི་གྲངས་ལས་འདས། རང་ཉིད་ཀྱི་བྱུང་བ་ཞིག་དཔེར་མཚོན་དུ་བཀོད་ན། ངའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་གིས་རྒྱུན་དུ་ང་ལ་སྣང་མེད་དང་ཡིད་ཆེས་མེད་པའི་རྣམ་འགྱུར་ཞིག་སྟོན་བཞིན་འདུག རྣམ་འགྱུར་དེས་ང་ལ་མ་སྐྱིད་པ་མང་པོ་བཟོས་སོང་། རེད་དེ་གནས་ཚུལ་དེ་ཉིད་ངས་མི་སུ་གཅིག་ལ་མ་བཤད་པར་ཁོག་ལ་སྦས་ནས་ཟླ་བ་བཞི་ལྷག་ལ་བསྡད་ཡིན། ངའི་བསམ་ངོར་ཁོས་བསམ་བཞིན་དུ་ང་ལ་མ་དགའ་བ་དང་སྡང་སེམས་འཆང་གི་འདུག་བསམ། ཉིན་ཞིག་ང་ཁོ་རང་གི་ཤག་ལ་སོང་སྟེ་ཁྱེད་ལ་ག་རེ་བྱས་སོང་། ངས་ནོར་འཁྲུལ་ག་རེ་བྱས་སོང་ཞེས་སྐད་ཆ་དྲིས་པ་ཡིན། སྐབས་དེར་ཁོས་ཅི་ཡང་མི་སྨྲ་བར་མིག་མཐའ་ནས་མཆི་མ་ལྷུག་ལྷུག་བཞུར་སོང་། ངས་ཀྱང་མིག་ཆུ་དབང་མེད་དུ་ཤོར་ཏེ་ངེད་གཉིས་ཀྱིས་མཉམ་དུ་མིག་ཆུ་བཏང་བ་ཡིན། ཕྱིན་ཆད་ངེད་གཉིས་ཀྱིས་ཕན་ཚུན་ལ་དེ་ལྟར་རྣམ་འགྱུར་མི་སྟོན་པའི་ཁས་ལེན་བགྱིས་པ་ཡིན། དེ་ལྟར་དོན་དངོས་ལ་གཞིག་དུས་ཁོས་ང་ལ་སྡང་སེམས་བཅངས་པ་རྩ་བ་ནས་རེད་མི་འདུག དེ་ལྟར་དོན་དངོས་གསལ་པོར་རྟོགས་དུས་སྔར་གྱི་སྣང་ཚུལ་ནི་དབྱར་གྱི་འཇའ་ཚོན་བཞིན་དུ་ལྷག་མེད་དུ་ཡལ་ཞིང་། ཕན་ཚུན་སླད་མེད་ཀྱི་མཛའ་བརྩེ་ནི་སྔར་ལྟར་འོ་ཆུ་བཞིན་དུ་འདྲེས་སོང་། སྐབས་དེར་གཞན་ལ་ལྟོས་མེད་དུ་གྲུབ་པར་ལྟ་བའི་“འཛིན་སྟངས་དེ་ལྟ་བུའི་རྐྱེན་པས་ང་ཚོའི་ལྟ་རྒྱ་དང་མཐོང་རྒྱ་དོག་ཏུ་སོང་ནས་ང་ཚོའི་རྒྱུད་ལ་དངོས་ཡོད་དང་མི་མཐུན་པའི་རེ་འདོད་སྐྱེ་ཡི་ཡོད་”ཅེས་པའི་༧གོང་ས་མཆོག་གི་གསུང་འདི་ཅིས་མི་བདེན་སྙམ་བྱུང་།
དོན་དངོས་ལ་བློ་ཁ་ཕྱོགས་པ།
ང་ཚོའི་སྣང་ཚུལ་ལ་ཕུང་ཁམས་དང་སྐྱེ་མཆེད་གང་ལའང་མ་ལྟོས་པའི་ང་རང་འགའ་བ་ཞིག་སྣང་བཞིན་ཡོད། མ་ཟད་ཕྱི་རོལ་དངོས་པོ་ཐམས་ཅད་བདེན་པ་ཚུགས་ཐུབ་ཏུ་སྣང་བཞིན་ཡོད་རེད། འོན་ཏེ་དོན་དངོས་ཐོག་དངོས་པོ་ཐམས་ཅད་ཕན་ཚུན་བརྟེན་ནས་གྲུབ་པ་ཞིག་ལས་བདེན་པ་ཚུགས་ཐུབ་ཅིག་རྙེད་དུ་མེད། དཔེར་ན་ང་ཚོ་ཀུན་ལ་ཆེས་རྒྱུས་ཡོད་ཀྱི་ང་ཞེས་པའི་ཐ་སྙད་ཀྱི་གོ་དོན་ལ་དཔྱད་ན། ང་ཞེས་པ་ལྟོས་མེད་བདེན་པ་ཚུགས་ཐུབ་ཅིག་རྙེད་དུ་མེད་པར་ཕུང་ཁམས་སྐྱེ་མཆེད་སོགས་རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་པ་ཞིག་ལ་བརྟེན་ནས་བྱུང་བ་རེད། དེ་བཞིན་བུམ་པ་དང་ཤིང་རྟ་སོགས་ཐམས་ཅད་རྒྱུ་རྐྱེན་གྲངས་ལས་འདས་པ་ཞིག་ལ་བརྟེན་བྱུང་བ་གསལ་བོ་རེད།
ད་དུང་ཆ་དང་ཆ་ཅན་གྱི་ཐོག་ནས་མནོ་བསམ་བཏང་ན། དངོས་པོ་ཐམས་ཅད་ཆ་དང་ཆ་ཅན་གྱི་འབྲེལ་བའི་ཐོག་ནས་གྲུབ་པ་ཤ་སྟག་རེད། དཔེར་ན་ཆ་ཅན་རླངས་འཁོར་ལྟ་བུ་ལ་མཚོན་ན། རང་གི་ཆ་ཤས་རྣམས་ལ་མ་འབྲེལ་བར་ཆ་ཅན་རང་ཉིད་གྲུབ་ཏུ་མེད་པ་བཞིན། ཆ་ཅན་རང་ཉིད་མ་གྲུབ་པར་དེའི་ཆ་ཤས་རྣམས་ཀྱང་གྲུབ་ཏུ་མེད། དེ་བཞིན་དངོས་པོ་ཐམས་ཅད་རང་གི་ཆ་ཤས་རྣམས་དང་ལྟོས་མེད་དུ་གྲུབ་ཏུ་མེད་པ་འདིས་ཀྱང་། བདེན་པ་ཚུགས་ཐུབ་ཅིག་མེད་པ་ལ་འགྲེལ་བཤད་སྤུས་ལེགས་ཤིག་བགྱིད་ཐུབ།
ད་དུང་ལྟོས་གྲུབ་ཀྱི་རིགས་པའི་ལམ་ནས་སོམས་དང་། ཕ་མ་དང་བུ་ཕྲུག དགེ་རྒན་དང་སློབ་མ། བྱ་བ་དང་བྱེད་པོ། རྫུན་པ་དང་བདེན་པ། དངོས་པོ་དང་དངོས་མེད། འདས་པ་དང་མ་འོངས་པ། ཕ་རི་དང་ཚུར་རི་སོགས་ཐམས་ཅད་ཕན་ཚུན་ལྟོས་ནས་གྲུབ་པ་ལས་ལྟོས་མེད་རང་འགའ་བ་ཞིག་གཞལ་དུ་མེད། འདི་དག་ཐམས་ཅད་ཀྱིས་ང་ཚོའི་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་གསལ་བཤད་དམ། དོན་དངོས་རྗེན་པར་འཆད་པའི་ཐབས་ལམ་མཆོག་གྱུར་དེ་ཡིན་པར་གདམས་ཡོད།
དོན་དངོས་ལ་ཞིབ་འཇུག་བྱས་པའི་དགོས་པ།
འདི་ལྟར་ང་ཚོའི་སྣང་ཚུལ་ལ་སུན་འབྱིན་དང་དོན་དངོས་ལ་ཞིབ་ལྟ་བྱས་པར་དགོས་པ་ཡོད་དམ། འདིས་ང་ཚོར་ཇི་ལྟར་ཕན་ཐོགས་སམ་ཞེ་ན། ཞིབ་ལྟ་འདིས་ང་ཚོར་གནད་དོན་གལ་ཆེན་ཁག་ཅིག་ངོ་སྤྲོད་བྱས་ཡོད། “དང་པོར་རང་ལ་སྣང་ཞིང་རང་གིས་མྱོང་བའི་བྱ་དངོས་གང་ཞིག་ཡིན་རུང་། ཕན་ཚུན་བརྟེན་ཅིང་འབྲེལ་བའི་རྒྱུ་རྐྱེན་གྱི་ཚོགས་པ་ཆེན་པོ་ཞིག་གི་འབྲས་བུར་རྟོགས་སྐབས། ང་ཚོའི་མཐོང་རྒྱ་དང་ལྟ་རྒྱ་ལ་གཞི་རྩའི་ཆ་ནས་འཕོ་འགྱུར་”ཆེན་པོ་ཞིག་འགྲོ་བ་ངེས་གཏན་རེད།
དེ་ནས་“རང་ཉིད་འཚོ་སའི་འཇིག་རྟེན་འདི་ནི་སྐྱེ་ལྡན་གསོན་པོ་ལྟ་བུར་སྣང་འགོ་ཚུགས་རྒྱུ་རེད། དེ་ཡང་སྐྱེ་ལྡན་ཞིག་གི་སྟེང་དུ་ཡོད་པའི་ཕྲ་ཕུང་རེ་རེས་ཕྲ་ཕུང་གཞན་རྣམས་དང་སྙོམ་སྒྲིག་གི་ངང་ནས་མཉམ་འབྲེལ་བྱེད་བཞིན། སྐྱེ་ལྡན་དེའི་སྤྱིའི་རྣམ་པ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཕྲ་ཕུང་དེ་ཚོའི་ནང་གི་གཅིག་ལ་ན་ཚ་ལྟ་བུའི་གནོད་འཚེ་བྱུང་ན། སྙོམ་སྒྲིག་དེར་ཉམས་ཆག་འབྱུང་བར་མ་ཟད། སྐྱེ་ལྡན་དེའི་སྤྱིའི་ངོ་བོ་ལའང་གནོད་སྐྱོན་འབྱུང་གི་ཡོད་”པའི་གནས་ཚུལ་བསྟན་ཡོད།
མ་ཟད་“ང་ཚོ་སྒེར་སོ་སོའི་བདེ་སྡུག་ནི་རང་ཉིད་འཚོ་སའི་ཁོར་ཡུག་དང་། འགྲོ་བ་མི་གཞན་དག་གི་བདེ་སྡུག་དང་འབྲེལ་བ་དམ་པོ་ཡོད་ལ། ང་ཚོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཐམས་ཅད་ཇི་འདྲ་ནུས་མེད་ཆོ་མེད་ཅིག་ཏུ་སྣང་ཡང་། དེ་དག་གིས་རང་ཉིད་ཙམ་དུ་མ་ཟད་གཞན་ཚང་མར་ཤུགས་རྐྱེན་ཐེབས་ཀྱི་ཡོད་”པ་བསྟན་ཡོད།
དེ་ལྟར་“དངོས་ཡོད་གནས་ལུགས་ནི་རྟེན་འབྲེལ་གྱི་རང་བཞིན་ཡིན་པར་གཞིགས་ཚེ། གཞན་གྱི་བདེ་སྡུག་དང་གཏན་ནས་མ་འབྲེལ་བའི་བདག་གི་བདེ་སྡུག་ཅིག་མེད་”ཅིང་། དངོས་ཡོད་གནས་ལུགས་འདི་གཞི་རུ་བཞག་ནས་ལྟ་དུས། ང་ཚོའི་བདེ་སྡུག་ནི་ཕན་ཚུན་གཅིག་ཏུ་འདྲེས་ནས་ཡོད་པ་ལ་གོ་རྟོགས་ཟབ་མོ་ཞིག་ངང་གིས་སྟེར་ཡོང་།
མ་ཟད་“རྟེན་འབྱུང་གི་ལྟ་བ་འདིས་རྒྱུ་འབྲས་ཀྱི་དངོས་ཡོད་གནས་ལུགས་དེ་ཆེས་གལ་ཆེན་དུ་བརྩི་བཞིན་ཡོད། དེ་ཡང་རྒྱུ་ངེས་ཅན་ཞིག་གིས་འབྲས་བུ་ངེས་ཅན་ཞིག་བསྐྱེད་པ་དང་། བྱ་སྤྱོད་ངེས་ཅན་ཞིག་གིས་བདེ་སྐྱིད་བསྐྲུན་ཞིང་། བྱ་སྤྱོད་ངེས་ཅན་ཞིག་གིས་རང་ཉིད་སྡུག་བསྔལ་ལ་སྦྱོར་གྱི་ཡོད། དེ་བས་ན་བདེ་སྐྱིད་བསྐྲུན་པའི་བྱ་སྤྱོད་གང་ཞིག་ཡིན་ཡང་ང་ཚོས་དེ་ལ་འབད་བརྩོད་བྱེད་དགོས་པ་དང་། སྡུག་བསྔལ་བསྐྲུན་པའི་བྱ་སྤྱོད་གང་ཞིག་ཡིན་ཡང་། ང་ཚོས་དེ་ལ་འཛེམ་དགོས་པ་ནི་མི་ཚང་མའི་ཁེ་ཕན་ཞིག་ཡིན་”ཞེས་གདམས་ཡོད། མདོར་ན་ང་ཚོའི་བདེ་སྡུག་ནི་དབྱེར་མེད་གཅིག་ཏུ་འདྲེས་ཡོད་སྟབས་། ང་ཚོའི་བདེ་སྡུག་ནི་བདེ་སྐྱིད་འཚོལ་སྙེག་གི་བླང་དོར་གྱི་རྣམ་གཞག་ཏུ་ཁ་བྲལ་ཐབས་མེད་པ་ཞིག་ཏུ་འཁུམས།
2020/4/13ཉིན་ལ་བློ་བཟང་རིན་ཆེན་གྱིས་བྲིས།
མཆན།• འདི་ནི་ཆོས་གྲོགས་ཤེས་རབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་རྣམས་ལ་འུ་ཅག་གིས་རྒྱུས་ཡོད་བྱེད་དགོས་པའི་བསམ་ཚུལ་ལྷུག་པོར་བརྗོད་པས་མཐུན་རྐྱེན་བྱས་ཏེ་སྔར་ཁོ་བོས་ཀློག་འགོ་བརྩམས་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་རྟེན་འབྱུང་དང་དངོས་ཡོད་གནས་ལུགས་ཀྱི་རང་བཞིན་ཞེས་པའི་ལེའུ་ལ་བལྟས་པའི་བཀླགས་བྱང་ཙམ་ཡིན།