བློ་བཟང་རིན་ཆེན།
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་དང་པོའི་དམིགས་འདུན་བསྐྱར་དུ་ངོས་འཛིན་པ་ཞེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།
འཕྲལ་གྱི་བདེ་སྐྱིད།
ལེའུ་འདིའི་མིང་ལ་དམིགས་འདུན་བསྐྱར་དུ་ངོས་འཛིན་པ་ཞེས་བཏགས་པ་བཞིན། འདིར་ཕྱག་དེབ་འདིའི་དམིགས་འདུན་བསྐྱལ་དུ་གླེང་འདུག དེའང་
ཕྱག་དེབ་འདིའི་དམིགས་འདུན་ནི་ལེའུ་སྔ་མ་དག་ལ་གསུངས་པ་བཞིན་འཛམ་གླིང་ཡོངས་ཁྱབ་ཀྱི་བདེ་སྐྱིད་ཅིག་མཁོ་སྤྲོད་བྱས་འདུག དེའང་གང་ཟག་སོ་སོས་ངོས་འཛིན་བྱས་པའི་བདེ་སྐྱིད་ལ་གླེང་སློང་དང་ཞིབ་འཇུག་མང་པོ་མཛད་ནས་ཐ་མར་༧གོང་ས་མཆོག་རང་ཉིད་ཀྱིས་ངོས་འཛིན་གནང་བའི་འཛམ་གླིང་ཡོངས་ཁྱབ་ཀྱི་བདེ་སྐྱིད་དང་དེ་སྒྲུབ་པའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་གསུངས་འདུག དེ་བཞིན་ཁོ་བོས་ཀྱང་འདིར་འཕྲལ་གྱི་བདེ་སྐྱིད་དང་། བདེ་སྐྱིད་དངོས་གནས། དེ་སྒྲུབ་པའི་ཐབས་ལམ་ཞེས་ས་བཅད་གསུམ་གྱི་སྒོ་ནས་གླེང་བར་བྱ།
སྤྱིར་བདེ་སྐྱིད་ཀྱི་རང་བཞིན་དང་ངོ་བོའི་སྐོར་ལ་གང་ཟག་སོ་སོས་ངོས་འཛིན་དང་མྱོང་ཚུལ་མི་འདྲ་བ་སྣ་ཚོགས་ཡོད། མི་གཅིག་ལ་དགའ་འོས་པའི་དོན་དག་ཅིག་ཡིན་རུང་། གཞན་ལ་སྡུག་བསྔལ་གྱི་འབྱུང་ཁུངས་ཤིག་ཏུ་མི་འགྱུར་བའི་ངེས་པ་མེད། དཔེར་ན་རྒྱུན་དུ་དཔེ་ཀློག་བྱ་རྒྱུ་ནི་ཤེས་རིག་གི་མེ་ཏོག་འཐུ་བར་བརྩོན་པའི་སློབ་བུ་ཞིག་གི་དགའ་འོས་པའི
དོན་དག་ཅིག་ཡིན་རུང་། མི་ཚེ་རི་ལ་སྐྱེལ་བའི་འབྲོག་པ་རྒན་པོ་ཞིག་གི་སྡུག་བསྔལ་གྱི་གཞི་ཡིན་ངེས། དེ་བཞིན་མི་མང་པོ་ཞིག་གིས་བདེ་སྐྱིད་ཀྱི་རྩ་བར་རྩི་བའི་རྒྱུ་ནོར་འབེལ་བོ་དེ་ཡང་། མི་མང་པོ་ཞིག་ལ་གཞན་གྱིས་བརྐུ་བར་དོགས་པའི་སེམས་ཁྲལ་དང་། བཙན་པོས་འཕྲོག་འགྲོ་སྙམ་པའི་འཇིགས་སྐྲག མཛེས་མས་བསླུ་འགྲོ་བསམ་པའི་རེ་དོགས་སོགས། ཉིན་མཚན་བར་མེད་དུ་སེམས་ཁྲལ་གྱི་གནས་སུ་གྱུར་ཏེ་མི་ཚེའི་ནང་གི་སྡུག་བསྔལ་གྱི་གཞི་མར་གྱུར་ཡོད། མདོར་ན་ཐོབ་དང་གོ་ས། གཏམ་དང་སྙན་གྲགས། རྒྱུ་ནོར་ལོངས་སྤྱོད། འདོད་པའི་འཁྲིག་སྤྱོད་ཀྱི་བདེ་སྐྱིད་སོགས་ཐམས་ཅད་འཕྲལ་གྱི་བདེ་སྐྱིད་དམ་ཉི་ཚེ་བའི་བདེ་སྐྱིད་དུ་བསྟན་པའི་གོ་བ་རྙེད་བྱུང་།
བདེ་སྐྱིད་དངོས་གནས།
རྒྱ་གར་མཁས་པ་ཞིག་གིས་གོང་དུ་གླེང་བའི་བདེ་སྐྱིད་ཉི་ཚེ་བའམ་འཕྲལ་གྱི་བདེ་སྐྱིད་རྣམས་ལོངས་སུ་སྤྱོད་པ་ནི་ལན་ཚྭ་ཟོས་པ་དང་གཅིག་མཚུངས་ཡིན་པའི་མཇུག་བསྡོམས་བཀོད་ཡོད། ཇི་ཙམ་ལོངས་སྤྱད་ན་དེ་ཙམ་གྱིས་འདོད་པ་དང་སྐོམ་པ་ཆེ་རུ་འགྲོ་བར་གདམས་ཤིང་། ནང་པའི་གཞུང་ནས་ཀྱང་དེ་དག་སྡུག་བསྔལ་གྱི་ཁོངས་སུ་བསྡུས་ཡོད།
དེས་ན་བདེ་སྐྱིད་དངོས་གནས་དེ་གང་ཡིན་ནམ་ཟེར་ན། དེ་ནི་ཚིག་གཅིག་གིས་གསལ་བཤད་བྱེད་མི་ཐུབ་རུང་། “ངོས་རང་གི་མི་ཚེའི་ནང་དཀའ་ཁག་དང་འགན་ཁུར་ཧ་ཅང་ཆེན་པོ་མང་པོ་ངོས་ཀྱི་ཕྲག་ཏུ་བབས་མྱོང་བ་སྟེ། ལོ་བཅུ་དྲུག་གི་སྟེང་བོད་བཙན་བཟུང་བྱེད་སྐབས། ངོས་ཀྱིས་རང་གི་རང་དབང་ཤོར་ཞིང་། ལོ་ཉེར་བཞིའི་ཐོག་བཙན་བྱོལ་དུ་འགྲོ་སྐབས་རང་གི་རྒྱལ་ཁབ་ཀྱང་ཤོར་སོང་། ཆོས་ལུགས་ཀྱི་ཕྱོགས་ནས་བརྗོད་ན་རྒྱ་གར་ནི་ངོས་ཀྱི་ཕ་ཡུལ་ལྟ་བུ་ཡིན་ཡང་། ཕྱིའི་རྒྱལ་ཁབ་ཁག་གཅིག་ཏུ་སྐྱབས་བཅོལ་བ་ཞིག་གི་ངོ་བོ་ནས་འཚོ་སྡོད་བྱས་ནས་ལོ་ངོ་བཞི་བཅུ་ལྷག་འགོར་ཡོད། དུས་ཡུན་དེའི་རིང་ལ་ངོས་ཀྱིས་རང་དང་གཅིག་མཚུངས་སུ་བཙན་བྱོལ་ལ་འབྱོར་བའི་བོད་མི་ཚོ་དང་། ཚད་གཞི་ངེས་ཅན་ཞིག་ལ། བོད་དུ་ཡོད་པའི་བོད་མི་ཚོར་ཞབས་ཕྱུ་བསྒྲུབ་པར་གང་ཐུབ་ཅི་ཐུབ་ཀྱིས་ཧུར་བརྩོན་བྱས་ནའང་། ངོས་ཀྱི་ཕ་ཡུལ་གངས་ལྗོངས་སུ་ཚད་མེད་ཀྱི་གཏོར་བཅོམ་དང་སྡུག་བསྔལ་བྱུང་ཡོད། དེ་བཞིན་ཨ་མ་གཙོས་ཉེ་འབྲེལ་དང་གྲོགས་པོ་ཉེ་པོ་གང་མང་ཞིག་འཇིག་རྟེན་འདི་དང་ཁ་བྲལ་སོང་། འོན་ཀྱང་བོར་ཤོར་དང་གོད་ཆག་འདི་དག་ལ་བསམ་བློ་གཏོང་སྐབས་ངོས་རང་སེམས་སྡུག་ནའང་། ངོས་རང་གི་སེམས་ཁམས་རྩ་བའི་བདེ་ཐང་གི་ཕྱོགས་བརྗོད་ན། ངོས་ནི་རྒྱུན་དུ་སེམས་བདེ་ཞིང་ཡིད་ཚིམ་ཡོད། ཐ་ན་དཀའ་ཁག་ཆེན་པོ་ཞིག་བྱུང་རུང་། དེས་ངོས་རང་གི་གཞི་རྩའི་སེམས་ཀྱི་ཞི་བདེ་ལ་རྒྱུན་དུ་གཏོར་བརླག་བྱེད་མི་ཐུབ་པ་དང་། ངོས་ཀྱིས་རང་ཉིད་ནི་སྐྱིད་པོ་ཡིན་པ་ཐེ་ཚོམ་མེད་པར་གཞན་ལ་བརྗོད་ཐུབ།”ཅེས་སྤོབས་པ་དང་ལྡན་པའི་སྒོ་ནས་རང་ཉིད་སྐྱིད་པོ་ཡིན་པར་བསྒྲགས་ཡོད། དེ་ལྟར་༧གོང་ས་མཆོག་རང་ཉིད་ཀྱི་གོ་རྟོགས་དང་ཉམས་མྱོང་གི་ཐོག་ནས་དཔྱད་ཚེ་བདེ་སྐྱིད་དངོས་གནས་ནི་སེམས་ཀྱི་ཞི་བདེ་ཡིན་པར་གདམས་ཡོད།
སེམས་ཀྱི་ཞི་བདེ་ནི་བདེ་སྐྱིད་ངོ་མ་དེ་ཡིན་པའི་བདེན་པ་འདིས་“ཕྱི་དངོས་པོའི་མཐུན་རྐྱེན་ཡོད་ཚད་ཚང་ཡང་སེམས་མི་སྐྱིད་པའི་མི་དང་། དཀའ་སྡུག་གི་གནས་སྟངས་ལ་གདོང་ལེན་བྱེད་དགོས་ཀྱང་སེམས་སྐྱིད་པའི་མི་ཡོད་པའི་འགལ་བ་ལ་གསལ་བཤད་”ཡང་དག་བྱས་ཡོད། “དཔེར་ན་༧གོང་ས་མཆོག་བཙན་བྱོལ་དུ་འབྱོར་བའི་ཟླ་འགའི་ནང་། བོད་མི་སྟོང་ཕྲག་བརྒྱད་ཅུ་བོད་དང་ཁ་བྲལ་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་བ་”རེད། སྐབས་དེར་ཁོ་ཚོའི་དཀའ་ངལ་ནི་ཧ་ཅང་ཚབས་ཆེན་རེད། ཁོ་ཚོར་ཁ་ཟས་དང་གྱོན་ཆས། ནད་ཡམས་དང་ཚ་གདུག་གིས་མནར་བ་སོགས་དཀའ་ངལ་ཚད་མེད་མྱངས་ཡོད་ཀྱང་། ཁོ་ཚོར་སེམས་གཅོང་བྱུང་བའི་རྟགས་མཚན་ཅི་ཡང་སྟོན་རྒྱུ་མེད། མ་ཟད་རེ་བ་དང་ཡིད་ཆེས་ཀྱི་ཀློང་ནས་ཁོ་ཚོ་སྔར་བཞིན་འཚོ་བ་ལ་གསོན་ཤུགས་ཀྱིས་ཁེངས་པར་གསུངས་ཡོད། བྱུང་བ་དེའི་ཤུགས་ལ་“གལ་ཏེ་ང་ཚོས་སེམས་ཀྱི་ཞི་བདེ་ལ་གོམས་འདྲིས་བྱས་ནས་གོང་འཕེལ་དུ་བཏང་ན། སོ་སོའི་མི་ཚེའི་ནང་དཀའ་སྡུག་ཅི་ཞིག་ལ་འཕྲད་རུང་། གཞི་རྩའི་སེམས་ཀྱི་བདེ་ཐང་གི་འདུ་ཤེས་ལ་གནོད་པ་འབྱུང་རྒྱུ་མ་རེད། གཞི་རྩའི་སེམས་ཀྱི་ཞི་བདེ་འདི་འབྱུང་བར་ཕྱིའི་རྐྱེན་དགོས་ངེས་ཡིན་ཡང་། ཕྱི་དངོས་པོའི་ཡར་རྒྱས་གཅིག་པུས་ནམ་ཡང་ང་ཚོ་ཡོངས་སུ་བདེ་བར་བྱེད་པར་འདོད་ན་ནོར་འཁྲུལ་ཡིན་”ཞེས་གདམས་པ་འདི་ཁུང་དུ་ཆུད་དགོས།
དེ་སྒྲུབ་པའི་ཐབས་ལམ།
དེས་ན་དེ་ལྟ་བུའི་བདེ་སྐྱིད་དངོས་གནས་སམ། སེམས་ཀྱི་ཞི་བདེ་སྒྲུབ་པའི་ཐམས་ལམ་སྣ་ཚོགས་ཤིག་མཆིས། དེ་ཡང་ཅུང་ཙམ་གསལ་བོར་བཤད་ན་འཕྲོད་བསྟེན་བཟང་པོ་དང་། བློས་ཐུབ་གྲོགས་པོ། རྒྱུ་ནོར་ཚད་ལྡན། རང་དབང་ལོངས་སྤྱོད་སོགས་ཕྱིའི་མཐུན་རྐྱེན་འདི་དག་ལ་སེམས་ཀྱི་ཞི་བདེ་བསྐྲུན་པའི་བྱེད་ལས་གལ་ཆེན་རེ་ལྡན་ཡང་། “ནང་སེམས་ཀྱི་ཞི་བདེ་མེད་ན། ཡུན་དུ་བརྟན་པའི་བདེ་བ་འཐོབ་པའི་རེ་བ་བཅོལ་ས་ཞིག་མེད་པར་གྱུར་ཡོད་”ཅེས་གསུངས་ཡོད།
སེམས་ཀྱི་ཞི་བདེ་ནི་སྨན་དང་འཕྲུལ་ཆས་ཀྱིས་བསྐྲུན་རྒྱུ་མིན་པར་དེ་སྒྲུབ་པའི་རྒྱུ་རྐྱེན་རྣམས་ངོས་འཛིན་བྱས། དེ་ནས་རྒྱུ་རྐྱེན་དེ་དག་ཚང་བར་འབད་བརྩོན་ཧུར་ཐག་བྱེད་དགོས། བརྒྱུད་རིམ་དེའི་ཁྲོད་ང་ཚོས་རྒྱུན་བསྲིང་དགོས་པའི་ཆ་གཉིས་ཡོད། “ཕྱོགས་གཅིག་ནས་ང་ཚོས་རང་ཉིད་དེའི་འགལ་རྐྱེན་ལས་སྲུང་དགོས་པ་དང་། ཕྱོགས་གཞན་ནས་ང་ཚོས་དེའི་མཐུན་རྐྱེན་རྣམས་གོང་འཕེལ་དུ་གཏོང་དགོས།” རང་ཉིད་དེའི་འགལ་རྐྱེན་ལས་སྲུང་ཚུལ་ནི། རང་ཉིད་ཀྱི་བསམ་བློའི་འཁྱེར་སོ་དང་འདུ་ཤེས་འཛིན་སྟངས་ལ་བཅོས་བསྒྱུར་བྱས་ནས་སྟངས་འཛིན་བྱེད་དགོས་པ་དེ་རེད། དེ་ཡང་རྒྱལ་སྲས་ཆེན་མོ་ཞི་བ་ལྷས་“ས་སྟེང་འདི་དག་ཀོས་གཡོག་ཏུ།། དེ་སྙེད་ཀོ་བས་ག་ལ་ལང་།། ལྷམ་མཐིལ་ཙམ་གྱི་ཀོ་བས་ནི།། ས་སྟེང་ཐམས་ཅད་གཡོགས་དང་འདྲ།།”ཞེས་གསུངས་པ་བཞིན། ང་ཚོས་རྟག་ཏུ་ཕྱིའི་གནས་སྟངས་ལ་བཅོས་བསྒྱུར་བྱས་ནས་རང་ཉིད་དང་འཚམ་པོར་བྱེད་མི་ཐུབ་ནའང་། རང་གིས་བསམ་བློའི་འཁྱེར་སོ་དང་འདུ་ཤེས་འཛིན་སྟངས་ལ་བཅོས་བསྒྱུར་བྱེད་ཆོག་པ་དེའོ།།
མཐུན་རྐྱེན་རྣམས་གོང་འཕེལ་དུ་གཏོང་ཚུལ་ནི་ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱི་བླང་དོར་ལ་བརྟེན་ནས་བྱམས་པ་དང་སྙིང་རྗེ། བཟོད་སེམས་དང་དགོངས་ཡངས། ཁེངས་སྐྱུང་དང་བཟོད་བསྲན་སོགས། སེམས་ཀྱི་དཔལ་ཡོན་རྣམས་གོང་འཕེལ་དུ་གཏོང་བ་དེའོ།།
སེམས་ཀྱི་ཞི་བདེ་སྒྲུབ་པའི་ཐབས་ལམ་ཡག་ཤོས་ནི་གཞན་ཕན་གྱི་སེམས་ཡིན་ཞེས་ལེའུ་འདིར་༧གོང་ས་མཆོག་གིས་ནན་གྱིས་གསུངས་ཡོད། དཔེར་ན་“གཞན་སེམས་ནི་བདེ་བ་ངོ་མ་བསྐྱེད་པའི་བྱ་སྤྱོད་ཀྱི་ཆ་ཤས་མེད་དུ་མི་རུང་བ་ཞིག་ཡིན་”ཞེས་པ་དང་། “གཞན་སེམས་ཀྱི་སྤྱོད་པ་ནི་བདེ་སྐྱིད་ངོ་མ་འཚོལ་སྒྲུབ་ཀྱི་འཇུག་སྒོ་ཕན་རླབས་ཆེ་ཤོས་དེ་ཡིན་”ཞེས་གསུངས་ཡོད། ད་དུང་“རང་གི་མི་ཚེ་ལ་ཕྱི་མིག་གིས་བལྟས་ཚེ། ཏཱ་ལའི་བླ་མའི་གོ་གནས་དང་། དེ་ལས་བྱུང་བའི་ཆབ་སྲིད་ཀྱི་ནུས་སྟོབས་དང་རྒྱུ་ནོར་སོགས་ཀྱིས་བསྐྱེད་པའི་བདེ་ཚོར་ནི། ངོས་ཀྱིས་མི་གཞན་ལ་ཕན་ཐོགས་པའི་གནས་སྐབས་སུ་མྱོང་བའི་བདེ་བ་དང་བསྡུར་ན་ཅི་ཡང་མིན་”ཞེས་གསུངས་པ་སོགས། མདོར་ན་གཞན་ཕན་གྱི་སེམས་ནི་སེམས་ཀྱི་ཞི་བདེ་སྒྲུབ་པའི་ཐམས་ལམ་མཆོག་ཏུ་གྱུར་བའོ་ཞེས་མཇུག་བསྡོམས་སུ་མཛད་འདུག
མཆན།• འདི་ནི་ཆོས་གྲོགས་ཤེས་རབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་རྣམས་ལ་འུ་ཅག་གིས་རྒྱུས་ཡོད་བྱེད་དགོས་པའི་བསམ་ཚུལ་ལྷུག་པོར་བརྗོད་པས་མཐུན་རྐྱེན་བྱས་ཏེ་སྔར་ཁོ་བོས་ཀློག་འགོ་བརྩམས་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་དམིགས་འདུག་བསྐྱལ་དུ་ངོས་འཛིན་པ་ཞེས་པའི་ལེའུ་ལ་བལྟས་པའི་བཀླགས་བྱང་ཙམ་ཡིན།
2020/4/20ལ་བློ་བཟང་རིན་ཆེན་གྱིས་བྲིས།
བློ་བཟང་རིན་ཆེན་གྱི་ཕྱག་བྲིས་སུ་མཛད་འདུག སོགས་ལ་དཔྱད་ན། ལ་དྭགས་པ་ཞིག་གིས་བྲིས་པ་སྙམ་ཡང་། གྱུར་བ། མཐོང་བས། ཁ་བོའི་དཔྱད་པ་གྱུར་ཏོ།