བློ་བཟང་རིན་ཆེན།
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གཉིས་པའི་དགེ་བ་འཚོལ་སྒྲུབ་ཀྱི་བཟང་སྤྱོད་ཅེེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།
སྔོན་གླེང་།
ཁོ་བོས་ལེའུ་འདི་ཀློག་སྐབས་སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཀུན་གླེང་ལས་རིམ་ནང་དུ་ལྗགས་ལན་གནང་བ་ཞིག་ཡིད་ལ་དྲན་བྱུང་། ཁོང་གིས་སྐུ་མདུན་གྱིས་ལྗགས་རྩོམ་མཛད་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>་གི་བརྗོད་བྱའི་གཞི་འཛིན་ས་གལ་ཆེན་ཞིག་ནི་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་<<སྤྱོད་འཇུག་ཆེན་མོ་>>རེད་ཅེས་གསུངས་པ་འདི་རེད། ལེའུ་འདི་ཀློག་སྐབས་ཏག་ཏག་སྤྱོད་འཇུག་ཆེན་མོའི་བྲོ་བ་ཚོར་བྱུང་། མ་ཟད་ལེའུ་སྔ་མ་དག་ཏུའང་སྤྱོད་འཇུག་ཆེན་མོའི་དྲི་བཟང་འཐུལ་བཞིན་པ་ད་ལྟ་གཞི་ནས་ཚོར་བྱུང་། གོང་དུ་“ང་ཚོས་རྟག་ཏུ་ཕྱིའི་གནས་སྟངས་ལ་བཅོས་བསྒྱུར་བྱས་ནས་རང་དང་འཚམ་པར་བྱེད་མི་ཐུབ་ནའང་། ང་ཚོས་རང་གི་བསམ་བློའི་འཁྱེར་སོ་དང་འདུ་ཤེས་འཛིན་སྟངས་ལ་བཅོས་བསྒྱུར་བྱེད་ཆོག་”ཅེས་པའི་ལེགས་བཤད་ལ་་“སེམས་ཅན་མི་སྲུན་ནམ་མཁའ་བཞིན།། དེ་དག་གཞོམ་གྱིས་ཡོང་མི་ལང་།། ཁྲོ་བའི་སེམས་འདི་གཅིག་བཅོམ་ན།། དགྲ་དེ་ཐམས་ཅད་ཆོམས་དང་འདྲ།།”ཞེས་པའི་ཞི་བ་ལྷའི་ལེགས་བཤད་ཀྱི་སྙིང་བཅུད་ཞུགས་ཡོད་པ་གཞི་ནས་ཚོར་བྱུང་།
ཡང་ཁོང་ཁྲོའི་ཉེས་དམིགས་གསུང་སྐབས་“ང་ཚོ་ཁོང་ཁྲོ་ལངས་ནས་མཚམས་རེར་ཚིག་རྩུབ་བཀོལ་བར་སོམས་དང་། ཚིག་རྩུབ་ཀྱིས་མཛའ་བཤེས་ལ་གཏོར་བརླག་བྱེད་ཅིང་། བདེ་སྐྱིད་ནི་གཞན་དང་མཛའ་འབྲེལ་གྱི་རྒྱབ་ལྗོངས་ཤིག་ལ་བརྟེན་ནས་འབྱུང་གི་ཡོད་པས། གལ་ཏེ་མཛའ་བརྩེ་ལ་གཏོར་བརླག་བྱས་ན། བདེ་སྐྱིད་ཀྱི་རྩ་བའི་རྒྱུ་རྐྱེན་ཞིག་ཀྱང་ཉམས་དམས་སུ་གཏོང་གི་ཡོད།”ཅེས་གསུངས་ཡོད། གསུང་འདིའི་རྒྱབ་ལྗོངས་ལ་དངོས་ཡོད་དང་མཐུན་པའི་ཉམས་མྱོང་དང་། ཞི་བ་ལྷའི་“དེ་ཡིས་མཛའ་བཤེས་སྐྱོ་བར་འགྱུར།། སྦྱིན་པས་བསྡུས་ཀྱང་བསྟེན་མི་བྱེད།། མདོར་ན་ཁྲོ་བས་བདེར་གནས་པ།། དེ་ནི་འགའ་ཡང་ཡོད་མ་ཡིན།།”ཞེས་པའི་ལེགས་བཤད་ཀྱི་སྲོག་རྟ་བྱས་པ་ཡོད་པ་ནི་རྟོགས་སླ་བ་ཞིག་མ་རེད་དམ།
ཡང་ལེའུ་འདིར་ཁོང་ཁྲོའི་ཡུལ་ངོས་འཛིན་སྐབས་“དབྱུག་པ་ལ་སོགས་དངོས་བཀོལ་ཏེ།། གལ་ཏེ་འཕེན་པ་ལ་ཁྲོ་ན།། དེ་ཡང་ཞེ་སྡང་གིས་རྦད་པས།། ཉིས་ན་ཞེ་སྡང་ལ་ཁྲོ་རིགས།།”ཞེས་པའི་ཞི་བ་ལྷའི་ལེགས་བཤད་གཞི་རུ་བཟུང་ནས་གསུངས་པ་ཚིག་རིས་མཐོང་བ་ཙམ་གྱིས་ཁོང་དུ་ཆུད་སླ་བ་ཞིག་གོ །
ད་དུང་རང་གཞན་ལ་བསྟོད་བསྔགས་བྱེད་ཚུལ་གསུང་སྐབས་“གང་དུ་འོས་འཚམ་ཡིན་པ་དེར་བསྟོད་པ་བྱས་ནས་སེམས་ཤུགས་སྤེལ་བ་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ན་ཕན་ཐོགས་ཆེ། གལ་ཏེ་སོ་སོའི་བསྟོད་པ་དེ་སེམས་གཏིང་ནས་ཡོང་གི་མེད་པ་དང་། ཡང་ན་དེས་ཕ་རོལ་པོར་རློམ་སེམས་བསྐྱེད་པར་སྙམ་ན། དེ་ལྟར་མ་བྱས་ན་ལེགས་ཤིང་། གཞན་གྱིས་ང་ཚོར་བསྟོད་པ་བྱེད་སྐབས། དེ་ནི་ང་རྒྱལ་དང་ཁེངས་དྲགས་ཀྱི་རྒྱུ་རྐྱེན་དུ་འགྲོ་རུ་མ་བཅུག་པར། རང་གི་ཡོན་ཏན་ལ་རྗེས་སུ་ཡི་རང་བྱེད་པའི་གཞན་གྱི་བྱ་སྤྱོད་ནང་སྦྱིན་གཏོང་གནང་ཡོད་པ་ང་ཚོས་ངོས་འཛིན་བྱེད་ཐུབ་དགོས།”ཞེས་པའི་གསུང་ཚིག་འདི་ལའང་ཞི་བ་ལྷའི་“བསོད་ནམས་བྱེད་པ་མཐོང་གྱུར་ན།། བསྟོད་པས་ལེགས་པར་དགའ་བ་བསྐྱེད།། ལྐོག་ན་ཡོན་ཏན་བརྗོད་བྱ་ཞིང་།། ཡོན་ཏན་བརྗོད་ན་རྗེས་སུ་བརྗོད།། རང་གི་ཡོན་ཏན་བརྗོད་ན་དེ།། ཡོན་ཏན་ཡིན་པར་རིག་པར་བྱ།། རྩོམ་པ་ཐམས་ཅད་དགའ་ཕྱིར་ཏེ།། དེ་ནི་རིན་གྱིས་ཉོ་ནའང་དཀོན།།”ཞེས་པའི་ལེགས་བཤད་ཀྱི་རོལ་བཅུད་ཕུན་སུམ་ཚོགས་པ་ཞིག་ལྡན་པ་བལྟས་པ་ཙམ་གྱིས་གྲུབ་པ་ཞིག་རེད་དོ།།
དེ་ལྟ་དེ་ལྟར་བསྟན་བཅོས་འདི་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བློ་གྲོས་ཀྱི་རྩལ་ལས་གྲུབ་པའི་དངོས་ཡོད་དང་མཐུན་པའི་བླང་དོར་ལམ་སྟོན་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ལེགས་བཤད་ཀྱི་སྙིང་བཅུད་ཕུན་ཚོགས་པ་མངའ་བའི་བསྟན་བཅོས་རྨད་པོ་ཞིག་ཡིན་པ་སུ་ཡིས་སོམ་ཉི་བྱེད་སྲིད།
བཟོད་པའི་ངོ་བོ།
ང་ཚོས་བདེ་བ་རྣལ་མ་ཞིག་ཐོབ་པ་ལ་“སོ་སོའི་གོམས་གཤིས་དང་གཤིས་རྒྱུད་ལེགས་བཅོས་བྱས་ནས་རང་གི་སྤྱོད་པ་སྙིང་རྗེ་ཅན་དུ་བསྒྱུར་པར། དགེ་བ་འཚོལ་སྒྲུབ་ཀྱི་བཟང་སྤྱོད་ཅེས་བརྗོད་ན་ཆོག་པའི་རང་གི་བློའི་ཡོན་ཏན་གོང་སྤེལ་གྱི་ལས་དོན་ཞིག་ལ་གཞོལ་དགོས་”ཤིང་། རང་རྒྱུད་ཀྱི་མི་དགེ་བའི་རྟོག་པ་དང་མ་རུང་བའི་མྱོང་ཚོར་ལ་སྟངས་འཛིན་བྱེད་དགོས། ང་ཚོས་ནུས་ཤུགས་མཐོར་འདེགས་བྱེད་དགོས་པའི་བློའི་ཡོན་ཏན་ནི་བྱམས་པ་དང་། སྙིང་རྗེ། བཟོད་པ། ཁེངས་སྐྱུང་། དགོངས་ཡངས་སོགས་ཡིན། དེ་དག་ཐམས་ཅད་ང་ཚོའི་རྩ་བའི་དམིགས་ཡུལ་འགྲུབ་པ་ལ་མེད་དུ་མི་རུང་བ་ཞིག་ཡིན་ཡང་། ལེའུ་འདིར་བཟོད་པའི་ངོ་བོ་དང་བྱེད་ལས་ཕན་འབྲས་སོགས་ཞིབ་མོ་རྣམ་འཐག་བྱས་ནས་གདམས་པ་བཞིན་ཁོ་བོས་ཀྱང་དེ་ལྟར་གོ་བ་བླངས་ནས་རྩོམ་པར་འཇུག་བཞིན་ཡོད།
དེའང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་“ཞེ་སྡང་ལྟ་བུའི་སྡིག་པ་མེད།། བཟོད་པ་ལྟ་བུའི་དཀའ་ཐུབ་མེད།། དེ་བས་བཟོད་ལ་ནན་ཏན་དུ།། སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ།།”ཞེས་ཉོན་མོངས་ཀྱི་ཚ་གདུང་འཇོམས་པ་ལ་བཟོད་པ་ལྟ་བུའི་དཀའ་ཐུབ་མེད་པས་ན། དེ་ཉིད་སྒོ་སྣ་ཚོགས་ནས་བསྒོམ་པ་ལ་འབད་དགོས་པར་གསུངས་པ་ལྟར། བཟོད་པ་ནི་རང་རྒྱུད་ལྡན་གྱི་གང་ཟག་ཉོན་མོངས་པས་མི་འཁྲུག་པར་བྱེད་པའི་བློའི་ཡོན་ཏན་ཕུལ་དུ་བྱུང་བ་ཞིག་ཡིན། ང་ཚོས་འཁོན་འཛིན་དང་འཁང་ར་བྱེད་བཞིན་མི་ཞིག་ལ་མགོ་སྒུར་བ་ནི་བཟོད་པའི་ངོ་བོར་གཏན་ནས་མི་འགྲོ “ལས་ཁུངས་སུ་རང་ལས་གོ་གནས་མཐོ་བའི་མི་ཞིག་གིས་རང་ལ་སུན་པོ་བྱེད་པར་མཚོན་ན། འཁོན་སེམས་ཤིག་ཡོད་བཞིན་དུ་མི་དེར་བརྩི་བཀུར་བྱས་ཚད་བཟོད་པ་མིན། བཟོད་པའི་ངོ་བོ་ནི་བློ་ཐག་རྦད་ཆོད་ཀྱིས་རྐྱེན་ངན་ལ་གདོང་ལེན་བྱེད་ཐུབ་པའི་ཐེག་སེམས་ཤིག་ཡིན། ཚིག་གཞན་ཞིག་གིས་འགྲེལ་བརྗོད་བྱས་ན། བཟོད་པ་སྒོམ་མཁན་གྱིས་རང་ཉིད་ནི་མི་དགེ་བ་ཡིན་པའི་རང་གི་བློའི་གཡོ་འགུལ་ཏེ། ཁོང་ཁྲོ་དང་། ཞེ་སྡང་། འཁོན་སེམས་ལྟ་བུའི་ཉོན་མོངས་པའི་མྱོང་ཚོར་གྱི་དབང་དུ་མི་འགྲོ་བའི་སེམས་ཐག་བཅད་ནས་སོ་སོའི་ཕོག་ཐུག་གི
ཚོར་བ་ལ་རྒོལ་བཞིན་འཚེ་བ་ལ་འཚེ་ལན་མི་འཇལ་བའི་”བློའི་ཡོན་ཏན་ཞིག་ཏུ་སྐུ་མདུན་གྱིས་འགྲེལ་བཤད་གནང་ཡོད།
བཟོད་པ་ནི་གནས་ཚུལ་གང་ལ་འཕྲད་ཅིང་ཡ་ལན་མི་སྤྲད་པར་བསྲན་ཐུབ་པ་ཞིག་གམ། ཡང་ན་ངེས་པར་ང་ཚོས་ངོས་ལེན་བྱས་ནས་མགོ་བོ་སྒུར་དགོས་པ་ཞིག་ལ་གོ་ན་གཏན་ནས་མི་འགྲིག “བཟོད་པས་རང་བློ་ཉོན་མོངས་པའི་དབང་དུ་འགྲོ་རུ་མ་བཅུག་པར་ནང་སེམས་ཀྱི་རང་ཚུགས་སྲུང་གི་ཡོད་སྟབས། གནས་དུས་འཚམ་པའི་འཚེ་མེད་ཀྱི་ཡ་ལན་ཞིག་སྟེར་དགོས་མིན། ང་ཚོར་ཐག་གཅོད་བྱེད་པའི་རང་དབང་ཆེན་པོ་ཞིག་ཡོད།” ཡང་ཁ་ཅིག་གིས་བཟོད་པ་ནི་སྡར་མའི་ངང་ཚུལ་ཞིག་ཡིན་པར་བསམ་བློ་འཁོར་སྲིད། རེད་དེ་སྡར་མའི་ངང་ཚུལ་ནི་འཇིགས་སྣང་གི་འོག་ནས་ང་ཚོས་གདེང་ཚོད་ཡོད་ཚད་བརླག་སྐབས་འབྱུང་བའི་རྣམ་འགྱུར་ཞིག་ཡིན། བཟོད་པ་ནི་དེ་ལས་ལྡོག་སྟེ་ཐ་ན་ང་ཚོ་འཇིགས་སྣང་གིས་ཁེངས་ཡོད་ཀྱང་རང་ཚུགས་མ་ཤོར་བར་བརྟན་པོར་གནས་ཐུབ་པ་ཞིག་ཡིན་པའི་གསལ་འདེབས་བྱས་འདུག
ཡང་“བཟོད་པ་ནི་ཉོན་མོངས་པའི་རྟོག་པ་དང་མྱོང་ཚོར་གྱིས་རང་ཉིད་དབང་བསྒྱུར་བྱེད་དུ་མི་འཇུག་པའི་བློའི་ཡོན་ཏན་ཞིག་ཡིན་ཞིང་། དེས་ང་ཚོར་རྐྱེན་ངན་ལ་འཕྲད་སྐབས་རང་གི་སེམས་ཀྱི་ཞི་བདེ་སྲུང་གི་ཡོད་”ཅེས་སྡོམ་ཚིག་བཀོད་པ་ནི་བཟོད་པའི་ངོ་བོ་མཚོན་པའི་ལེགས་བཤད་གོ་སླ་བ་ཞིག་རེད་དོ།།
བཟོད་པའི་བྱེད་ལས།
གོང་དུ་“བཟོད་པ་ལྟ་བུའི་དཀའ་ཐུབ་མེད།།”ཅེས་གསུངས་པ་བཞིན་བཟོད་པ་ནི་སེམས་ཀྱི་ཡོན་ཏན་མཆོག་ཏུ་གྱུར་བ་ཞིག་ཡིན་པ་ལེའུ་འདི་ནས་རྒྱུས་ལོན་བྱེད་ཐུབ། བཟོད་པའི་བྱེད་ལས་ནི་སྒོ་ཀུན་ནས་ཕན་པའི་རང་བཞིན་དུ་གནས་པ་གོང་དུ་རྒྱུས་ལོན་ཅུང་ཙམ་བྱས་ཡོད་ཅིང་། ལེའུ་འདིར་སྒོ་སྣ་ཚོགས་ནས་བཟོད་པའི་བྱེད་ལས་གཙོར་འདོན་གསུངས་ཡོད་པས་ན། ཁོ་བོས་ཀྱང་རྩོམ་ཡིག་འདིར་ལེའུ་དེ་ཉིད་ལས་ལེགས་བཤད་མང་དག་ཅིག་བཏུས་ནས་གླེང་བར་བྱ། དེ་ཡང་“བཟོད་པས་ང་ཚོར་སྡུག་བསྔལ་ལ་གདོང་ལེན་བྱེད་པའི་ནུས་ཤུགས་མཁོ་འདོན་བྱེད་པར་མ་ཟད། ཐ་ན་རང་ལ་འཚེ་བ་བྱེད་མཁན་ཚོ་ཡང་སོ་སོའི་སྙིང་རྗེའི་ཡུལ་ནས་མི་འདོར་བའི་ཆོད་སེམས་ཤིག་ཀྱང་སྦྱིན་”ཐུབ་པར་གདམས་ཡོད། དེའང་མིང་ལ་བློ་ཕུན་ཟེར་བའི་གྲྭ་པ་ཞིག་གི་དངོས་ཡོད་ལོ་རྒྱུས་ཡིད་འགུལ་ཐེབས་པ་ཞིག་གིས་བདེན་དཔང་མཛད་ཡོད་པར་མ་ཟད། དཀའ་སྡུག་ལ་གདོང་ལེན་བྱེད་པའི་བཟོད་པའི་གནས་ཚད་མཐོ་བོ་ཡོད་མཁན་ཞིག་གིས་དཀའ་སྡུག་ཉུང་ངུ་ཞིག་ལས་མྱོང་གི་མེད་པར་གསུངས་ཡོད།
“ང་ཚོས་བཟོད་པའི་ནུས་པ་མཐོར་འདེགས་བྱས་ན། རང་ཉིད་ཀྱི་བློའི་ཞི་འཇམ་བག་ཕེབས་ཀྱི་ཆ་དེ་གོང་དུ་འཕེལ་ཞིང་། གཞན་དང་རྒྱབ་འགལ་བྱེད་པ་ཉུང་དུ་སོང་ནས་མཐུན་འགྲིག་གི་སྤྲོ་བའང་འཕེལ་རྒྱུ་རེད། འདིས་ང་ཚོའི་ཉེ་འཁོར་དུ་ཁམས་གཙང་གི་རྣམ་པ་ལེགས་པོ་ཞིག་བསྐྲུན་ནས་གཞན་གྱིས་ང་ཚོར་ཚེགས་མེད་དུ་འབྲེལ་འདྲིས་བྱེད་ཐུབ་”པའི་རང་གཞན་གཉིས་ཕན་གྱི་བྱེད་ལས་གལ་ཆེན་ཞིག་རྩལ་འདོན་བྱས་ཡོད།
ད་དུང་“བཟོད་པ་ནི་ང་ཚོའི་སེམས་ཀྱི་ཞི་བདེ་དང་། དེར་བརྟེན་པའི་བདེ་སྐྱིད་ཀྱི་འགོག་རྐྱེན་གཙོ་བོར་གྱུར་བའི་ཁོང་ཁྲོའི་གཉེན་པོ་སྟོབས་ཤུགས་དང་ལྡན་པ་ཞིག་ཡིན་པ་འདིའི་ཐོག་ནས་”བཟོད་པའི་བྱེད་ལས་གལ་ཆེན་ཞིག་མཚོན་ཐུབ་པ་རེད། མ་ཟད་ཁོང་ཁྲོ་ལས་བྱུང་བའི་འཚེ་བའི་བྱ་སྤྱོད་ཀྱི་རང་ཉིད་ནང་ནས་སྲུང་མཁན་ནི་བཟོད་པ་ཡིན་པ་ལས། སྟོབས་འབྱོར་དང་སྙན་གྲགས། མཛད་རྗེས། ཁྲིམས་ལུགས་སོགས་གཏན་ནས་མ་ཡིན་ནོ།།
བཟོད་པའི་ཕན་ཡོན།
དེ་ལྟ་བུའི་སེམས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དེའི་ཕན་ཡོན་ནི། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་བཟོད་པ་རྩལ་འདོན་བྱས་ནས་གསུངས་པའི་བཟོད་པའི་ལེའུར་“འཁོར་ཚེ་བཟོད་པའི་མཛེས་སོགས་དང་།། ནད་མེད་པ་དང་གྲགས་པ་ཡིས།། ཤིན་ཏུ་ཡུན་རིང་འཚོ་བ་དང་།། འཁོར་ལོས་སྒྱུར་བའི་བདེ་རྒྱས་ཐོབ།།”ཅེས་བཟོད་པའི་ཕན་ཡོན་ལ་མཇུག་སྡོམ་གནད་ལ་སྨིན་པ་ཞིག་མཛད་པ་ལྟར། འཇིག་རྟེན་གྱི་འཁོར་བ་འདིར་གནས་ཀྱང་བཟོད་པའི་ཉམས་ལེན་ནམ། བཟོད་པའི་ཡོན་ཏན་གྱིས་རང་རྒྱུད་ཕྱུག་ཚེ། ཕྱིའི་པགས་པ་ཚོན་རྩིས་མཛེས་བཟོ་བྱས་པ་ལྟར་མིན་པ། ནང་གཤིས་རྒྱུད་ལེགས་པར་འདུལ་ཞིང་རང་བཞིན་བཟང་པོས་མི་རྣམས་དགའ་ཞིང་དུང་བར་བྱེད། མ་ཟད་“བཟོད་པའི་ཉམས་ལེན་བརྒྱུད་ནས་བཏང་སྙོམས་ཀྱི་ཚོར་བ་བརྟན་པོ་ཞིག་འབྱུང་གི་ཡོད་པས། རང་གི་སེམས་ཁམས་དང་དགེ་སྤྱོད་གཉིས་ཀྱི་ཆ་ནས་ང་ཚོའི་ནུས་ཤུགས་སྲ་བརྟན་དུ་འགྲོ་བར་མ་ཟད། འབྱུང་བཞིའི་འཕྲོད་བསྟེན་ཡང་ཇེ་ལེགས་སུ་འགྲོ་”ཞིང་། ནད་མེད་པ་དང་ཡུན་རིང་འཚོ་བ་ནི་ཚན་རིག་པས་ར་འཕྲོད་ཐུབ་པ་ཞིག་རེད། ད་དུང་བཟོད་པའི་ཡོན་ཏན་གྱིས་རང་རྒྱུད་མཛེས་པར་བརྒྱན་ཚེ་སྙན་པའི་གྲགས་པ་རབ་ཏུ་རྒྱས་ཤིང་། འཁོར་དང་འབྱོར་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་འཐོབ་པ་ནི་རིགས་པ་དང་མཐུན་པ་ཞིག་རེད། དེའང་ཐག་རིང་པོ་ཞིག་ལ་འཚོལ་མི་དགོས་པར་སོ་སོའི་གྲོགས་པོ་དང་ངོ་ཤེས་ཀྱི་ཁྲོད་ནས་བཟོད་སེམས་དང་ལྡན་པ་གང་དེ། རང་བཞིན་མཛེས་ཤིང་གཞན་ཡིད་འགུག་པའི་ནུས་མཐུ་ཆེ་བ། ཀུན་གྱིས་བསྟོད་བསྔགས་བྱེད་ཅིང་བློས་ཐུབ་ཀྱི་གྲོགས་པོ་འཁོར་དང་ལྡན་པ་ཞིག་མ་རེད་དམ། དེ་ནི་བཟོད་པའི་ཕན་ཡོན་བསྙོན་དུ་མེད་པ་ཞིག་ཡིན་པ་སུས་ཀྱང་སོམ་ཉི་ཟ་མི་སྲིད་དོ།།
མཆན།• འདི་ནི་ཆོས་གྲོགས་ཤེས་རབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་རྣམས་ལ་འུ་ཅག་གིས་རྒྱུས་ཡོད་བྱེད་དགོས་པའི་བསམ་ཚུལ་ལྷུག་པོར་བརྗོད་པས་མཐུན་རྐྱེན་བྱས་ཏེ་སྔར་ཁོ་བོས་ཀློག་འགོ་བརྩམས་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་དགེ་བ་འཚོལ་སྒྲུབ་ཀྱི་བཟང་སྤྱོད་ཅེས་པའི་ལེའུ་ལ་བལྟས་པའི་བཀླགས་བྱང་ཙམ་ཡིན།
2020/5/11 ལ་བློ་བཟང་རིན་ཆེན་གྱིས་བློ་གླིང་འཚིག་ཇ་ཁང་ནས་བྲིས།