བློ་བཟང་རིན་ཆེན།
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གཉིས་པའི་ཤེས་རབ་ཀྱི་དགོས་པ་ཞེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།
ཤེས་རབ་ཀྱི་ངོ་བོ།
ནང་པའི་གཞུང་ལས་“དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས།། ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར།། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི།། དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན།།”ཞེས་པ་དང། མགོན་པོ་ཀླུ་སྒྲུབ་ཀྱི་ལེགས་བཤད་ལས་ཀྱང་“མཐོང་དང་མ་མཐོང་ཡོན་ཏན་འདི།། ཀུན་གྱི་རྩ་བ་ཤེས་རབ་ཡིན།།”ཞེས་གསུངས་པ་སོགས། ལུང་རིགས་བརྒྱ་ཕྲག་མང་པོས་ཤེས་རབ་ནི་ཆེས་གལ་ཆེན་དུ་གསུངས་ཡོད། དེ་ལྟར་སྟོང་པ་དང་བདག་མེད་རྟོགས་པ་སོགས་ཀྱི་ཤེས་རབ་ལ་ཚད་གཞི་མི་འདྲ་བ་སྣ་ཚོགས་ཤིག་ཡོད་ངེས། འདིའི་ཐད་ལ་རྗེ་བདག་ཉིད་ཆེན་པོས་“བརྟགས་པའི་དངོས་པོ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་”ཤེས་རབ་སྤྱིའི་ངོ་བོ་ཡིན་ཞེས་གསུངས་པ་བཞིན། སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་གིས་ཀྱང་ལེའུ་འདིར་ཤེས་རབ་ཀྱི་ངོ་བོ་ལ་“ལེགས་ཉེས་ལེགས་པར་འབྱེད་པའི་རྣམ་དཔྱོད་དམ་བློ་གྲོས་”ཤིག་ལ་ངོས་འཛིན་གནང་འདུག དེ་ལྟ་བུའི་ཤེས་རབ་ནི་ང་ཚོས་བྱ་བཞག་གང་ཞིག་སྒྲུབ་ཀྱང་གལ་ཆེ་བ་ནི་བརྗོད་མ་དགོས་པ་ཞིག་རེད། མ་ཟད་ཉིན་རེའི་འཚོ་བའི་ནང་དུ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ནི་མེད་དུ་མི་རུང་བ་ཞིག་ཏུ་འཁུམས།
ཤེས་རབ་ཀྱི་དགོས་པ།
དེ་ལྟར་ཤེས་རབ་ནི་རྣམ་དཔྱོད་ལྡན་པའི་སྐྱེས་བུ་ཐམས་ཅད་ཀྱིས་གལ་ཆེན་དུ་མཐོང་གི་ཡོད་པ་ལྟར། ང་ཚོས་ཀྱང་ལུང་རྐྱང་ལ་ཡིད་ཆེས་བྱས་ནས་མི་སྡོད་པར་ཤེས་རབ་ཀྱི་ངོ་བོ་དང་དགོས་པ་སོགས་ལ་གོ་རྟོགས་མི་དམན་པ་ཞིག་ལེགས་བཤད་འདི་ལས་ལོན་པར་བྱ་དགོས། སྔོན་མར་དགེ་བཤེས་ཐུབ་བསྟན་དཔལ་བཟང་གིས་བདེན་བཞིའི་འཆད་ཁྲིད་ཅིག་གི་སྐབས། “འུ་ཅག་བོད་པ་ཚོས་སྐྱབས་མགོན་རིན་པོ་ཆེ་ལ་འདུ་ཤེས་འཛིན་སྟངས་དེ་མཚར་སྣང་ལྡན་པ་ཞིག་རེད། ལན་རེ་༧གོང་ས་མཆོག་ནི་སངས་རྒྱས་དང་ལྷ་ལྟ་བུར་བལྟས་ནས་གསོལ་བ་སྨོན་ལམ་རྐྱང་རྐྱང་འདེབས་བཞིན་འདུག ལན་རེ་སྤྱིར་སྟངས་ཀྱི་མི་ཚད་ལྡན་ཞིག་གི་འདུ་ཤེས་ཀྱང་མི་འདུག གང་ཡིན་ཟེར་ན་སྤྱིར་སྟངས་ཀྱི་མི་ཚད་ལྡན་ཞིག་གིས་སྐད་ཆ་ཞིག་བཤད་སྐབས། དེས་དེ་ལྟར་ལབ་ཀྱི་འདུག དེ་བདེན་པ་རེད་སོགས་ཟེར་ནས་སྐད་ཆ་དེ་ལ་ཆ་འཇོག་བྱས་ནས་དཔྱད་པ་བྱེད་ཀྱི་རེད། འོན་ཀྱང་འུ་ཅག་བོད་པ་ཚོས་སྐྱབས་མགོན་རིན་པོ་ཆེའི་གསུང་བཤད་ཁག་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མི་འདུག དེ་ནི་ཡ་མཚན་པོ་ཞིག་རེད་”ཅེས་གསུངས་བྱུང་། དེ་དངོས་གནས་གནད་ལ་ཕོག་པའི་འུ་ཅག་གི་སྐྱོན་ཆ་ཞིག་རེད་སྙམ། མ་གཞི་དེའི་སྐོར་ནས་བསམ་ཚུལ་འགའ་རེ་འདུག་སྟེ་སྐབས་དོན་བརླག་པར་དོགས་པས་མི་གླེང་ངོ་།།
འདིར་“ཤེས་རབ་ནི་ཆོས་ལུགས་ཀྱི་ལྟ་བ་གཙོ་བོར་བཟུང་མེད་དུས་ལྷག་ཏུ་གལ་ཆེན་ཞིག་ཡིན”་ཞེས་གདམས་ཤིང་། ད་དུང་ཤེས་རབ་ལ་བརྟེན་ནས་སོ་སོའི་གཤིས་རྒྱུད་ལ་བརྟག་དཔྱད་བྱེད་ཚུལ་བསྟན་ཡོད། དཔེར་ན་རང་གི་བློ་རྒྱ་ཀུ་དོག་ཡིན་མིན་དང་། རང་གི་བསམ་གཞིག་ལ་སྤྱི་སྡོམ་ཞིག་ཡོད་མིན། རང་གི་ཉེ་འཁོར་གྱི་འཚོ་བའི་ཆ་ཤས་རེ་རེར་བསམ་གཞིག་བྱེད་ཀྱི་ཡོད་མེད། རང་གི་ལྟ་སྟངས་དེ་འཕྲལ་ཕུགས་གང་ལ་གནས་མིན། རང་ལ་ཁ་ཕྱོགས་གསལ་པོ་ཡོད་མེད། མདོར་ན་རང་གི་ཀུན་སློང་དག་ཐེར་བྱེད་པ་སོགས་ལ་རྣམ་དཔྱོད་རྩལ་དུ་འདོན་དགོས་པར་གསུངས་ཡོད།
རྣམ་དཔྱོད་དམ་ཤེས་རབ་ནི་རང་གི་འཕྲལ་ཕུགས་ཀྱི་བྱ་བཞག་གང་ཡིན་ལ་བཀོལ་སྤྱོད་བྱེད་དགོས་པའི་སེམས་ཀྱི་མ་ལག་ཡག་ཤོས་ཤིག་ཡིན། དཔེར་ན་ལོོག་གཡེམ་ལས་བྱུང་བའི་གནས་སྐབས་ཀྱི་བདེ་བ་ནི། བྱ་སྤྱོད་དེའི་རིགས་ཀྱིས་རང་གཞན་ལ་བསྐྱེད་པའི་མཇུག་འབྲས་དང་བསྡུར་ཚེ་རིན་ཐང་ཅི་ཡང་མེད་པ་ཤེས་གསལ་རེད། དེ་ལྟ་བུའི་མཇུག་འབྲས་ལ་རང་གི་རྣམ་དཔྱོད་རྩལ་འདོན་མ་བྱས་པའི་སྐྱི་གཡའ་བའི་མཇུག་འབྲས་ནི་དངོས་ཡོད་བྱུང་བ་མང་པོ་ཞིག་གིས་གསལ་སྟོན་བྱེད་ཐུབ་པ་ཞིག་རེད།
ང་ཚོའི་དགེ་སྤྱོད་དམ་བཟང་སྤྱོད་ནི་ཡང་དག་པའི་ལྟ་བ་ཞིག་གམ། བླང་དོར་གྱི་རྣམ་གཞག་ཤེས་པའི་རྣམ་དཔྱོད་ཅིག་ལ་རག་ལས་ཡོད། ང་ཚོར་རང་ཉིད་བཞིན་དུ་གཞན་ཐམས་ཅད་བདེ་བ་འདོད་ཀྱང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཏུ་རྟོགས་པའི་རྣམ་དཔྱོད་བཅོས་མིན་ཞིག་ལྡན་ཚེ། ང་ཚོས་གཞན་ལ་བྱིན་པའི་ཡ་ལན་ནི་བཟང་སྤྱོད་ཅིག་ཡིན་པ་གཏན་ཁེལ་བྱ་ཆོག རྒྱུ་མཚན་ང་ཚོས་“བཟང་སྤྱོད་རང་ངོས་ནས་ལེགས་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་དེ་ལ་བརྩོན་པ་མིན་པར། རང་གིས་བདེ་བ་འདོད་ཀྱང་སྡུག་བསྔལ་མི་འདོད་པ་ཇི་བཞིན། གཞན་གྱིས་ཀྱང་བདེ་བ་འདོད་ཀྱང་སྡུག་བསྔལ་མི་འདོད་པ་ང་ཚོས་ངོས་འཛིན་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་བཟང་སྤྱོད་ལ་འཇུག་གི་ཡོད་པ་”དེའོ།།
ཤེས་རབ་ཀྱིས་ཡ་ལན་སྤྲོད་ཚུལ།
ང་ཚོ་“འགྲོ་བ་མི་ཡིན་པའི་ཆ་ནས་ང་ཚོའི་ཡིད་ནི་རང་བཞིན་གྱིས་སྒྲ་དང་གཟུགས་སོགས་ཀྱི་ཡུལ་ལ་འཆོར་བ་དང་། ཡུལ་དེ་དག་རེ་རེ་ལའང་ང་ཚོར་དཀའ་སྡུག་མྱོང་བར་བྱེད་པའི་ནུས་པ་ཡོད་ལ། ལྷག་ཏུ་འཁྲིག་སྦྱོར་གྱི་འགུགས་ཤུགས་ནང་དབང་པོ་ལྔ་པོ་འདུས་ཡོད་པས། འདོད་སེམས་ཤུགས་ཆེན་པོ་ཞིག་འཁྲིག་སྦྱོར་གྱི་འགུགས་ཤུགས་དང་ལྷན་དུ་འབྱུང་སྐབས། ང་ཚོར་རྙོག་དྲ་ཆེན་པོ་འབྱུང་བར་བྱེད་པའི་རྒྱུ་རྐྱེན་ཚང་གི་ཡོད།” དེ་ལྟ་བུའི་རྙོག་དྲ་ཞིག་རང་ཐོག་ལ་ཡོང་བར་ཉེ་ཚེ། ང་ཚོས་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་བཀོལ་ནས་བྱ་བ་དེའི་མཇུག་འབྲས་ལ་མནོ་བསམ་བཏང་ནས་ཡ་ལན་སྤྲོད་དགོས། ཚུལ་འདིའི་ཡ་ལན་སྤྲོད་ཚུལ་༧གོང་ས་མཆོག་གིས་ཞིབ་འབྲི་གནང་ཡོད་ཀྱང་མདོར་བསྡུས་ན། རང་གིས་བཟའ་ཟླ་གཞན་པའི་མི་ཞིག་ལ་ལུས་འབྲེལ་བྱས་ན། དེས་རང་ཉིད་གཅིག་པུ་མིན་པར་མི་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་རེད། ལྷག་དོན་རང་ཉིདལ་ལ་ཡིད་ཆེས་བློས་འགེལ་བྱེད་པའི་བཟའ་ཟླ་ལ་འཚེ་བ་ཅན་དུ་འགྱུར་བར་མ་ཟད། དེའི་རྐྱེན་གྱིས་བཟའ་ཚང་བར་འགལ་ཟླ་བྱུང་ནས་ཕྲུ་གུ་ཚོ་ལའང་བག་ཆགས་ངན་པ་འཇོག་ངེས། ད་དུང་བཟའ་ཚང་ཁ་འཐོར་དུ་སོང་ཚེ་དེའི་ཕམ་ཉེས་གཙོ་བོ་ཁུར་མཁན་ཕྲུ་གུ་ཚོ་ཡིན་པ་ད་ལྟ་འཛམ་གླིང་ཡོངས་ཁྱབ་རེད་ཅེས་འཁྲིག་སྤྱོད་དེའི་མཇུག་འབྲས་ལ་མནོ་བསམ་གཏོང་དགོས་པར་གདམས་ཡོད།
ང་འཚོའི་འཚོ་བའི་ནང་ལ་ཡང་ཡང་འཕྲད་བཞིན་པའི་མི་རིགས་གཅིག་ནི་སོ་སོའི་ཁེ་ཕན་འབའ་ཞིག་བསྒྲུབས་ནས་གཞན་གྱི་བདེ་སྡུག་སྣང་མེད་དུ་བསྐྱུར་བ་སོགས། མི་དགེ་བའི་བྱ་བ་གཉེར་མཁན་ཚོ་རེད། ཁོ་ཚོ་དང་འགྲོགས་སྐབས་ང་ཚོའི་སེམས་ཀྱི་གཏད་སོ་བརླག་པའི་ཉེན་ཀ་ཡོད། དེའི་རྐྱེན་གྱིས་ཁོ་ཚོར་གྲོགས་བྱེད་པའི་ནུས་པའང་ཉམས་དམས་སུ་འགྲོ་བར་ངེས། ཚུལ་འདི་ལ་༧གོང་ས་མཆོག་གིས་ཡ་ལན་ཧ་ཅང་སྟབས་བདེ་ཞིག་གསུང་འདུག “ང་ཚོ་བོད་པ་ཚོར་གཏམ་དཔེ་འདི་ལྟ་བུ་ཞིག་ཡོད་དེ། ང་ཚོ་གསེར་གྱི་རི་བོའི་སྟེང་དུ་བསྡད་ན། ང་ཚོའི་སྟེང་གསེར་འགོས་པ་དང་། ཐལ་བའི་ནང་དུ་བསྡད་ན་ཐལ་བ་འགོས་རྒྱུ་ཡིན་པ་བཞིན། མི་དེའི་རིགས་དང་རྒྱང་ཐག་རིང་དུ་གནས་ན་བཟང་ཡང་། འབྲེལ་བ་གཏན་དུ་གཅོད་མི་རུང་། དོན་དངོས་སུ་བརྗོད་ན། ཁོ་ཚོས་བྱ་སྤྱོད་དེའི་རིགས་སྟོན་པར་བཀག་འགོག་བྱེད་པའི་གོ་སྐབས་འོས་འཚམས་རེར་ཡོད་པ་དང་། དེ་ལྟར་བྱེད་སྐབས་རང་གི་ཀུན་སློང་གཙང་ཞིང་བྱེད་ཐབས་འཚེ་བ་མེད་པ་ཞིག་ཡིན་དགོས་ཤིང་། འདིར་ཡང་སྙིང་རྗེ་དང་ཤེས་རབ་ནི་རྩ་འཛིན་གཙོ་བོ་ཞིག་ཡིན་”ཞེས་གསུངས་པ་དེའོ།།
ད་དུང་ལེའུ་འདིའི་མཇུག་ཏུ་ཚན་རིག་པས་ཉམས་ཞིབ་བྱེད་ཕྱོགས་སྐོར་ལ་དགོངས་ཚུལ་ལྷུག་པོར་གསུངས་ཡོད་ནའང་ཡིག་ཚོགས་ལ་འཇིགས་པས་མ་བྲིས་སོ།། གལ་སྲིད་དེའི་སྐོར་ནས་རང་ལ་ཤེས་འདོད་བྱུང་ཚེ་<<ཤེས་རབ་ཀྱི་དགོས་པ་>>ཞེས་པའི་ལེའུ་འདིའི་མཇུག་ལ་ཞིབ་ལྟ་བྱོས་དང་སྔར་ལས་ལྷག་པའི་གོ་རྟོགས་རེ་བྱིན་པ་སོམ་ཉི་མེད།
མཆན།• འདི་ནི་ཆོས་གྲོགས་ཤེས་རབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་རྣམས་ལ་འུ་ཅག་གིས་རྒྱུས་ཡོད་བྱེད་དགོས་པའི་བསམ་ཚུལ་ལྷུག་པོར་བརྗོད་པས་མཐུན་རྐྱེན་བྱས་ཏེ་སྔར་ཁོ་བོས་ཀློག་འགོ་བརྩམས་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ཤེས་རབ་ཀྱི་དགོས་པ་ཞེས་པའི་ལེའུ་ལ་བལྟས་པའི་བཀླགས་བྱང་ཙམ་ཡིན།
2020/6/2 བློ་བཟང་རིན་ཆེན་གྱིས་བྲིས།