ལ་མགོའི་ཉི་མ་འཇའ་(ནུབ) དུས། ལ་རྟིང་གྲིབ་མ་ཡལ་སོང་།
ཁྲོ་གཏུམ།
ཕྱི་ལོ་ ༡༩༥༩ ལོ་ནི། བཙན་པོའི་གདུང་རྒྱུད་ས་མཐར་ཆས་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་དང་པོ། བོད་པ་འབོར་ཆེན་ཞིག་དང་བོད་གཞུང་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ལོ་ཡིན། བོད་ཀྱི་ལོ་རྒྱུས་ཁྲོད་བོད་པའི་མི་རྒྱུད་དག་འཛམ་གླིང་གི་རྒྱལ་ཁབ་གང་སར་མཆེད་པའི་མཚམས་ཤིག་སྟེ། སྟེས་དབང་གིས་བཤད་ན། རྐྱེན་ངན་གྲོགས་སུ་ཤར་བའི་གོ་སྐབས་ཤིག་ནན་གྱིས་དྭང་དུ་བླངས་པ་ཅིག དོན་གྱིས་རང་ས་དྲོན་མོར་རྒྱ་དམར་གྱིས་བཙན་འཛུལ་བྱས་ཏེ་བཙན་བྱོལ་བར་གྱུར་པའི་ལེའུ་ཞིག
རྒྱ་དམར་གྱིས་བོད་ཆེན་པོ་བཙན་བཟུང་བྱས་ཤིང་། དེ་ལྟར་ཉེ་འཁོར་གྱི་རྒྱལ་ཁབ་མང་པོ་ཞིག་གི་ཡུལ་སྲོལ་གོམས་གཤིས་རྨང་ནས་བཅོམ་མགོ་ཚུགས་པའི་ཡ་ང་བའི་ལོ་རྒྱུས་ཀྱི་ཆག་འཇིགབརྡ་འཕྲིན་དུས་རབས་ཀྱི་ངོ་གདོང་ན་མཚམས་རེར་གསལ་ལ་ལན་རེར་མི་གསལ་བའི་རག་ཟིག་རེ་ཤར།
བཅོས་མའི་མཛུམ་མདངས་ཀྱིས་འཛམ་གླིང་ལ་མོ་སྟོན་ཕག་མགོ་འཁྲབ་པའི་བརྒྱུད་རིམ་དང་། རྒྱ་ནད་༡༩ འཛམ་གླིང་གི་ནད་རིགས་བཞི་བརྒྱའི་རྒྱལ་བོར་གྱུར་པའི་སྐབས་སུ། ངའི་ཆུང་མ་རིག་འཛིན་དབང་མོས་(མོའི་མ་དྲིན་ཅན་མའི་འབོད་སྟངས་སུ། རིག་མོ། རིག་ཁོ་མ། རིག་སྐྱིད་ཡག) ཨ་མར་ཐུག་འདོད་ཀྱི་རེ་བའི་སྐོམ་པ་ཇི་ལྟར་ཆེ་ནའང་། གདུག་རྩུབ་ཆེ་བའི་རྒྱ་དམར་གྱི་སྲིད་ཇུས་དང་ཡ་ང་བའི་རྒྱ་ནད་༡༩ པའི་འགོས་ཁྱབ། ཁྱིམ་རྒྱུད་ཀྱི་ཆ་ནས་བོད་སྤྱི་དོན་ལ་བྱས་རྗེས་ཅན་ཡིན་པས་རྒྱ་དམར་གྱི་ཉེན་རྟོག་པའི་ལྟ་སྐུལ་འོག་ཡོད་པ་སོགས་ཀྱིས་མི་ལོ་ཉེར་གསུམ་རིང་ཐེངས་གཅིག་མ་གཏོགས་ཨ་མར་མཇལ་བའི་གོ་སྐབས་བྱུང་མྱོང་མེད།
ཁ་པར་ནར་མོའི་འཆར་ངོས་སུ་ཁ་བརྡ་གློད་པ་ལས་གཞན་གྱི་ཐབས་ཤེས་ཅི་ཡང་མེད་པར་ལོ་ཟླ་མང་པོ་རྫོགས་ཤིང་། མོའི་ཨ་མའི་ཚེ་མཇུག་གི་མཇལ་འཛོམས་ཀྱི་རེ་བ་དེ་ཡང་འདི་ལྟར་མཇུག་རྫོགས་པར་གྱུར། འདི་ནི་ད་ལྟའི་བོད་ཀྱི་གནས་སྟངས་སུ་ཕ་མ་དང་བུ་ཕྲུག བུ་ཕྲུག་དང་ཕ་མ་མང་པོ་ཞིག་ལ། གཞི་བྱེས་གཉིས་ཀྱི་སོ་མཚམས་སུ་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ཞིག་སྟེ།རྒྱ་ནག་དམར་ཕྱོགས་ལམ་ལུགས་ཀྱིས་མི་མང་ལ་འགན་འཁུར་སྟངས་ཀྱི་ངོ་གདོང་དངོས་ཤིག་ཡིན།
མི་ལོ་ཉེར་གསུམ་གྱི་རྗེས། ཕྱི་ལོ་གསར་བ་༢༠༢༢ ལོའི་ཟླ་ ༡ ཚེས་༡༩ པའི་དགོང་དྲོ། བོད་ཀྱི་ཨ་མདོའི་ལོ་སར་ཚེས་ལ་ཉེ་བའི་སྐབས། ངའི་ཆུང་མའི་དྲིན་ཅན་གྱི་མ་ཡུམ་མི་ཡུལ་དང་གཏན་དུ་གྱེས་པའི་གཏམ་ངན་ཁ་པར་གྱི་སྒྲ་སྦུག་ནས་གྲག གློ་བུར་གྱི་སྐད་ཆ་དེ་ནི་གློ་བུར་དུ་ངོས་ལེན་བྱེད་དཀའ་ནའང་། ངའི་ཆུང་མའི་མིག་མཐར་ལྷུང་བའི་མིག་ཆུ་རྡོག་པོ་རེ་རེ་མཁུར་ཚོས་སུ་སྒྲིལ་བ་དེས་ང་ལ་དོན་དེ་བདེན་ཁ་སྤྲོད་པ་འདྲ་སྟེ། སྐད་ཆ་ཅི་ཞིག་བཤད་འདོད་པའི་བརྡ་ལན་གྱི་ངག་སྒོ་ལྐུགས། གྲ་སྒྲིག་ཅི་བྱེད་ཀྱི་གོ་རིམ་བྲལ། ཡིན་ནའང་། ལམ་སང་ཡིད་དུ་ཤར་འོང་བ་ནི།གང་མགྱོགས་ཅི་མྱུར་གྱིས་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་བསྔོ་རྟེན་ཞིག་མྱུར་དུ་འབུལ་རྒྱུ་དང་། འབྲེལ་ཡོད་དགོན་སྡེ་ཁག་ལ་བསྔོ་སྨོན་རེ་ཞུ་བ་དེ་རེད། དེ་ལས་གཞན་ཅི་ཡང་དྲན་རྒྱུ་མེད་པར་མ་ཟད། ཅི་བྱེད་དགོས་བསམ་ནའང་། ཡུལ་སྲོལ་མི་གཅིག ཆོས་ལུགས་མི་གཅིག་པའི་ས་མཐའ་ཨོ་གླིང་ན་བྱེད་རྒྱུ་ཅི་ཡང་མི་འདུག
འཇིག་རྟེན་དུ་རང་ཉིད་ལ་ཆེས་བདག་པ་ནི་རང་གི་ཕ་མ་ཡིན་ལ། བརྩེ་བ་ཆེས་ཟབ་སའང་རང་གི་ཕ་མ་ཡིན་མོད། འཛམ་གླིང་འདིར་མ་མཐའི་མི་གཅིག་ལ་ཐོབ་པའི་དབང་ཆ་དང་བརྩེ་བ་འཕྲོག་ཐུབ་མཁན་ནི་རྒྱ་དམར་དང་རྒྱ་ནད་༡༩ པ་ལས་གཅིག་ཀྱང་མེད་པ་གསལ་བོ་རེད། མི་གཅིག་ལ་འདི་འདྲའི་ཁ་བྲལ་བའི་མནར་གཅོད་བཏང་ཡོད་ན། རྒྱལ་ཁབ་ཁྱོན་ཡོངས་སུ་རིགས་འདེད་ཅིག་བྱས་དང་། ཁྱོད་ཀྱི་སྙིང་དེ་ཤ་ཞིག་ཡིན་ན་ཙག་ཤེད་ཅིག་རྒྱུག་ངེས་ལ། ཁྱོད་ཀྱི་སྙིང་དེ་རྒྱ་དམར་གྱིས་བརྙས་བཅོས་འོག་ནས་ཐར་བའི་ཤ་ཞིག་ཡིན་ན་ས་འགུལ་ཆེན་པོ་རྒྱུག་པར་གདོན་མི་ཟ།
ཆུང་མའི་ཕ་རྒན་གྱི་ལོ་རྒྱུས་ནི་བཙན་བྱོལ་གྱི་ཡིག་ཚགས་གང་སར་བཀོད་ཡོད་པ་ཞིག་ཡིན་སྟབས། སྐབས་འདི་ནས་གླེང་མི་དགོས་པ་བྱ། ང་བརྒྱད་ལོར་རྒྱ་དམར་གྱིས་ལྟོགས་སྐོམ་གྱི་མནར་གཅོད་བཏང་བ། ཕ་བསད་བུ་ལ་གཏུགས། བུ་གསད་མ་ལ་ཐུག་པ་བྱས། རིག་གནས་གསར་བརྗེ་ཡིས་ལྷ་སྐུ་མཆོད་ཆ་གཏོར་བཅོམས་སོགས་ཀྱི་འཐབ་རྩོད་ལས་ཐར་ཡོང་བའི་ཨ་མ་ལགས་ཀྱིས་རང་གི་བུ་ཕྲུག་རྣམས་གྲང་ལྟོགས་ཀྱིས་ཤི་རུ་མ་བཅུག རྒྱ་དམར་ལ་ཁྲིད་དུ་མ་བཅུག་པར་གཉོམ་ལག་རྒྱས་སུ་བཅུག་ནའང་། མཐར་རྒྱ་དམར་གྱིས་ངོ་ཡང་ཐུག་ཏུ་མ་བཅུག་པར་འཇིག་རྟེན་དང་གྱེས་དགོས་བྱུང་པ་རེད།
རྨ་ཁ་མེད་པའི་མནར་གཅོད་འདི་ལ་བསམ་བློ་རེ་གཏོང་དུས། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་དོན་དུ་མེས་པོ་རྣམས་ཀྱིས་ག་ཚོད་ཅིག་བློས་གཏོང་བྱས་ཡོད་པའི་རྒྱ་ཁྱོན་མཐོང་ལ། སྔོན་བྱོན་དམ་པ་རྣམས་ཀྱིས་ང་ཚོར་བཞག་པའི་འཇིགས་སྣང་མེད་པའི་སྙིང་སྟོབས་དང་ཞུམ་པ་མེད་པའི་དཔའ་ངར། མི་རིགས་ཀྱི་ལ་རྒྱའི་དོན་དུ་རང་དོན་བློས་བཏང་བའི་མཛད་རྗེས་མངོན་ཡོང་།
ངའི་ཆུང་མས་བཤད་རྒྱུར། ཨ་མ་ལགས་ཀྱིས་ཆུང་དུས་ནས་ངའི་བུ་མོ་ནར་སོན་དུས། བོད་གཞུང་གི་ལས་བྱེད་བྱ་དགོས་རེད་ཅེས་ཡང་ཡང་གསུངས་མྱོང་ཟེར། འོན་ཀྱང་། སྐབས་དེར་ངའི་ཆུང་མ་ལོ་ཆུང་དྲགས་པས། བོད་གཞུང་གི་ལས་བྱེད་ཅེས་པའི་དོན་ཡང་མ་གོ་ཟེར།
ཡང་ཁྱིམ་གྱི་མི་རྒན་པ་ཚོར་ཁོ་མོའི་ཨ་ཕ་གང་དུ་ཡོད་དམ་ཞེས་དྲིས་སྐབས། ཁྱོད་ཀྱི་ཨ་ཕ་བོད་རང་བཙན་གྱི་ཆེད་དུ་བཀྲོངས་པ་རེད་ཅེས་བཤད་ཀྱང་། མོས་བོད་རང་བཙན་ཞེས་པ་ཅི་ཞིག་ཡིན་མིན་ཡང་མ་ཤེས་ཟེར། ཐབ་ཀ་མ་གཏོགས་ས་མི་ཤེས། ཕ་མ་མ་གཏོགས་ངོ་མི་ཤེས་པའི་ཕྲུ་གུ་ཞིག་ལ་མཚོན་ན། རང་གི་ཕ་མ་དགོས་པ་དེ་ཧ་ཅང་སྤྱིར་བཏང་གི་དྲི་བ་ཞིག་ཡིན་པ་དང་། དེ་ལ་ཆེས་སླ་བའི་དྲི་ལན་ཞིག་ཡོད་ཆོག་ན་ཡང་། དེ་ལྟ་བུའི་ཐ་སྙད་དང་སྐད་ཆ་ལ་གདོང་གཏད་དགོས་པ་ནི་ལོ་རྒྱུས་ཀྱི་ཕམ་ཁའི་ཁྲོད་སྐྱེས་པའི་ཕྲུ་གུ་དག་གི་ལས་དབང་ཁོ་ན་ཡིན།
ངའི་ཆུང་མ་སློབ་གྲྭའི་སྒོ་ཐེམ་ལ་རྐང་པ་རིམ་སྤོས་ཀྱིས་ཁྲིམས་ལུགས་རིག་པའི་རབ་འབྱམས་པ་ཐོན་ཞིང་། ཆུང་དུས་སུ་མོའི་སེམས་སུ་དྲི་བར་གྱུར་པའི་སྐད་ཆ་སྟེ། ༼བོད་གཞུང་གི་ལས་བྱེད།བོད་རང་བཙན།༽ ཅེས་པའི་གོ་དོན་རྟོགས་ཤིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཙོས་བོད་གཞུང་གི་ལངས་ཕྱོགས་དང་ཁྲིམས་སྒྲིག་ལ་ངེས་པ་རྙེད་དེ། བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གཞུང་འབྲེལ་ལས་བྱེད་བྱས་ནས་ལོ་གཅིག་འགོར་མཚམས་སུ། དགུང་ལོ་བདུན་ཅུའི་ཡར་སྟོད་ལ་སོན་པའི་མོའི་ཨ་མ་ལགས་བོད་ནས་རྒྱ་གར་ལ་འབྱོར་ཞིང་།མོས་རང་གི་བུ་མོར་བཅིངས་པའི་དམིགས་ཡུལ་རྣམས་འགྲུབ་ཡོད་པར་དགའ་སྣང་དང་། ངའི་ཆུང་མ་སློབ་མཐར་ཕྱིན་པའི་པར་ལ་བལྟས་ཏེ། མཐར་ཕྱིན་མཛད་སྒོའི་སྐབས་ཀྱི་ཞྭ་མོ་གྱོན་པ་དེར་གཟིགས་ཏེ།
་་བུ་ངར་མ། ཞྭ་མོ་འདི་འདྲ་ག་ཚོད་གྱོན་ཐུབ་པ་ཡིན་ན་གྱོན་རོགས་་ ཞེས་གསུངས་མྱོང་། ཨ་མ་ཞིག་གི་རེ་བ་དང་ཡིད་ཆེས་ནི་ནམ་ཡང་ཕྱོགས་ལྷུང་མེད་པར་བུ་ཕྲུག་གི་ཕྱོགས་སུ་འཕྱོ་བཞིན་ཡོད་ལ། བུ་ཕྲུག་གི་སེམས་པའི་ཆེས་སྙི་ས་དེའང་ཨ་མའི་སྟེང་དུ་ཟུག་ཡོད། དེ་བས་ངའི་ཆུང་མས་མོའི་ཨ་མའི་རེ་བ་ཆེ་ས་ཞིག་འགྲུབ་ཡོད་པ་མ་ཟད། མོའི་ཨ་མ་དགའ་སྣང་སྐྱེས་སུ་བཅུག་ཐུབ་ཡོད་པ་འདིས། ཁ་དཔེ་ཞིག་ལ། སེམས་ཅན་དགའ་ན་དགེ་བ། ཕ་མ་དགའ་ན་དྲིན་ལན་ཞེས་པ་དེ་ཏན་ཏན་ཡིན་ངེས།
ངའི་ཆུང་མར་ཨ་ཅེ་གཉིས་དང་ཕུ་བོ་གཅིག་ཡོད་ཅིང་། ཨ་ཅེ་གཉིས་ཀྱིས་ནང་གི་གཞི་འཛིན་བྱས་ཤིང་། མོ་དང་མོའི་ཕུ་བོ་གཉིས་བཙན་བྱོལ་དུ་ཡོང་ནས་སློབ་སྦྱོང་བྱས། མཐར་གཉོམ་ལག་རྒྱས་ཤིང་སློབ་མཐར་ཕྱིན། ཁྱིམ་སྐྱོང་བྱ་ལས་ཀྱི་འཚོ་ཚོས་ལ་རོལ་སྐབས་སུ། མོའི་སེམས་སུ་ནམ་ཡང་ཐོགས་ཤིང་ནམ་ཡང་གླེང་མོལ་དུ་གྱུར་པ་ནི་མོའི་ཨ་མ་ཡིན་ལ། ཆུ་ཚོད་ཀྱི་བར་སྟོང་རེ་རག་དུས་མོའི་ཨ་མ། ཡང་ན། ཨ་ཅེ་གང་རུང་ལ་བརྡ་འཕྲིན་བརྒྱུད་དེ་ཁ་བརྡ་བྱེད་པའི་གོ་སྐབས་འཚོལ་གྱི་ཡོད། ཡ་མཚན་པ་ཞིག་གམ། ཡང་ན། མོའི་ཚོར་བའི་ཐག་ཉེ་ཕྱོགས་སུ་ཐོན་པ་ཞིག་ལ། འདས་ལོར། མོས་ཁོམ་པའི་ཆུ་ཚོད་ཀྱི་བར་སྐབས་བེད་སྤྱོད་བྱེད་སྟངས་སུ་ཕྱིར་འདང་རེ་བརྒྱབ་ན། འདི་ནི་མ་བུ་གཉིས་ཀྱི་བརྩེ་བའི་དར་སྐུད་ཀྱི་ཐག་པ་མཐུད་སྟངས་ཤིག་སྟེ། སྐུད་མེད་བརྡ་རྟགས་ཀྱི་འཕྲིན་ལམ་ནས་མཐུད་སྟངས་ཤིག
བྱིས་དུས་ཀྱི་རྩེད་ར། བྱིས་དུས་ཀྱི་དགོད་སྒྲ། བྱིས་དུས་ཀྱི་སྣང་བ་དག་ནི་ཁོར་ཡུག་ལས་བྱུང་ཞིང་། ཁོ་ར་ཁོར་ཡུག་གི་ཤུགས་རྐྱེན་ཆེ་ཤོས་ནི་ཨ་མ་ཡིན་པ་སུས་བལྟས་ཀྱང་བསྙོན་མེད་ཡིན། དེ་བས་ཕྱི་རོལ་ཏུ་གྲང་ངར་དང་ཁ་བ་བུ་ཡུག་ཇི་འདྲ་འཚུབ་རུང་། ཨ་མའི་དྲོད་ཁོལ་ཡོད་པས་གྲང་རེག་གིས་མཁུར་ཚོས་ལ་འཆར་ཀའི་འོད་མདངས་བསྣན་ཞིང་ཉི་འོད་ཀྱི་བཀྲག་པ་བརྒྱུགས་ནའང་། ཨ་མའི་བྱམས་བརྩེ་ཡིས་དམ་དུ་བཅིངས་པའི་ངའི་ཆུང་མ་གྲང་མྱོང་མི་འདུག ཨོ་གླིང་རྒྱལ་ཁབ་ཀྱི་མཁའ་དབྱིངས་སུ་མཆེད་པའི་གཟུགས་མེད་སྐུད་ལམ་བརྒྱུད་དེ་ཨ་མའི་བྱམས་བརྩེ་ཡི་བསླབ་བྱར་རྟག་པར་ཉན་པ་ནི། སྐལ་བ་བཟང་བའི་གོ་སྐབས་ཤིག་དང་དྲན་ཤིང་ཞིག་ལ་ངོས་འཛིན་འོས་པ་ལས། ལས་དབང་གི་ཁ་དན་ལ་འཁང་ར་བྱས་ནས་ཅི་ལ་ཕན།
༧གོང་ས་མཆོག་གིས་འཇིག་རྟེན་གྱི་ཨ་མ་དག་ནི་ཞི་བདེའི་སྐུལ་འདེད་པར་གསུངས་པའི་ལམ་སྟོན་ཡིད་ལ་འཁོར་ཐེངས་རེར། ངའི་ཆུང་མས་བརྡ་འཕྲིན་གྱི་ལམ་ནས་མོའི་ཨ་མ་དང་མཉམ་དུ་བཤོ་བའི་སྐད་ཆའི་རིན་ཐང་རྟོགས་པ་མ་ཟད། བཙན་བྱོལ་པ་ཡོད་ཚད་འདི་ལྟར་ས་མཐའ་ནས་རྒས་དགོས་སམ། བཙན་བྱོལ་བ་ཚང་མའི་མགོ་ལ་འདི་འདྲའི་དཉརག་ཆར་བྱོ་ཞིང་རླུང་བུ་འཚུབ་བམ་སྙམ་པའི་དྲི་བ་ཞིག་འཁོར་བ་དང་མཉམ་དུ། ལྷ་བྱམས་རྒྱལ་གྱི་༼ཕྱིར་ལོག་མི་ཐུབ་པའི་མི༽ཡི་སྒྲུང་གཏམ་གྱི་ཁ་བྱང་ལ་བསམ་གཞིགས་ཡན་སོང་། ང་འདིའི་གྲལ་དུ་ཡོད་དམ། ང་ལས་ལོ་བཅུ་སྐོར་གྱིས་ཆེ་བ་དག དེ་དག་ལས་ལོ་བཅུ་སྐོར་གྱིས་ཆེ་བ་རྣམས། དེ་ལྟར་བསམ་གཞིགས་ལ་མཐའ་མེད་པས་ང་ལྟ་བུའི་ལེ་ལོ་ཅན་ཞིག་གིས་རྗེས་ག་ལ་ཟིན་ཏེ་མི་ཟིན་ནོ།། གང་ལྟར་ཡང་། ལྷ་བྱམས་རྒྱལ་གྱི་༼ང་ནི་ཡ་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན༽ཞེས་པའི་རྩོམ་དེའི་ཁ་བྱང་གིས་ངའི་རྣམ་རྟོག་གི་རྐང་འགྲོས་མཚམས་བཞག་པ་ཡིན།
མཐར་གཞས་པ་སྒྲོལ་མ་སྐྱབས་ཀྱིས་བླངས་པའི་སྲིད་པའི་གངས་རིའི་ནང་གི་ཚིག་ཅིག་སྟེ།
སྐྱེས་དུས་མིག་ལ་ཐོགས་པའི་གངས་རི
རྒས་དུས་ཞེ་ལ་ཐོགས་པའི་གངས་རི
ཞེས་པ་ངག་ལ་འདྲེན་འདོད་མེད་ཀྱང་ཡིད་ལ་ངང་གིས་འཁོར་བ་མ་ཟད། སྲིད་པའི་གངས་རི་ཞེས་པ་ནི། ཤ་ཁྲག་གདོས་བཅས་ཀྱི་ཕུང་པོའམ། དལ་བརྒྱད་འབྱོར་བཅུའི་ལུས་རྟེན་གནང་བའི་སྲིད་པའི་ཕ་མ་རྣམས་ཏན་ཏན་རེད།
བརྩེ་བའི་ཆུང་མ་ལགས། སྨོན་ལམ་ཡག་པོ་རྒྱོབས། བཟང་བོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ་ཤར་བར་གསུངས་པ་ལ་ཡིད་ཆེས་པའི་འུ་གཉིས་ཀྱིས་མཉམ་དུ་་སྨོན་ལམ་རྣམ་པར་དག་པ་རེ་འདེབས།
ཨོཾ་མ་ཎི་པདྨེ་ཧཱུཾ།
༢༠༢༢/༠༡/༢༣ཉིན་ཨོ་གླིང་དུ།