རེབ་ཐོག་མདའ།
ཀ་ཅུའི་ཚོང་པ་བོད་ལ་ཡོང་ནས་ཚོང་ཁང་མགྲོན་ཁང་བདག་ཏུ་བཟུང་།།
ཁ་བའི་བུ་མོ་རྒྱ་ནང་མྱུལ་བཞིན་ཆང་ཁང་གཞང་ཁང་སྒོ་ན་ལུས།།
ག་དུས་ཡིན་ཡང་རྗེས་ན་ལྷག་པའི་རོང་འབྲོག་ཕུ་ནུ་མིང་སྲིང་དག།
ང་རྒྱལ་མགོ་འཕང་སྒོར་མོས་བསླུ་བཞིན་རྨི་ལམ་གྲོང་ནས་མ་འདུག་ཅིག།།
ཅ་ལག་གསར་པ་ཅི་ཞིག་ཐོན་ཡང་དངོས་རྫུན་དབྱེ་བ་མི་འབྱེད་པར།།
ཆ་རྒྱུས་ཡོད་མེད་གཉིས་ཀར་འགྲོག་ནས་སྒོར་གྱི་ཡོང་སྒོ་འཚོལ་བཞིན་དུ།།
ཇ་ཁང་ཆང་ཁང་སྦུག་ལ་ཚོགས་ནས་སྤྲོ་སྐྱིད་ཅུང་ཙམ་གཏོང་དགོས་ཀྱང་།།
ཉ་བ་ཉོབ་བེར་ཉིན་མཚན་གཉི་ཀར་མ་ཅང་གདོང་ནས་མ་ལུས་ཅིག།
ཏ་མིང་ཅན་གྱི་བླ་མ་ཁོང་ལ་དད་འདུན་གཙང་མ་ཡོད་བདེན་ན།།
ཐ་མག་ཆང་དང་རྒྱན་འཇོག་རྐུན་འཕྲོག་མ་རབས་ལས་དེ་མི་བྱེད་པར།།
ད་ལྟའི་བོད་པའི་ལས་དབང་འདི་ལ་བསམ་བློ་ཞིབ་ཏུ་གཏོང་བཞིན་དུ།།
ན་ནིང་ཇི་བཞིན་ནང་དམེ་བྱས་ཏེ་རྩྭ་ས་ཆུ་ས་མ་རྩོད་ཅིག།།
པ་ཕ་ཨ་མ་ལོ་ན་རྒས་དུས་ཕྱི་ལ་ཕུད་པའི་ལུགས་སྲོལ་ཞིག།།
ཕ་རོལ་གངས་རིའི་མཐོ་སྒང་དེ་ལ་ཅུང་ཙམ་དར་ཁྱབ་ཆེ་རབས་སོགས།།
བ་མོ་འཚོ་བའི་སྲིང་ཆུང་ཞིག་གིས་ཁ་བརྡའི་བར་ནས་འཆད་པས་ན།།
མ་ལོ་དག་གི་བཀའ་དྲིན་དྲན་དེ་མིག་ཟུང་མཆི་མས་བརླན་དང་ཐལ།།
ཙ་རི་བསྐོར་ཏེ་མི་ཡུལ་ས་མཐར་ལས་དབང་ཞིག་གིས་འཁྱམ་དགོས་མོད།།
ཚ་བའི་གྲོང་གི་ལོ་ཟླའི་ཀློང་ནས་སེམས་པ་འཁྲེང་བའི་ཕ་ཡུལ་གྱི།།
ཛ་ལང་ཅན་གྱི་བུ་དང་མནའ་མས་རྒྱུ་འབྲས་མེད་པའི་ལས་གང་ལ།།
ཝ་ལེར་བསམ་ན་གངས་ཅན་བོད་པའི་ཡ་རབས་གཤིས་ཀ་འགྱུར་བཞིན་འདུག།
ཞྭ་གོས་རྒྱན་ཆ་གོང་ཆེན་སྤྲད་དེ་འགྲན་སྡུར་བྱེད་པའི་ཕ་ཡུལ་ན།།
ཟ་བཏུང་གཉིས་ཀ་བཟོས་ནས་མ་ཚར་འཕྲོ་བརླག་གཏོང་བའི་རྒྱུ་ཆེན་ཚོས།།
འ་རོགས་མི་རིགས་སློབ་གསོའི་ཐད་ལ་ཞབས་འདེབས་ཅུང་ཙམ་ཕུལ་ཡོད་ན།།
ཡ་རབས་གངས་རིའི་བུ་རྒྱུད་འདི་ཚོས་ཀ་ཁ་སུམ་ཅུ་བོར་མེད་བསམ།།
ར་མ་ལུག་གི་རང་གཤིས་ཅན་གྱི་གངས་རིའི་གླུ་བའི་ཚོགས་དག་ན།།
ལ་ལ་ཞིག་གིས་སྒོར་མོའི་དོན་དུ་གངས་རིའི་ལ་རྒྱ་བཙོང་འདུག་ཅེས།།
ཤ་ཚའི་གཏམ་ཞིག་ཁ་སང་དེ་རིང་དྲ་རྒྱའི་ཀློང་ན་གདུ་བཞིན་པ།།
ས་མཐའི་བུ་ངའི་སྙིང་ལ་ལྷུང་དུས་ཡ་ཆུང་དཀྱིལ་ལ་གཟེར་ཞིག་བརྒྱབ།།
ཧ་ལམ་ལོ་ངོ་བཅུ་ཡི་ནང་དུ་བོད་དེ་འགྱུར་ནས་ཆ་མེད་ཅིག།
ཨ་ལ་རྩྭ་ཐང་སྔོན་མོའི་བྲང་གཞུང་ལྕགས་དྲས་བསྡམ་པའི་བཙོན་ཁང་ཞིག།
ཧ་ཅང་བདག་ལ་ཆ་རྒྱུས་ཡོད་པའི་ཞིང་ཁ་གྲུ་བཞིའི་ལྟོ་བ་རུ།།
ཨ་ལ་དེང་རབས་རྡོ་ཡི་ཁང་པ་ཁ་དོག་མི་འདྲ་དགོང་ལ་ཟུག།
ཕྱི་ལོ ༢༠༡༣ ཟླ ༢ ཚེས་༣ དགོང་མོ་རང་ཤག་ནས་བྲིས།