ཁ་སང་ཉིན་གུང་། ངས་ཉི་མར་ལྡེ་བཞིན་གནམ་སྔོན་པོའི་དཀྱིལ་དུ་ཅེར་ནས་སྡོད་སྐབས། གློ་བུར་དུ་རང་གི་དཔེ་ཁྲིའི་སྟེང་དུ་བཀྲ་ཤིས་ཟླ་བའི་བརྩམས་སྒྲུང་ཕྱོགས་བསྒྲིགས་ཀྱི་དབྱིན་དེབ་ཅིག་ཡོད་པ་དྲན་བྱུང་བས། མྱུར་དུ་ནང་ལ་སོང་ནས་དེབ་དེ་ཁྱེར་ཡོང་ནས་རོབ་ཙམ་བཀླགས་པ་ཡིན། དེབ་དེ་སྤྱི་ལོ་ ༡༩༩༢ ལོར་པེ་ཅིན་རྩོམ་རིག་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས། དེའི་གླེང་བརྗོད་པེ་ཅིན་དུ་སྡོད་པའི་བོད་རིགས་རྩོམ་པ་པོ་གྲགས་ཅན་དོན་འགྲུབ་དབང་འབུམ་གྱིས་བྲིས་པ་དང་། ཁྱོན་བསྡོམས་བརྩམས་སྒྲུང་བཅུ་གཅིག་འདུག་པ་སྟེ།
འཆིང་བའི་ནང་གི་རྣམ་ཤེས། 1
བོད་ལྗོངས་་་གསང་བའི་ལོ་ཟླ།
མཐོ་སྒང་གི་མཛའ་གླུ།
གཙང་པོའི་ཕ་རོལ། 2
མི་རང་དབང་ཅན་འཆི་མེད། 3
ཁུ་སིམ་པའི་གྲུབ་ཐོབ།
གཞིས་རྙིང་།
དུས་རབས་ཀྱི་གདན་ཞུ།
རླུང་རྟའི་གཟི་འོད། 4
རྒྱང་འཕུད་བཏང་བའི་རྒྱལ་སྲས།
དོན་འགྲུབ་དབང་འབུམ་གྱི་གླེང་བརྗོད་དེའི་ནང་དུ་བཀྲ་ཤིས་ཟླ་བའི་བརྩམས་སྒྲུང་ལ་ལ་ཁྲིན་ཨ་མེ་རི་ཀའི་རྩོམ་སྟངས་རིགས་ཤིག་སྟེ། སྒྱུ་འཕྲུལ་དངོས་ཡོད་རིང་ལུགས Magical Realism ་ཀྱི་ཤན་ཤུགས་ཐེབས་ཡོད་པ་མ་ཟད། གླིང་དེའི་རྩོམ་པ་པོ་གྲགས་ཅན་་་ལོ་བརྒྱའི་ཁེར་རྐྱང་་་བྲིས་ཏེ་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་མཁན་སྒབ་རལ་སྒར་ཞིས་ཡ་མར་ཁེའུ་ཟིའི་ 5 ཤུགས་རྐྱེན་ཡང་ཐེབས་ཡོད་ལུགས་བརྗོད་འདུག
ལོ་རབས་དགུ་བཅུ་པ་ནི་ལྟོས་འཇོག་གིས་བོད་ཀྱི་དེང་རབས་རྩོམ་རིག་གི་རྒྱ་མཚོ་དེ་ཆེ་ཆེར་འཕྱུར་ནས་རྦ་རླབས་ཀྱི་གཟེགས་མ་ཆེ་འབྲིང་ཆུང་གསུམ་ལྷ་ས་ནས་ཟི་ལིང་བར་དང་། གངས་ཏི་སེ་ནས་སྡེ་དགེ་ཁྲོ་ལའི་བར་དུ་ཁྱབ་པ་རེད།
སྐབས་དེར་ང་ནི་ད་དུང་རྒྱ་ལམ་བཞི་མདོ་ན་གར་འགྲོའི་གཏད་སོ་མེད་པའི་འཁྱམ་པོ་ཞིག་ཡིན། བོད་ཀྱི་དེང་རབས་རྩོམ་རིག་གི་ཀློག་པ་པོ་ཞིག་དང་གསར་རྩོམ་པ་ཞིག་གི་ངོས་ནས་བཤད་ན་ངོ་མ་དེ་འདྲ་ཞིག་ཡིན།
ང་སྡོད་སའི་དབེན་དགོན་དེར་སྲོལ་རྒྱུན་རྩོམ་རིག་གི་མཁའ་དབུགས་སྲབ་མིན་མཐུག་མིན་ཞིག་གིས་ཁྱབ་ཡོད་པ་དང་། དེ་ནི་རྗེ་བླ་མ་ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོའི་གྲུབ་མཐའ་རིས་མེད་ཀྱི་དཔེ་མཛོད་ཁང་ཆེན་པོ་དེའི་ནང་གི་བྲག་རི་བཞིན་བརྩིགས་པའི་སྔོན་བྱོན་བོད་ཀྱི་མཁས་པ་དག་གི་གསུང་འབུམ་དེ་ཚོའི་ཁྲོད་ནས་འཐུལ་ཡོང་བའི་སྣག་ཚ་དང་ཤོག་བུའི་དྲི་ཞིམ་དེ་ཡིན་ལ། ཡང་དགོན་པའི་མདུན་ཕྱོགས་ཀྱི་སྤང་ཐང་ལྗང་ཁུ་ནེ་ཚོའི་གཤོག་པ་ལྟ་བུ་དེའི་སྟེང་ན་སྒེག་པའི་འགྲོས་ཀྱིས་ནོར་ལུག་འཚོ་བཞིན་པའི་རྫི་མོ་གཞོན་ནུ་མ་དེས་ངེད་ཅག་གྲྭ་གསར་ཚོའི་སྙིང་ལ་སྦར་བའི་འདོད་པའི་མེ་ལྕེ་དེ་ཡང་ཡིན།
སྐབས་དེའི་ངའི་ཉིན་རེའི་འཚོ་བའི་ཁྲོད་དུ་མདོ་སྔགས་རིག་གནས་ཀྱི་དཔེ་ཆ་དུམ་པ་དང་དུམ་པ་བྱས་ནས་བློར་འཛིན་རྒྱུ་དེ་ནི་རང་ཉིད་ཀྱི་དགའ་ཕྱོགས་ཁྱད་པར་བ་ཞིག་ཡིན་ལ། ལྷག་པར་དུ་དགུན་ཁའི་ཁ་བ་བབས་པའི་རྗེས་སུ། ང་རང་གྲྭ་ཤག་ཐེབས་ཆག་དེའི་དཀྱིལ་དུ་ལུག་ལྤགས་ཤིག་ཁ་བའི་སྟེང་དུ་བཏིངས་པའི་སྟེང་དུ་བསྡད་ནས་དཔེ་ཆ་དེ་ཚོ་བློ་འཛིན་བྱེད་པར་ཧ་ཅང་དགའ། གཡས་གཡོན་གྱི་ཁ་སང་ངམ་མདང་ནུབ་བབས་ཟིན་པའི་ཁ་བ་ནི་ཧ་ཅང་དཀར་ཞིང་གཙང་ལ། དེས་རང་སེམས་ཀྱི་ནག་ནོག་གི་དྲི་མ་དེ་ཚོ་ཡོངས་སུ་སེལ་བར་བྱེད་ཅིང་། སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་རེག་བྱ་བསིལ་མོ་ཞིག་གིས་ཁྱབ་པར་བྱེད་པ་དེས་དཔེ་ཆ་བློ་འཛིན་བྱེད་པར་ཧ་ཅང་ཕན་ཐོགས་ཆེ།
ཉིན་ཞིག་ངས་བོད་ལྗོངས་ཀྱི་རྩོམ་པ་པོ་བཀྲ་ཤིས་ཟླ་བས་རྒྱ་ཡིག་ཏུ་བརྩམས་ཤིང་མིང་དྲན་པའི་མདོ་སྨད་པ་ཞིག་གིས་བོད་ཡིག་ཏུ་བསྒྱུར་པའི་སྒྲུང་གཏམ་་་བོད་ལྗོངས་་་རྒྱུན་བུའི་མདུད་པ་ལ་བརྒྱུས་པའི་རྣམ་ཤེས་་་ཞེས་པ་ཞིག་བཀླགས་པ་ཡིན། སྒྲུང་གཏམ་དེ་མགོ་བཙུགས་མ་ཐག་རྩོམ་པ་པོས། ངས་ཕེ་རོའི་དམངས་ཁྲོད་ཀྱི་གཞས་ ཨེལ་ ཁོན་རྡོར་་ཕ་ས་་EL Condor Pasa ཞེས་པ་དེ་མ་ཉན་པར་ཡུན་རིང་ཞིག་འགོར་སོང་། ཞེས་བྲིས་འདུག ངས་སྐབས་དེར་བཀྲ་ཤིས་ཟླ་བས་ཅིའི་ཕྱིར་སྒྲུང་གཏམ་དེའི་མགོར་གླུ་གཞས་དེ་འདྲ་ཞིག་གི་མིང་འབྲི་དགོས་དོན་གྱི་ཐད་བསམ་བློ་ཅི་ཡང་བཏང་ཡོད་མི་སྲིད་ལ། བོད་ཡིག་གཅིག་བུ་མ་གཏོགས་རྒྱ་ཡིག་གིས་སྒྲུང་གཏམ་ཀློག་པའི་ཆུ་ཚད་མེད་པའི་ང་ལ་མཚོན་ན་དྲི་བ་དེ་འདྲ་ལ་སྐབས་དེར་ལན་འདེབ་མཁན་ནི་རི་བོང་གི་རྭ་མིན་ན་མོ་གཤམ་གྱི་བུ་ཡིན་ངེས།
རྩོམ་ཡིག་འདིས་ཤུགས་རྐྱེན་ཐེབས་པའི་སྒྲུང་རྩོམ་འགའ་རེ་བྱུང་ཡོད་ལ། དེའི་དཔེ་མཚོན་ཡག་ཤོས་ནི་ ལྗང་བུའི་སོག་རུས་ལས་མཆེད་པའི་རྣམ་ཤེས་6 དང་། དཔེ་མཚོན་སྡུག་ཤོས་ལ་བདག་གི་ ཁ་བ་ནག་པོ་ 7 དང་ ཤམ་བྷ་ལའི་དུད་སྤྲིན 8 གཉིས་ཀྱང་བཞག་ཆོག།
རྗེས་སུ་འཛམ་གླིང་གི་སྒལ་ཚིགས་སུ་གྲགས་པའི་རི་བོ་ཧི་མ་ལ་ཡ་བརྒལ་ཏེ་ང་རང་བལ་ཡུལ་དུ་འབྱོར་ཞིང་། དབྱར་ཁའི་མཛེས་སྡུག་གི་དུས་ཚིགས་ཀྱིས་ཡོངས་སུ་བཀླུབས་པའི་བལ་ཡུལ་རྒྱལ་ས་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ན་རྒྱ་གར་དུ་བསྐྱོད།
ཡང་དུས་ཡུན་གང་འཚམ་ཞིག་གི་རྗེས་སུ་ཨ་མེ་རི་ཀའི་གྲོང་ཁྱེར་ཉིག་ཡོར་དུ་འབྱོར། ཉིན་ཞིག་ཉིར་ཡོར་གྱི་ས་འོག་མེ་འཁོར་འབབ་ཚུགས་ཤིག་ཏུ་མེག་སི་ཀོའི་ཕོ་གསར་འགས་ཁོ་ཚོའི་སྲོལ་རྒྱུན་གྱི་སྒྲ་སྙན་དཀྲོལ་ཞོར་ཁ་འབུད་འབུད་ཞོར་དུ་རོལ་མོའི་འཁྲབ་སྟོན་ཞིག་བྱེད་བཞིན་འདུག ཐོག་མར་ངས་དེ་ལ་དོ་སྣང་མ་བྱས་པས་ཐད་ཀར་ས་ངོས་སུ་འབུད་སའི་སྒོ་དེའི་ཕྱོགས་སུ་འགྲོ་རྩིས་བྱས་ཡོད། གློ་བུར་དུ་ཁོ་ཚོའི་སྙན་འཇེབས་རོལ་དབྱངས་ཀྱིས་ངའི་གཟུགས་པོ་དང་སེམས་པར་གློག་འཁྱུད་པ་ལྟ་བུའི་ཚོར་བ་ཞིག་སྐྱེས་སུ་བཅུག་པས། ངས་མུ་མཐུད་དུ་གོམ་པ་རྒྱག་ཐབས་བྲལ་ཏེ་རང་སར་འགྲེངས་ནས་མི་ཉན་རང་ཉན་ཞིག་བཟོས་བྱུང་། རྗེས་སུ་ངས་དེའི་སྐོར་རང་གི་མི་ཚེའི་ལོ་རྒྱུས་དེབ་ཐོག་མ་་་རྒྱལ་ཁབ་མེད་པའི་མི་་་ཞེས་པའི་ནང་དུ་ཡང་ཏོག་ཙམ་བྲིས་ཡོད་ལ། ན་ནིང་པར་སྐྲུན་བྱས་པའི་རང་གི་མི་ཚེའི་གཏམ་རྒྱུད་་་ཉི་མ་སྟོང་གི་ཉིན་ཐོ་་་ཞེས་པའི་ནང་དུ་ཡང་སྐབས་དེའི་གནས་ཚུལ་བཀོད་ཡོད། ཉིན་དེ་ནས་བཟུང་ང་རང་རྒྱུ་མཚན་ཅི་ཡིན་མི་ཤེས་པར་མེག་སི་ཀོ་དང་ཨ་རིའི་གདོད་མའི་མི་རིགས་ཀྱི་སྲོལ་རྒྱུན་གླིང་བུ་དང་རོལ་དབྱངས་གཞན་ལ་ཧ་ཅང་དགའ་བར་གྱུར་པ་མ་ཟད། གཞན་གྱིས་ལེགས་སྐྱེས་སུ་སྤྲད་པ་དང་རང་གི་སློབ་མ་ཚོས་ཉོས་པའི་ཨ་རིའི་གདོད་མའི་མི་རིགས་ཀྱི་གླིང་བུ་རིང་ཐུང་ཡང་གསུམ་ཡོད།
ལྷོ་བྱང་ཨ་རིའི་གདོད་མའི་མི་རིགས་ཚོའི་ལོ་རྒྱུས་ཀྱི་དཔལ་ཡོན་དང་སྐྱོ་གར་ཡང་རང་རེ་བོད་པ་ཚོའི་ལོ་རྒྱུས་རིང་མོའི་ཁྲོད་ཀྱི་དགའ་སྐྱོ་ཆགས་འཇིག་གི་བྱུང་རིམ་དང་ཧ་ཅང་འདྲ་བོ་ཡོད་ལ། ཁོ་ཚོའི་སྲོལ་རྒྱུན་རོལ་དབྱངས་གང་ཞིག་ལ་ཉན་ན་ཡང་། དེས་ང་རང་ལ་བཟོད་ཐབས་བྲལ་བའི་གདུང་བ་ལྕི་མོ་ཞིག་སྤྲོད་པར་བྱེད། ཐ་ན་ཁོ་ཚོའི་ཞབས་བྲོའི་རམ་འདེག་གི་སྐད་གདངས་མང་པོའི་འཛེར་སྒྲ་བོད་ཀྱི་ལྷ་མོའི་འཁྲབ་སྟོན་སྐབས་ཀྱི་རམ་འདེགས་ལྟ་བུ་དེས་ཀྱང་ངའི་སེམས་ཁོང་དུ་བང་རིམ་ཧ་ཅང་མཐོ་བའི་འཁྱག་རི་ཆེན་པོ་ཞིག་སྐྲུན་པར་བྱེད།
དེ་རིང་ཉི་འོད་ཧ་ཅང་ཚ་བོའི་འོག་ཏུ་ངས་རང་གི་ཀུ་ཤུའི་ཁ་པར་ནང་གི་ཡོ་ཁྲོབ་བརྙན་ལས་བརྒྱུད་དེ་ཨེལ་ཁོ་རྡོར་་ཕ་ས་་EL Condor Pasa ཞེས་པའི་གཞས་དེ་འཚོལ་སྐབས། གཞས་དེ་སྙན་འཇེབས་ཡིད་དབང་འགུག་པའི་རོལ་དབྱངས་དང་མཉམ་དུ་ལེན་མཁན་Simon དང་Garfunkel ཞེས་པ་གཉིས་ཀྱིས་སྤྱི་ལོ་ 1970 བླངས་འདུག་པ་དང་། ཡང་གཞས་དེ་ལ་ཨེལ་ཁོ་རྡོར་གྱི་རོལ་དབྱངས་མཁན་གྲགས་ཅན་ལེའོ་ རོ་ཧ་སིས་བཀོད་སྒྲིག་དང་ཁ་འབུད་སྦྲེངས་པའི་རྒྱབ་ལྗོངས་སུ། རྣོ་ལྕགས་ཀྱི་ཁེ་གྲི་ལྟ་བུའི་གཤོག་ཟུང་བརྐྱངས་ནས་ནམ་འཕང་གཅོད་པའི་གླག་རྒོད་དང་རྔ་རྔོག་མེ་རུ་འབར་བཞིན་རྩྭ་ཐང་བརྒལ་བའི་རྟ་མཆོག བྲག་གཡང་ནས་ཆལ་ཆིལ་དུ་འབབ་པའི་རྦབ་ཆུ། ཉི་ཟེར་འོག་ཏུ་སྐྲ་ལོ་རླུང་ལ་སྤུར་བའི་མཛེས་མ་སོགས་ཀྱི་བརྙན་རིས་མིག་གི་གསོས་དང་རྣ་བའི་བདུད་རྩི། ཡིད་ཀྱི་བཅུད་དུ་སྨིན་པ་ཞིག་ཀྱང་མཆིས་ལ། དེའི་ལྟ་ཉན་བྱེད་མཁན་ས་ཡ་ཉི་ཤུ་རྩ་བརྒྱད་བརྒལ་འདུག གཞས་དེའི་གཞས་ཚིག་དེ་བོད་ཡིག་བསྒྱུར་ན་ཕལ་ཆེར་འདི་འདྲ་ཞིག་རེད།
གལ་སྲིད་ངས་བྱེད་ཐུབ་ན།
ང་ཀ་ལ་པིང་ཀ་ཞིག་བྱེད་པ་མ་གཏོགས་འབུ་སྐྱོགས་ཤིག་བྱེད་མི་འདོད།
རེད། གལ་སྲིད་ངས་བྱེད་ཐུབ་ན་ངས་བྱེད་ཀྱི་རེད། ངས་ཏན་ཏན་བྱེད་ཀྱི་རེད།
ངས་ཐོ་བ་ཞིག་བྱེད་འདོད་ཡོད་མ་གཏོགས་འཛེར་མ་ཞིག་བྱེད་འདོད་མེད།
རེད། ངས་གལ་སྲིད་བྱེད་ཐུབ་ན་ངས་བྱེད་ཀྱི་རེད། ངས་ཏན་ཏན་བྱེད་ཀྱི་རེད།
ཐག་རིང་། ངས་གྲུ་གཡོར་ཕྱར་ནས་ཐག་རིང་ལ་འགྲོ་འདོད།
ངང་པ་ཞིག་བསླེབས་པ་དང་འདྲ་བར་ཡང་ཕྱིན་སོང་།
མི་ཞིག་ས་སྟེང་དུ་དམ་པོར་བཀྱིགས་བྱུང་།
ཁོས་འཇིག་རྟེན་ལ་ཆེས་སྐྱོ་བའི་སྨྲེ་སྔགས་བཏོན།
དེ་ནི་ཆེས་སྐྱོ་བའི་སྨྲེ་སྔགས་རེད།
ང་ནི་ནགས་ཚལ་ཞིག་མ་གཏོགས་སྲང་ལམ་ཞིག་བྱེད་འདོད་མེད།
རེད། ངས་གལ་སྲིད་བྱེད་ཐུབ་ན་ངས་བྱེད་ཀྱི་རེད། ངས་ཏན་ཏན་བྱེད་ཀྱི་རེད།
ངས་རྐང་འོག་ན་ས་གཞི་ཡོད་པ་ཚོར་བར་སྤྲོ།
རེད། ངས་གལ་སྲིད་བྱེད་ཐུབ་ན་ངས་བྱེད་ཀྱི་རེད། ངས་ཏན་ཏན་བྱེད་ཀྱི་རེད།
གཞས་ལ་ལྟ་ཉན་བྱེད་སའི་དྲ་ཐག།
ཡང་ན་འདི་ལས་ཀྱང་ལྟ་ཉན་བྱེད་ཐུབ།
………………………………………
*El Condor Pasa གཞས་ཚིག་རྩོམ་པ་པོ་ནི་པེ་རུའི་གཞས་ཚིག་རྩོམ་པ་པོ་གྲགས་ཅན་ Daniel Alomia Robles ཡིན་ཞིང་། ཁོང་ སྤྱི་ལོ་ ༡༨༧༡ ཟླ་ ༡ ཚེས་ ༣ འཁྲུངས་ཤིང་། སྤྱི་ལོ་ ༡༩༤༢ ཟླ་༧ ཚེས་ ༡༧ གྲོངས། ཁོང་གིས་གཞས་ཚིག་འདི་སྤྱི་ལོ་ ༡༩༡༣ ལོར་ Zazuela ཞེས་པའི་གཞས་མ་གཏམ་ཞིག་བརྩམས་པ་དེའི་ནང་གསེས་ཤིག་ཡིན།
1 དབྱིན་ཡིག་གི་ཁ་བྱང་ཇི་བཞིན་བསྒྱུར་ན་འདི་འདྲ་ཞིག་ཡོང་། གལ་སྲིད་་་རྒྱུན་བུའི་མདུད་པ་ལ་བརྒྱུས་པའི་རྣམ་ཤེས་་་ཞེས་པ་དེ་དབྱིན་ཡིག་ནང་ཡོད་ན་མ་མཐར་ཡང་། A Soul in Leather Cord knot ཞེས་པ་ཞིག་འབྱུང་དགོས། དེ་བཞིན་སྒྲུང་གཏམ་དེ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་མཁན་དེས་སྒྲུང་གཏམ་གྱི་མཐའ་མའི་ལེའུ་དེ་ཚོའི་ནང་གི་མི་སྣ་གཙོ་བོ་ཕོ་མོ་གཉིས་ཀྱི་མིང་ལ་མཐར་འཕེལ་དང་ཁྱུང་ཁྱུང་ཞེས་བསྒྱུར་ཡོད་པ་དང་། དབྱིན་སྒྱུར་མ་འདིའི་ནང་དུ་མི་སྣ་དེ་གཉིས་ཀྱི་མིང་ལ། Tabei དང་ Jade ཞེས་བསྒྱུར་འདུག་པས། སྐྱེས་པ་དེའི་མིང་བཀྲ་བྷེ་དང་བུད་མེད་དེའི་མིང་ལ་འཇའ་བདེ་ཞེས་པ་ཞིག་ངེས་པར་དུ་ཡོང་དགོས་པར་སྙམ།
2 འདི་བསྒྱུར་པ་པོ་མ་ངེས་ཀྱང་་་སྦྲང་ཆར་་་ཞིག་གི་སྟེང་དུ་བཀོད་ཡོད་ལ་གློག་བརྙན་དུ་ཕབ་ཡོད།
3 འདི་ལྗང་བུས་བོད་ཡིག་ཏུ་བསྒྱུར་ཏེ་་་བོད་ཀྱི་རྩོམ་རིག་སྒྱུ་རྩལ་་་ཞིག་གི་སྟེང་དུ་བཀོད་ཡོད།
4 འདི་བསྒྱུར་པ་པོ་མ་ངེས་ཀྱང་་་བོད་ཀྱི་རྩོམ་རིག་སྒྱུ་རྩལ་་་ཞིག་གི་སྟེང་དུ་བཀོད་ཡོད།
5 མར་ཁེའུ་ཟིའི་ལོ་རྒྱུས་ཤོག་ལྷེ་ལྔ་ཅན་ཞིག་ཁོ་བོས་ལོ་བཅུ་གཉིས་སྔོན་དབྱིན་ཡིག་ལས་བོད་སྒྱུར་གྱིས་དྲ་ངོས་འགར་སྤེལ་ཟིན།
6 ལྗང་བུས་སྒྲུང་གཏམ་འདི་ལོ་རབས་དགུ་བཅུ་པའི་ སྦྲང་ཆར་ དུས་དེབ་ཅིག་གི་སྟེང་དུ་སྤེལ་ཡོད།
7 བདག་གིས་སྒྲུང་གཏམ་འདི་ལོ་རབས་དགུ་བཅུ་པའི་ གངས་རྒྱན་མེ་ཏོག་ ཅིག་གི་སྟེང་དུ་སྤེལ་ཅིང་། རྗེས་སུ་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱིས་རྒྱ་ཡིག་ཏུ་བསྒྱུར་ཏེ། བཀྲ་ཤིས་ཟླ་བ་དང་འོད་ཟེར་གྱིས་རྩོམ་སྒྲིག་པ་བྱེད་མྱོང་བའི་ལྷ་སའི་ བོད་ཀྱི་རྩོམ་རིག་ སྟེང་སྤེལ། སྤྱི་ལོ་ ༢༠༠༤ ལོར་དབྱིན་ཡིག་ཏུ་བསྒྱུར།
8 རང་རྩོམ་ཕྱོགས་བསྒྲིགས་དེབ་ཐོག་མ་ ཤམ་བྷ་ལའི་དུད་སྤྲིན་ ནང་བཀོད་ཡོད།