རྩོམ་པ་པོ། ནག་ཀྱཱ་བ་ཤ་བོ་ཚེ་རིང་། (ཡཪ་ལྷ་ཤམ་པོས་འོས་སྦྱོར་བྱས།)
ཕུ་རི་ཡིག་རྙིང་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཡིག་གི་གནའ་བོའི་ཡིག་ཚང་གྲགས་ཅན་ཞིག་ཡིན་ལ། འདི་ནི་ཏུང་ཧོང་གི་ཡིག་ཚང་གི་རྗེས་སུ་རྒྱལ་ནང་ནས་གསར་དུ་རྙེད་པའི་ལོ་རྒྱུས་ཀྱི་དུས་ཚོད་རིང་ཞིང་ཉར་ཡུན་ཆེས་རིང་བོའི་གནའ་དཔེ་དཀོན་པོ་ཞིག་ཡིན། ཕུ་རི་ཡིག་རྙིང་ནི་ལོར་བོད་ལྗོངས་ཀྱི་གཞིས་ཀ་རྩེའི་ས་ཁུལ་གྱི་གཉའ་ལམ་རྫོང་གི་ཕུ་རི་གྲོང་ཚོ་ནས་གསར་རྙེད་བྱུང་བ་ཡིན། ཕུ་རི་ཡིག་རྙིང་ལ་རིགས་༡༥༠ ལྷག་དང་ཤོག་ངོས ༡༣༠༠ ཉེ་བ་ཡོད།
ཆེད་ལས་མཁས་པས་གསལ་འབྱེད་བྱས་པ་ལྟར་ན། འདི་ཉིད་བྱུང་བའི་ལོ་རྒྱུས་ནི་སྤྱི་ལོའི་དུས་རབས་༡༣ གྱི་སྔོན་དུ་གཏོགས་ལ། དེའི་ཁྲོད་ཀྱི་ཡིག་ཚང་སྐོར་ཞིག་ནི་བོད་བཙན་པོའི་དུས་སྐབས་སུ་བྱུང་བ་རེད། བོད་ལྗོངས་སུ་བོད་བཙན་པོའི་དུས་སྐབས་ཀྱི་ཡིག་ཚང་ནི་ཤིན་ཏུ་དཀོན་ཞིང་དུས་རབས་སྟོད་ཀྱི་ཐོག་མའི་ཏུང་ཧོང་ཡིག་རྙིང་གསར་རྙེད་བྱུང་བ་དང༌། མི་མང་བོས་ཡིག་ཚང་འདི་ནི་བོད་བཙན་པོ་རྒྱལ་རབས་ཀྱི་དུས་མཇུག་དང་དུས་རབས༡༣ གྱི་ཡིག་ཚང་ཞིག་ཡིན་པར་ཤེས་རྟོགས་བྱུང༌།
ཕུ་རི་ཡིག་རྙིང་གི་བརྗོད་དོན་ཟབ་ཅིང་ཧ་ལམ་ལྷ་ཆོས་དང་མི་ཆོས་རྩོམ་བཏུས་ཁག་གཉིས་སུ་དབྱེ་ཡོད་ལ། དམ་པའི་ལྷ་ཆོས་ཀྱི་ཡིག་ཚང་ནི་གསང་སྔགས་ཀྱི་ཆོ་ག་དང་ནང་ཆོས་ཀྱི་དཔེ་རྙིང་གཉིས་སུ་གཏོགས་ལ། ཆོས་ལུགས་ཀྱི་གནའ་དཔེའི་ཁྲོད་ཐོག་མའི་ཡིག་བསྒྱུར་གྱི་མ་ཕྱི་དང་དུས་རབས༡༠ཡས་མས་སུ་བོད་ལྗོངས་སུ་རྒྱུགས་ཆེ་བའི་དམངས་ཁྲོད་ཆོས་ལུགས་ཀྱི་དཔེ་རྙིང་དང་དང་ཆོ་ག་སོགས་ཡོད། མི་ཆོས་ཀྱི་ཡིག་ཚང་ནི་སྙན་ཚིག་དང་བསྟོད་ཚིག མི་སྣའི་རྟོགས་བརྗོད་སོགས་འདུ་ལ། འདིས་བོད་ལྗོངས་ཀྱི་ཆོས་ལུགས་དང་རིག་གནས་ཀྱི་འབྱུང་ཁུངས་དང་འཕོ་འགྱུར། འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་གནའ་རབས་ཀྱི་རྒྱུ་ཆ་དཀོན་པོ་ཞིག་ཡིན་པར་བདེན་དཔང་སྙོམས་མེད་ཅིག་བྱས་ཡོད།
བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་པ་ཤེས་རབ་བཟང་བོས། ཕུ་རི་ཡིག་རྙིང་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་རྗེས་སུ། ཀྲུང་གོའི་ནང་ཁུལ་ནས་རྙེད་པའི་ལོ་རྒྱུས་ཀྱི་རྒྱུན་ཆེས་རིང་ཞིང་ཉར་ཚགས་བྱས་པ་ཆེས་མང་བོའི་བོད་ཡིག་གི་ཡིག་ཚང་རྙིང་བ་ཞིག་ཡིན་ལ། འདི་ཉིད་གསར་རྙེད་བྱུང་བ་ནི་དངོས་གནས་བྱ་བཞག་ཡག་པོ་ཞིག་ཡིན་པར་འཐད་ལྡན་དུ་སྒྲུབ་ཚུགས་བྱས་ཡོད། ༢༠༠༢ ལོར་བོད་ལྗོངས་གཉའ་ལམ་རྫོང་གི་ཕུ་རུ་གྲོང་ཚོའི་སྡེ་དམངས་ཤིག་གིས་ཞིང་ནང་ནས་ས་སློག་སྐབས་གནའ་བོའི་ཤོག་རྙིང་སྐོར་ཞིག་ཕྱིར་བཏོན་པ་རེད།
འོན་ཀྱང་དེ་ལ་གདེང་འཇོག་དང་དོ་ཁུར་བྱེད་མཁན་མ་བྱུང་བས།ས་འོག་ནས་ལོ་ངོ་དྲུག་བརྒྱའམ་བདུན་བརྒྱ་ལྷག་ལ་སྦས་པའི་རྩ་ཆེའི་ཡིག་ཚང་འདི་ཉིད་ལུས་སོང་བ་རེད། སྐབས་དེར་བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གིས་བསྡུ་རུབ་བྱ་སྐབས་ཡིག་ཚང་ཤིན་ཏུ་རྙོག་དྲ་ཆེ་ལ། ཞིབ་འཇུག་པ་དག་གིས་དག་སྒྲིག་བྱས་རྗེས། སྤྱི་བསྡོམས་པའི་ཤོག་ངོས་ཁྲི་གཅིག་དང་སྟོང་གཉིས་ལྷག་ཡོད་པའི་ཡིག་ཚང་ཞིག་གསར་རྙེད་བྱུང་ཡོད་ལ། ཤོག་ངོས་ཁྲི་ལྷག་ཡོད་པའི་གནའ་དཔེ་ལེགས་པོ་ཞིག་ཁྱོན་ནས་བསྡུ་སྒྲིག་ཐུབ་སོང༌།
ཆེད་ལས་མཁས་པ་མང་བོས་གསལ་འབྱེད་བྱས་རྗེས། འདི་དག་ནི་གནའ་རབས་ཀྱི་བོད་ཀྱི་སྣག་ཚ་དང་ཤོག་བུའི་སྟེང་བྲིས་པའི་ཡིག་ཚང་ཞིག་ཡིན་ལ།ཧ་ལམ་དུས་རབས༨ནས༡༤བར་དུ་བྱུང་བ་ཞིག་རེད། ཤོག་བུ་འདི་དག་ནི་ལྟེབ་ཆགས་མང་བོར་སོང་བ་དང་ཤོག་བུ་ཐར་འཐོར་ཅན་དུ་ཆགས། དེའི་ཁྲོད་ཀྱི་གསང་བ་ལྐོག་གྱུར་གྱི་དམོད་ཚིག་སྐོར་ཞིག་ནི་བོད་ལྗོངས་ས་གནས་ཀྱི་སྟོབས་ཤུགས་སིལ་བུར་འཐོར་སྐབས།དམངས་ཁྲོད་ཀྱི་ཆོས་ལུགས་ཁག་གི་ཆོ་ག་ཡིན་པར་མ་ཟད། ལོ་རྒྱུས་འདི་དག་གི་ཁྲོད་དུ་བྱུང་བའི་ཆོས་ལུགས་ནི་གནའ་རབས་ཀྱི་ཡིག་ཚང་གཞན་དག་ཏུའང་ཞིབ་གསལ་ངང་བཀོད་ཡོད།
ཕུ་རི་གྲོང་ཚོ་ནི་འགྲིམས་འགྲུལ་སྟབས་མི་བདེ་བའི་རི་གྲོང་ཞིག་ཡིནན་ཡང༌། འོན་ཏེ་གུང་ཐང་རྒྱལ་རབས་ཀྱི་དུས་སུ་དུས་རབས་༡༠ ནས་༡༣ བར་ནི་འཕེལ་རྒྱས་མགྱོགས་པའི་རྫོང་ཁག་བཅུ་གསུམ་གྱི་ཡ་གྱལ་ཞིག་ཡིན།
གུང་ཐང་རྒྱལ་རྒྱལ་རབས་སུ་བཀོད་པ་ལྟར་ན། གུང་ཐང་རྒྱལ་རབས་དར་རྒྱས་ཆེ་བའི་སྐབས་ཀྱི་ཕུ་རུ་གྲོང་ཚོ་དངོས་སུ་གཞི་ཆགས་པ་དང༌། ཡོན་རྒྱལ་རབས་ཀྱི་དུས་སུ་འགྲོ་མགོན་འཕགས་པ་བླ་མར་གྱུར་བའི་ནང་ཆོས་སྨྲ་བ་དང་ལོ་ཙཱ་བ་མང་བོ་སྤྱན་དྲངས་ནས་དམ་པའི་ཆོས་འཆད་པ་དང་བརྩམས་ཆོས་གྲགས་ཅན་མང་བོ་སྤེལ་བ་རེད། དུས་རབས་༡༣ དུས་སུ་ཕུ་རུ་གྲོང་ཚོ་ནི་མིང་དུ་གྲགས་པའི་ནང་ཆོས་ཀྱི་གནས་ཆེན་ཞིག་ཡིན། འོན་ཀྱང་དུས་རབས་༡༥ བར་གུང་ཐང་རྒྱལ་རབས་རྒུད་པ་དང་ཕུ་རུ་གནས་མཆོག་ཀྱང་ཉམས་དམས་སུ་གྱུར་བ་རེད། ལོ་ངོ་དྲུག་བརྒྱ་ལྷག་གི་རིང་ལ་མི་གཅིག་གིས་ཀྱང་གནས་འདིའི་གཟི་འོད་ཚོར་མ་ཐུབ་པར་རང་སར་ལུས་སོང༌།
ཕུ་རི་ཡིག་རྙིང་གི་བརྗོད་དོན་ཕུན་སུམ་ཚོགས་ཤིང་ནང་ཆོས་ཀྱི་ཆོ་ག་དང་ཆོས་དཔེ་རྙིང་བ། སྙན་ཚིག མི་སྣའི་རྟོགས་བརྗོད་སོགས་བོད་མི་དམངས་ཀྱི་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དང་དད་མོས་སོགས་ཕྱོགས་མང་བོའི་རིན་ཐང་ཡོད་པའི་གནའ་བོའི་རྒྱུ་ཆ་མང་བོ་ཉར་ཚགས་བྱས་ཡོད། ཏུང་ཧོང་རིག་གནས་ལ་རིག་གཞུང་ཞིབ་འཇུག་གི་རིན་ཐང་ལྡན་ན་ཡང༌། ཕུ་རི་ཡིག་རྙིང་ནི་བོད་མི་རིགས་ཀྱི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་རྒྱུ་ཆ་ཚད་ལྡན་ཡིན། དེའི་ཁྲོད་ཀྱི་བོད་གནའ་རབས་ཀྱི་ཆོས་ལུགས་ཀྱི་ཆོ་ག་དང་མཚོན་བྱེད་རི་མོ་སོགས་ནི་བོད་ཀྱི་ནང་ཆོས་རིག་གནས་ཀྱི་འབྱུང་ཁུངས་ལ་དང་འཕོ་འགྱུར། འཕེལ་རྒྱས་ལ་འཚོལ་ཞིབ་བྱེད་པའི་གནའ་རབས་ཀྱི་ཤུལ་དངོས་རྒྱུ་ཆ་སྲིད་ན་དཀོན་པ་ཞིག་ང་ཚོར་མཁོ་སྤྲོད་བྱས་ཡོད་པ་རེད།
ཕུ་རིའི་ཡིག་རིགས་རྙིང་པ། །
ལོ་མང་ས་ནང་གཟིམ་དུས། །
རྨི་ལམ་ག་རེ་རྨིས་སོང་། །
ང་ལ་མ་གསང་གསུངས་དང་། །
ཕུ་རིའི་ཡིག་རིགས་རྙིང་པ་།
ས་འོག་གཏེར་དུ་སྦས་མཁན་།
རྒྱ་རོ་མིན་ན་སུ་ཡིན་།
ཕུ་རིའི་ཡིག་རིགས་རྙིང་པས་།
རྒྱ་ཡི་འདོད་དོན་སྒྲུབ་ཤིག་།
ཕུ་རིའི་ཡིག་རིགས་སྙིང་པས་།
བོད་ཀྱི་རང་བཙན་ངོ་སྤྲོད་།
འཛམགླིང་ཡོངས་ལ་གནང་དང་།
ཡིག་རིགས་གཏེར་བསྟོན་ཁྱེད་ལ་།
ཨ་རིའི་ཌོ་ལར་ས་ཡ་དྲུག་བརྒྱ་།
ཁྱེད་ལ་བརྔན་པ་གཟེངས་རྟགས་ཕུལ་ཆོག་།
ཕྱོགས་གཞན་ཞིག་ནས་བཤད་ན་ཕུ་རིའི་གཏེར་ཡིག་འདི་རིག་གནས་གསར་བརྗེའི་སྐབས་སྦས་པ་ཡིན་སྲིད།
བོད་གངས་ཅན་པའི་བརྡ་རྙིང་དང་བོད་གངས་ཅན་པའི་ཡིག་རྙིང་འདི་ཚོ་ཕྱོགས་བསྒྲིག་བྱ་ཐུབ་ན་བསྐལ་པ་བཟང་པོ་ལོས་ཡིན། །