ཀླུ་སྨྱོན།
སྐུ་ཞོགས་ཨ་རོལ་རིན་པོ་ཆེ་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཞུ་བ་ཁོང་ནི་དུས་རབས་ཉི་ཤུ་བའི་མདོ་སྨད་ཀྱི་དགེ་ལྡན་པའི་བླ་མ་མཁས་བཙུན་གྲུབ་པའི་བདག་ཉིད་ཆེན་པོ་ཞིག་རེད། ཁོང་ནི་རྒྱལ་དབང་བཅུ་གསུམ་པའི་ཡོངས་འཛིན་ཞྭ་དམར་རིན་པོ་ཆེ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ཞེས་པའི་མཁས་བཙུན་བཟང་པོའི་བདག་ཉིད། ལམ་རིམ་དམར་ཁྲིད་དང་སྙན་ངག་གི་གཞུང་ལུགས་བདུད་རྩིའི་མཆོད་ཡོན་རྩོམ་པ་པོ་དེའི་ཐུགས་སྲས་ས་གསུམ་ན་འགྲན་ཟླ་བྲལ་བ་ཞིག་ཀྱང་རེད། སྙན་ངག་མེ་ལོང་མའི་ལུགས་ཀྱི་ཁྲིད་གཞུང་ཆེན་མོ་ཚངས་སྲས་བཞད་པའི་སྒྲ་དབྱངས་རྩོམ་པ་པོ་ཨ་ལགས་བསེ་ཚང་བློ་བཟང་དཔལ་ལྡན་ནི་ཨ་རོལ་རིན་པོ་ཆེའི་སྲས་ཀྱི་ཐུ་བོ་གཙོ་གྲས་ཤིག་ཡིན་པ་དང་། ཁོང་གི་གསུང་འབུམ་པོད་གཉིས་པ་དེ་ནི་ཨ་རོལ་རིན་པོ་ཆེའི་རྣམ་ཐར་རེད་འདུག སྤྱིར་དུས་འགྱུར་མ་བྱུང་སྔོན་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་ཨ་རོལ་རིན་པོ་ཆེའི་རྣམ་ཐར་པོད་ཆེན་གཅིག་བརྩམས་ཡོད་ཀྱང་ང་བརྒྱད་དང་རིག་གསར་སྐབས་རྩ་བརླགས་སུ་སོང་བ་དང་། བསེ་ཚང་གིས་མཛད་པའི་ཨ་རོལ་རིན་པོ་ཆེའི་རྣམ་ཐར་དད་གསུམ་པདྨོ་རྒྱས་པའི་ཉིན་བྱེད་ཅེས་པ་ཤོག་ངོས་༨༢༠ ཅན་ཞིག་བཞུགས་པ་ཁོ་བོས་ཁ་སང་དང་དེ་རིང་གཉིས་ལ་བཀླགས་གྲུབ་ཅིང་། རྣམ་ཐར་དེའི་ནང་དུ་ཨ་རོལ་རིན་པོ་ཆེས་པཎ་ཆེན་སྐུ་ཕྲེང་དགུ་བའི་ཐུགས་སྨོན་དང་ལུང་བསྟན་བཞིན་དུས་འཁོར་དབང་ཆེན་ཚར་ཉེར་བདུན་གནང་འདུག ཁོང་གིས་དུས་འཁོར་དབང་ཆེན་མཐའ་མ་དེའི་སྐབས་སུ་བཀའ་སློབ་ཅིག་གནང་ཡོད་པ་འདིར་སྤྱན་འབུལ་ཞུས་ཡོད།
ལོ་༣༨ གྱི་སྔོན་ཏེ། ཁོ་བོ་རང་ལོ་བཅུ་གཉིས་ཡིན་དུས་ཀྱི་ཉིན་ཞིག ངའི་ཨ་མའི་ཕུ་བོ་ཀླུ་ཚང་དགོན་པའི་དགེ་བཤེས་དགེ་འདུན་ཆུང་བ་ཚང་གི་ཕྱག་དཔེའི་ཁྲོད་དུ་སྨྱུ་གུ་སྔོན་པོས་བྲིས་པའི་ཞལ་འདོན་ཤོག་གཅིག་མ་ཞིག་འདུག་ལ། ངས་དེ་ལག་ཏུ་བླངས་ནས་བལྟས་པ་ན་དེའི་ངོས་སུ།
༄༅།།དཔལ་དང་པོའི་སངས་རྒྱས་དབྱེར་མེད་པ།།
མགོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ལས།།
རྒྱུད་སྨིན་བྱེད་དབང་སྐུར་ཐོབ་པའི་མཐུས།།
ཞིང་མཆོག་གྱུར་ཤམྦྷ་ལར་སྐྱེས་ནས།།
གཏན་འཆི་བ་མེད་པའི་དཔལ་ཐོབ་ཤོག།
ཅེས་པ་འདི་ཡང་གདའ་ཚང་སྦྱིན་པའི་འདོད་མོས་བཞིན་དུ། ཨ་རོལ་སྐྱེ་མིང་བས་སྦྱར་བ་ཛཡནྟུ།། ཞེས་པ་འདི་ད་དུང་ཡིད་ངོར་འདུག ངའི་ཨ་ཞང་དེས་ཁོང་ཨ་རོལ་འདི་བའི་གཟིམ་ཁང་དུ་མཇལ་ཁ་ཞུ་བར་བཅར་དུས། ཁོང་གི་གཟིམ་ཁང་གི་གདུང་མའི་ངོས་སུ་མེ་ཏོག་དཀར་པོ་ཞིག་སྐྱེས་འདུག་ཅེས་ཀྱང་གསུངས་པ་ད་དུང་དྲན་ཡོང་།
བོད་ཀྱི་བླ་ལོག་ཚོས་ཅི་མི་ཟེར། དཀོར་ཁ་ལ་བབས་ན་མི་བཤད་དགུ་བཤད། དཀོར་ལག་ལ་བབས་ན་མི་ལས་དགུ་ལས། དཀོར་སྙིང་ལ་བབས་ན་མི་དྲན་དགུ་དྲན། པན་ཆེན་རིན་པོ་ཆེས་ཤམ་བྷ་ལའི་ལམ་ཡིག་ཞིག་བྲིས་པ་མ་རེད་དམ། ཤམ་བྷ་ལ་གང་ན་ཡོད་རེད། དུས་འཁོར་ནི་གཉིས་མེད་རྒྱུད་རེད། ད་དུང་གསང་བ་མི་བྱེད་པའི་ཁར་རྒྱང་རིང་ནས་ཀྱང་ཐོབ་སྐད། དེ་འདྲའི་རིགས་དྲ་ཐོག་ལ་སྤེལ་མ་འོང་། ང་རྣམ་རྟོག་ཟ་གི་འདུག བོད་ཀྱི་བླ་མ་འདི་ཚོ་ཅི་འདྲའི་ཐབས་སྐྱོ་བ་ལ་བསམ་གི །
མ་འོངས་པར་ཤམ་བྷ་ལ་ནས་ཀླ་ཀློར་དམག་རྒྱག་དུས་སྐྱེ་ནས་ཅི་ཞིག་བྱེད། ང་ཚོས་བསམ་བློ་ཞིབ་ཏུ་མ་བཏངས་ན་སྔོན་གྱི་བླ་མ་ཚོས་མགོ་སྐོར་རང་བཏང་འདུག དེ་མིན་རིགས་ལྡན་ཉེར་ལྔའི་སྐབས་ལ་དམག་འཁྲུགས་ཆེན་པོ་ཞིག་ཡོད་སྐད། དེ་དུས་དེར་སྐྱེ་བའི་སྨོན་ལམ་བཏབ་ནས་ཅི་ཞིག་བྱེད། འདི་འདྲའི་གཏམ་ཐོས་ན་གད་མོ་ཡང་ཤོར་གྱིན་འདུག་ལ་། ངུ་ཡང་ཤོར་གྱི་འདུག །
བིན་ལེན་རྡེན་དང་། ཀླུ་མཁར་འབྱམས་གཉིས་མ་གཏོགས། ང་ཚོ་བོད་རིགས་དུས་འཁོར་དབང་ཆེན་ཐོབ་མཁན་ཚང་མ་ལ་མ་འོངས་པར་བདེ་སྐྱིད་འོངས་བའི་རེ་བ་དང་སྔ་ལྟས་ཆེན་པོ་འདུག་བསམས་སོ།།
ཀླུ་སྨྱོན་ལགས། རིགས་ལྡན་དྲག་པོས་ཀླ་ཀློར་དམག་འཁྲུགས་རྒྱག་དུས། ཁྱེད་དེའི་སྐབས་སུ་དེར་སྐྱེ་འདོད་འདུག་གམ། དམག་དཔོན་ཞིག་གི་སྐྱེ་ན་ག་འདྲ་འདུག ངེས་པར་དུ་རྒྱལ་ཁ་ཐོབ་དགོས་རེད། །
མི་ང་རྨོངས་དད་ཅན་ལ་ནི། རིག་ལྡན་དྲག་པོ་དང་། ཀླ་ཀློའི་དམག་ད་ལྟ་དངོས་སུ་འབྱུང་བཞིན་པའམ། དམག་རྒྱག་བཞིན་པ་ཞིག་མཐོང་བགྱིད་འདུག ཧ་ཧ། ཧོ་ཧོ། ཨེ་མ་ཧོ། །
འཆི་བ་ཡོད་དང་འཆི་བ་མེད། །
སྐྱེས་ཚད་འཆི་དགོས་དངོས་པོའི་གཤིས། །
འཆི་མེད་ལམ་དང་འཆི་མེད་ཀྱི། །
གོ་འཕང་ཡོད་ཁུངས་འཚོལ་དང་ཀྱེ། །
་
ཚེ་དཔག་མེད་དང་འོད་དཔག་མེད། །
དཔག་མེད་ཚིག་འདི་མང་འདུག་ཀྱང་། །
འཆི་མེད་ལྷ་དང་འཆི་མེད་མི། །
ཡོད་ཚུལ་མང་ཡང་བསྟན་རྒྱུ་མེད། །
་
དེས་ན་ཚེ་དབང་ཞུས་ཚར་ནས། །
འཆི་བ་མེད་པའི་དཔལ་ཡོན་དང་། །
འཆི་མེད་གོ་འཕང་ཐོབ་ཤོག་ཅེས། །
སྨོན་ལམ་ལག་ཐོག་འཁེལ་སྲིད་དམ། །
ད་ལྟའི་མི་ཕལ་མོ་ཆེ་ཚེ་རིང་པོ་སྡོད་ཀྱི་ཡོད་པ་མངོན་གསལ་དོད་པོ་རེད། ཚེ་སྒྲུབ་དང་ཚེ་དབང་བརྟན་བཞུགས་སོགས་གང་ཡང་མ་ཡིན་པར་སོ་སོའི་འཕྲོད་བསྟེན་ལ་རག་ལས་ཡོད་པ་གསལ་པོ་རེད། སྔོན་ཆད་ཚེ་སྒྲུབ་དང་ཚེ་དབང་བརྟན་བཞུགས་སོགས་མི་ཉུང་བ་ཞིག་ནམ་རྒྱུན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་བླ་མ་ཚོའི་སྐུ་ཚེ་ཧ་ཅང་ཐུང་ཐུང་རེད། དཔེར་ན་རྗེ་ཙོང་ཁ་བ། ཀློང་ཆེན་པ། རྒྱལ་བ་དང་པན་ཆེན་སོགས་ཚང་མའི་སྐུ་ཚེ་ཧ་ཅང་ཐུང་ཐུང་རེད། གསལ་པོ་བཤད་ན་ཚེ་སྒྲུབ་སོགས་ཀྱིས་ཕན་གྱི་མེད་པའི་བདེན་དཔང་ཡང་བྱས་པ་རེད། །
བླ་སློབ་དང་། རྒྱུ་རྫས། རིགས་རུས་སོགས་ཀྱི་འབྲེལ་བ་ཡོད་པའི་འདས་གསོན་སྐྱེ་འགྲོ་དག་ལ་སྨོན་ལམ་དང་། རིམ་གྲོའི་ཆོ་ག་སྒྲུབ་ན་ཕན་ཐོགས་ཡོད་ཚུལ་མང་པོ་ཞིག་གོ་ཐོས་བྱུང་བ་དེ་དག་བདེན་ནོ་སྙམ་གྱི་འདུག་ན། དབང་གྲལ་འཁོད་པ་རྣམས་ལྟ་ཅི། དབང་སྐུར་གྱི་བྱིན་རླབས་སོགས་སོགས་ཐོབ་འདོད་ཀྱིས་ཀུན་ནས་བླངས་ཏེ་མོས་གུས་ཚུན་ཆད་ཀྱིས་གསོལ་བ་སྨོན་ལམ་རྩེ་གཅིག་ཏུ་འདེབས་མཁན་དག་ལ་རྒྱང་རིང་ཐུང་ལ་དཔག་པའི་དབང་དངོས་གཞི་བྱིན་རླབས་དང་བཅས་པ་ཐོབ་དཀའ་སླའི་ཁྱད་པར་འདྲ་ཨེ་ཡོད་དམ། ལར་ནས་འཆི་མེད་ཚེ་ཡི་དངོས་གྲུབ་དང་། བྱིན་རླབས་སོགས་ཀྱི་དོན་ནི། ཐུན་མོང་གི་སྣང་ངོའི་ཟག་བཅས་ཀྱི་ལུས་རྟེན་འདི་སེམས་སྦྲེལ་བའི་ཚེ་སྲོག་དེ་ཉིད་གཏན་ནས་བྲལ་རྒྱུ་མེད་པའམ། འཆི་རྒྱུ་མེད། རྒས་རྒྱུ་མེད་ཅེས་པའི་དོན་མ་ཡིན་པར། ཤ་རུས་སྡོས་བཅས་ཀྱི་ཕུང་པོ་དང་བྲལ་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མེད་པའི་ས་རུ་བདེ་བར་གཤེགས་ཏེ་ཚེ་རབས་གཏན་གྱི་བདེ་བ་ལ་གནས་པའི་དོན་མིན་ནམ།