ན་མོ་གུ་རུ་ཡེ།
བོད་ཀྱི་ཆུ་སྦྲུལ་གནམ་ལོ་གསར་ཚེས་ལ། །བཀྲ་ཤིས་བདེ་ལེགས་ཞུས་ན་བཟང་མོད་ཀྱང་། །ལོ་སར་རྒྱས་སྤྲོས་མ་གནང་རྟེན་འབྲེལ་རལ། ། གངས་ཐན་ངན་པའི་འཁྱག་ཀླུང་རྡོལ་བ་རྨིས། །སྐྱིད་པའི་ཉི་མ་མེད་པའི་མེ་འབར་ཀློང་། །སྡུག་གི་མུན་པ་འཁྲིགས་པས་དུང་ཟླ་བཞུས། །གནམ་རྒན་གསར་ཚེས་སྐར་མ་རེ་གཅིག་པར། །གངས་ཐན་སྐེག་བཟློག་འབད་ན་ཤིན་ཏུ་བཟང་། །ཆུ་སྦྲུལ་དུག་རླུང་ནག་པོ་མཁའ་རུ་འཁྲིགས། །མཐོ་སྒང་མཛེས་པའི་མེ་ཏོག་སད་ཀྱིས་ཁྱེར། །བརྟེན་པའི་མཁར་རྫོང་ཁྲག་གི་རུ་དར་བསྒྲེངས། །བདེན་པའི་རྗེ་འབངས་མགོ་སྐེ་གཅོད་ལ་བྲེལ། །རྒྱ་ནག་སྐེག་བཟློག་བསྙེན་པ་དུང་ཚར་དང་། །པདྨ་བཀའ་ཐང་གསེར་བྲིས་བརྒྱ་རྩ་བརྒྱད། །གུ་རུའི་ཚོགས་འབུམ་སིདྡྷི་དུང་ཕྱུར་བཅུ། །དེ་ཀུན་འགྲུབ་ན་ལོ་སར་བདེན་པར་འཆར། །མཁའ་རླངས་གཙང་མ་ཛམ་གླིང་རྒྱན་ཏུ་འཇོ། །ཞི་བདེའི་ཉི་ཟེར་ཤར་རི་རྩེ་ནས་འཕྲོས། །བདེན་པའི་དུང་ཟླ་སྒྲ་གཅན་ཁ་ནས་ཐར། །ཐོ་རངས་སྐར་ཚོགས་འོད་སྣང་རྒྱན་ཏུ་འབར། ། དྲོ་གྲང་རེག་འཇམ་ལྡན་པའི་མཐོ་སྒང་སར། །དཔག་བསམ་ལྗོན་པའི་རླུང་རྟ་དགུང་དུ་བསྟོད། །དོན་གྲུབ་ལྷ་མོས་ཕྱག་རྒྱའི་འཁོར་ལོ་བསྒྱུར། །འགྲོ་ཁམས་སྨིན་པའི་ཕན་བདེ་འབྱུང་བར་རྨིས། །དྭངས་གཙང་གཡུ་མཚོ་ཨ་སྔོན་གནམ༵་དང་མཉམ། །བཀྲ་ཤིས་བདེ་ལེགས་ལོ༵་སར་ཕུན་སུམ་ཚོགས། །ནོར་འཛིན་ཟླུམ་པོར་དྲང་སྲོང་ཉི་མའི་སྲས། །ཕྲིན་ལས་མཁའ་ཁྱབ་འབྱུང་བའི་རྟེན་འབྲེལ་མཆིས། །དབྱངས་གསལ་སྙན་པའི་རོལ་མོ་ཁྲོལ་ལ་ཤོག །རྣམ་རྒྱལ་ལྷ་ཡི་རྔ་ཆེན་ད་ལྟ་རྡུངས། །ཡབ་མེས་དུར་ཁང་བདེ་ཆེན་དཔལ་དུ་དགྱེས། །གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་རྒྱལ་ཟླའི་དབང་ཕྱོགས་རྒྱལ་བ་གསུམ་པར་ལོ་སར་ཚེས་ཀྱི་སྐོར་ལ་བཤད་གླེང་འགའ་ཞིག་དང་རྨི་ལམ་བཟང་ངན་དུ་མ་རྨིས་པའི་རྐྱེན་ལས་དགུ་ཆེན་གྱི་སྐབས་སུ་ཤྲྰི་ཨེ་མ་ཧོས་གུས་ཕུལ། །
ལུང་ཟེར་བ་དེ་མ་འོངས་འབྱུར་རྒྱུར་མ་གཏོགས་བྱུང་ཟིན་བཤད་པ་ལ་ག་ལ་ཟེར།
འོ་དེ་རིང་ཡིན་ན་ངས་ཨེ་མ་ཧོ་ཟེར་མཁན་སུ་ཡིན་ན་ཧ་གོ་སོང་། བརྗོད་སྲོལ་ལ་བོད་རེ་བས་ཕུང་། ཟེར་གྱི་འདུག། ངས་བྱས་ན་བོད་ལུང་བསྟན་གྱིས་ཕུང་ཟེར་དགོས་ས་རེད་དྲན། རང་ཉིད་ལ་སང་ཉིན་གང་འབྱུང་མི་ཤེས་པར་ད་དུང་བོད་མི་རིགས་སྤྱི་པའི་མ་འོངས་པ་འབྱུང་འགྱུར་གྱི་ལུང་བསྟན་གནང་མཁན་སྔར་ནས་མང་པོ་བྱུང་མྱོང་འདུག་ལ་བོད་མི་རིགས་ཀྱི་ད་ལྟའི་གནས་སྟངས་དེ་ཡང་དེ་འདྲ་བའི་ལུང་བསྟན་གྱིས་བསྐྱལ་བ་ལྟ་བུར་མཐོང་། དེ་ལྟ་བུའི་ལུང་བསྟན་གནང་ཚུལ་དེ་རེ་ཞིག་མཚམས་འཇོག་མ་བྱས་ན་ད་དུང་བོད་མི་རིགས་ཀྱི་གནས་སྟངས་ཡར་རྒྱས་ཕྱིན་རྒྱུ་དཀའ་ལས་འོང་སྙམ།
ཨེ་མ་ཧོ་དཔལ་དགྱེས་དེ་ནི་མི་ཆོས་བླ་མའི་རྫུན་གྱིས་འཁོར་ལོ་བསྐོར་མཁན་ཅིག་རེད།
ག་དུས་ཡིན་ནའང་ལུང་བསྟན་གནམ་ཡིག་ཟེར་བ་སོགས་སྔར་གྱི་སྤྱི་ཚོགས་རྙིང་པར
མགོ་བོ་རྨོངས་སུ་བཅུགས་ཡོད་ད་དུང་དུས་རབས་གསར་པའི་མི་ལ་ལུང་བསྟན་ཡིན་ཟེར་ནས་མགོ་བོ་བསྐོར་ཐབས་བྱེད་པའི་རྨི་ལམ
རེད། དེ་འདྲའི་རྫུན་གྱིས་འཇིགས་སྣང་སློང་བ་ནི་སེམས་ཀྱི་འཇིགས་བསྐུལ་བྷིན་ལ་ཌིན་གཉིས་པ་རེད་དོ༄
ཁ་བརྡའི་དམར་ཤོགས་རུ་དཔུང་དཀྱིལ་ལ་ལུང་བསྟན་གནང་བ་ནི་རང་མགོ་རྡུང་བའི་ཐོ་བ་ཙམ་ལས་ཅི།
འཕྲུལ་སྣང་སྒྱུ་མི་རྨི་ལམ་མགོ་བསྐོར་འོག།
མ་འདུག་སད་ཤིག་ལོ་གསར་བརྟེན་འབྱུང་ལ།
དགའ་བའི་འཛུམ་གྱིས་བསུས་ཤིག་བརྟེན་འབྲེལ་ཆེ།
མ་འོངས་བདེ་སྐྱིད་ཡོངས་བའི་གཞི་མ་རེད།
ཨེ་མ་ཧོ་ནི་ཨེ་མ་ཧོ་རང་རེད། སངས་རྒྱས་ཀྱི་བཀའ་མདོ་རྒྱུད་བསྟན་ཀུན་ནས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་བདེན་པ་མེད་པའི་དཔེ་རྨི་ལམ་དང་སྒྱུ་མ་སོགས་ཀྱིས་མཚོན་པར་མཛད། ཨེ་མ་ཧོས་ནི་རྨི་ལམ་གྱི་དཔེ་ལ་བརྟེན་ནས་ཆོས་ཐམས་ཅད་སྟོང་ཉིད་དུ་བསྒོམས་པ་ལས་ལྡོག་སྟེ་རྨི་ལམ་དུ་ཡང་བདེན་པར་འཛིན་འདུག། རང་ཉིད་ཀྱིས་བདེན་པར་འཛིན་པ་ཙམ་དུ་མ་ཟད་གཞན་ལ་ཡང་བདེན་པར་འཛིན་དགོས་པའི་བསྐུལ་མ་གནང་ནུས་པའི་མི་དེ་ནི་ཤིན་ཏུ་ནས་ཨེ་མ་ཧོ།
ཆོས་ཐམས་ཅད་བདེན་པ་མེད་པར་གཏན་ལ་དབབ་པ་ལས་ལྡོག་སྟེ་
བདེ་སྐྱིད་མ་འོངས་ལུང་བསྟན་ངོགས་ན་མེད་།།
སྡུག་བསྔལ་ད་ལྟའི་ལུས་ཀྱི་རུམ་ན་མེད་།།
བདེ་སྡུག་འཕེན་འབྲས་ཞིག་གིས་ལས་འཕྲོ་ཡིན།།
འདི་ལས་ལྡོག་དགོས་ཟེར་ན་སྟོང་གཏམ་ཡིན།།
དེ་རིང་གནམ་ལོ་ཤར་སོང་།
མེ་འབྲུག་གནམ་ལོ་གསར་སོང་།
དགའ་དགའ་སྤྲོ་སྤྲོའི་ངང་ལ།
འཛོམས་པའི་འདོད་པ་མི་སྡུག
དགུང་སྔོན་སྤྲིན་ནག་ཚུབས་སོང་།
ས་གཞི་རྡུལ་གྱིས་བསྒྲིབས་སོང་།
གནམ་ལོ་གསར་པའི་ཉི་གཞོན།
མིག་གིས་མཐོང་བ་མི་འདུག
ཡབ་ཆེན་བཙོན་ལ་བཅུག་སོང་།
གཅེན་པོ་མེ་མདས་བཀྲོངས་སོང་།
ཡུམ་ཆེན་གདུང་བས་མནར་བས།
ལོ་གསར་གཏོང་སྐལ་མིན་འདུག
ས་ལ་མེ་མདའི་དྲག་ཆར།
གནམ་ལ་གནམ་གྲུས་འཇིགས་བསྐུལ།
རང་ཡུལ་དགྲ་བོའི་བཙོན་ར།
ལོ་གསར་གཏོང་སྐལ་མིན་འདུག
དགོན་པ་དམག་གིས་བསྐོར་སོང་།
དགེ་འདུན་མུན་པའི་བཙོན་པ།
འཚེ་བྲལ་ཆོས་ལྡན་ཆོས་ལྡན་ཞིང་ཁམས།
ཆོས་མེད་ཀླ་ཀློའི་ཤས་ར།
སྙིང་ལ་རུས་པ་ཡོད་ན།
ཡུལ་གྱར་བོད་རིགས་སྤུན་ཟླ།
དགའ་འཛོམས་ལོ་གསར་སྐྱུར་ནས།
སྐྱོ་བའི་མིག་ཆུ་གཏོང་དང་།
བོད་ཀྱི་ཆུ་སྦྲུལ་གནམ་ལོ་གསར་པར་བཀྲ་ཤིས་བདེ་ལེགས།
བསིལ་རླུང་རེག་འཇམ་ལྡན་པའི་མཐོ་སྒང་བོ༵ད།།
ཡབ་མེས་གདོང་དམར་གཞི་ཁྱིམ་གངས་ཀྱི༵་ཡུལ།།
ཆུ༵འི་རླངས་ལ་གོས་གངས་རིའི་སྨད་ནས་དཀྲིས།།
སྦྲུལ༵་འཛིན་གཡུ་ལོས་ཕན་བདེའི་སྦྲང་ཆར་སྩོལ།།
དྭངས་གཙང་གཡུ་ཡི་མདོག་ཅན་ཨ་སྔོན་གནམ༵།།
བཀྲག་པའི་སྐར་ཚོགས་མེ་ཏོག་འདབ་ལོ༵་བཀང་།།
གས༵ར་བུའི་མདངས་རྒྱས་དབྱར་ཀའི་རྩྭ་ཐང་དེར།།
པ༵ར་རིས་སྒྱུར་རྩལ་མཁས་པའི་གང་འདོད་གསོལ།།
གངས་ལྗོངས་ཡབ་མེས་ཤེས་རིག་རྣམ་དཔྱོད་བཀྲ༵།
མ་འོངས་འབྲས་བཟང་སྨིན་པའི་རྟེན་འབྲེལ་ཤིས༵།།
བདེ༵་སྐྱིད་སྤྲོ་བར་དགྱེས་པའི་འཚམས་འདྲི་འདིས།།
ལེགས༵་པའི་བསམ་པར་འགྲུབ་པའི་རྟེན་འབྲེལ་ཞུ།།
འདས་ལོར་དཀའ་སྤྱད་ལས་དབང་ཁུར་པོ་ལྕི།།
ངལ་བའི་སྐྱོ་གདུང་བཞིན་ལ་གཉེར་རིས་མང་།།
འབྱུང་འགྱུར་ཆུ་སྦྲུལ་གསར་པའི་གནམ་ལོ་དེར།།
གདོང་དམར་རེ་འདུན་འཆར་བའི་སྨོན་ལམ་ཞུ།།
ཡབ་མེས་སྦྲ་ནག་བརྒྱུད་པའི་མིང་སྲིང་རྣམས།།
ཀ་མད་སུམ་ཅུའི་དབྱངས་སྙན་གྲེ་འགྱུར་དེས།།
མཐོ་སྒང་རི་ལུང་དབྱར་རྔའི་ཁ་གཡང་འཁོར།།
བཙན་པོའི་སྙིང་སྟོབས་གོ་འཕང་མཐོ་བར་ཤོག།
འདས་སོང་གནམ་ལོར་བསགས་པའི་ཁུར་པོ་དེ།།
འབྱུང་བའི་ཆུ་སྦྲུལ་རྦ་རླབས་བསླང་གཅིག་གིས།།
གཉའ་གནོན་ཁུར་པོ་བཤག་ནས་ལམ་གསར་ཞིག།
དགའ་བའི་འཛུམ་ཞལ་མངོན་པར་སྙིང་ནས་སྨོན།།
ཡབ་མེས་གདོང་དམར་ཞེ་སེམས་འདུན་པ་རྣམས།།
མཐོ་སྒང་ཆོལ་གསུམ་བོད་པའི་རིགས་མཐུན་གཅིག།
མ་འོངས་མདུན་སྐྱོད་གསར་པའི་གོམ་འགྲོས་གནས།།
བདུད་བགེགས་བར་ཆད་མེད་པར་འཕྲིན་ལས་མཛོད།།