སྙེ་མོ་བ་བསྟན་འཛིན་ཆོས་འཕེལ།
དེ་རིང་ང་ཚོའི་གཞིས་ཁྱིམ་གཉིས་པ་འཕགས་ཡུལ་རྒྱ་གར་ཉིད་སྔར་དབྱིན་ཇིའི་འོག་ཏུ་མི་ལོ་ཉིས་བརྒྱ་ལྷག་གཞན་འོག་ཏུ་བསྡད་དེ། སླར་མེས་པོ་གྷན་དྷི་ཇི་ལ་སོགས་པའི་འབད་བརྩོན་ལ་བརྟེན་ནས་རང་བཙན་ཐོབ་པའི་དུས་ཆེན་སྲུང་བརྩི་ཞུ་བའི་དུས་བཟང་དང་བསྟུན། ང་ཚོའི་སློབ་གླིང་འདི་ཡང་གུང་སེང་ཡིན་པས། སྤྱི་ལོ་ ༢༠༢༢ ཟླ་ ༨ཚེས་ ༡༥ ཉིན་གྱི་ཞོགས་པ་རྟ་བདུན་དབང་པོའི་ཉི་འོད་དང་བཅས་གྲོགས་བཟང་པོའི་སྐུལ་མས་ང་ཚོ་ཆོས་གྲོགས་བདུན་ཙམ་སློབ་གླིང་ནས་གོམ་བགྲོད་ཀྱིས་འདས་སོང་གི་ལོ་རྒྱུས་དང་ཕན་ཚུན་བར་གྱི་སྒྱུས་ལོན་ཚུལ་དུ་ཅི་འཕྲོས་མོལ་འཕྲོས་ཤོད་ཀྱིན་མཚམས་རེ་གད་མོའི་ཧབ་རྒོད་ཡང་ཤོར། མདོར་ན་ང་ཚོ་ཚང་མའི་སེམས་ནང་སྤྲོ་སྣང་གི་ཚོར་བས་ནོན་ཡོད་པ་ཡང་གདོང་ན་མཛུམ་མདངས་དང་གད་མོའི་ཧབ་རྒོད་ནས་ངང་གིས་ཤེས། དེ་འདྲའི་ལབ་གླེང་གིས། ལམ་བར་དུ་རྐང་ལམ་ཕྲོ་མོའི་ངལ་བ་དང་ཅི་འདྲའི་ཐག་རིང་གི་ཚོར་སྣང་ཡང་མེད་པར་ལམ་གཞུང་རྒྱུད། ཆུ་ཚོད་གཉིས་ཙམ་རྗེས། ཐོག་མའི་ང་ཚོའི་དམིགས་འདུན་བཞིན་ས་གནས་དེར་འབྱོར།
ཅུང་ངལ་གསོ་དང་བཅས་ངའི་ཆོས་གྲོགས་ཚོས་སོ་སོའི་ལག་ཐོག་ཁ་པར་གྱི་པར་སྒམ་ཆུང་ངུའི་ཤེལ་རྩེ་ལས། རི་ལུང་གི་ཡུལ་བཀོད་དག་པར་དུ་བླངས་ཞོར་སོ་སོའི་འདྲ་པར་རེ་ཡང་དྲན་རྟེན་ཚུལ་དུ་བླངས་པས། ཞོར་དུ་ང་ལ་ཡང་པར་ཞིག་བརྒྱབ་དགོས་པའི་རེ་འདུན་ནམ་ཨུ་ཚུགས་རེ་བྱས་རྐྱེན་ངས་ཀྱང་རང་གི་པར་རེ་བླངས་ཁུལ་བྱས། ང་ཚོས་ཤིང་ཏོག་གི་ཁུ་བའི་མངར་ཆུ་དང་ལམ་བར་ནས་ཉོས་པའི་ངང་ལག་ལ་སོགས་པ་རེ་བཟའ་ཞོར་མཛེས་ལྗོངས་ལ་རྒྱང་ལྟ་རེ་བྱས་ཏེ་མིག་གི་ལོངས་སྤྱོད་མྱངས། ཡུལ་གྱི་བཀོད་པ་ནི་ཆེས་ཕུན་སུམ་ཚོགས་པ་གཡའ་བྲལ་དྲི་མ་མེད་པའི་དགུང་སྔོན་དབྱིངས་ནས་རྟ་བདུན་དབང་པོའི་གཟི་འོད་དང་འབྲེལ་ཕྱོགས་ཀྱི་ནོར་འཛིན་པང་ན་གངས་དཀར་རི་བོས་སྐོར་བའི་གངས་ཅན་མཛོད་ལྔའི་འདབ་ཞོལ། མདུན་ངོས་ཀྱི་རི་བོའི་ཕྱོགས་ཐམས་ཅད་དུ་རྩི་ཤིང་སྣ་ཚོགས་པས་འཆི་མེད་ལྷ་ཡི་ཞིང་གི་བཀོད་པ་བཞིན་ལྗང་མདོག་གིས་མངོན་པར་བཞད་ཅིང་། གཡས་གཡོན་དག་ལ་བྱ་བྱིའུ་ལ་སོགས་པའི་སྙན་པའི་དབྱངས་ཀྱི་ཅ་ཅོའི་སྐད་ལ་བལྟས་ན་སེམས་ཁོང་ན་བདེ་སྐྱིད་ཀྱི་ཚོར་སྣང་དང་འབྲེལ་བྲོ་གར་གྱི་གླུ་དབྱངས་ལེན་པ་ལྟར་གྱི་སྒྲ་དབྱངས་ཀྱིས་ཁེངས། ང་ཚོའི་སེམས་ཁོང་ན་ཡང་། སྔར་གྱི་སྐྱེས་བུ་དམ་པ་དག་གི་ཞལ་གདམས་ལས།
ནད་ཀྱིས་འཇིགས་པ་མ་བྱུང་ལ། །
དམ་པ་དག་དང་འགྲོགས་པར་བརྩོན། །
སྐྱེ་བོས་བརྙས་ཐབས་མ་བྱུང་བའི། །
ཉིན་གཅིག་ལོ་བརྒྱ་བས་ཀྱང་མཆོག །
ཅེས་པ་ལྟར། དེ་རིང་གི་ང་ཚོའི་མི་ཚེ་འདི་ཡང་སྟོང་ཟད་མ་ཡིན་པར་དོན་དང་ལྡན་པ་ཡིན་སྙམ་པའི་ཚོར་བ་བྱུང་།
ང་ཚོས་ཟ་ཁང་ཆུང་ངུ་ཞིག་ནས་ཚལ་མོག་རེ་ཟོས། སླར་ཡང་སློབ་གླིང་དུ་ཕྱིར་ལོག་རན་པས་སེམས་ཀྱི་དྲན་ངོགས་ནས་ཡུལ་ལྗོངས་ལ་ཕྱིར་བལྟ་རེ་བྱས་ཏེ་ལམ་ལ་ཞུགས། རྗེས་ཕྱོགས་སུ་ཡང་ཡུལ་ག་གེ་མོ་དག་ལ་འགྲོ་དགོས་པའི་བསམ་ཚུལ་གྱི་དགོས་འདུན་རེ་ཡང་བཤད་ཞོར་སླར་ཡང་ཅི་འཕྲོས་མོལ་འཕྲོས་ཚུལ་དུ་མ་འོངས་པར་ང་ཚོའི་ཤེས་ཡོན་སྦྱོང་སྟངས་སམ་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་ཡང་བསམ་ཚུལ་རེ་བཤད་ཅིང་།
ཡར་ལོག་ཡོང་བ་ན། རྒྱ་གར་རང་བཙན་ཐོབ་པའི་དུས་ཆེན་ཁེལ་ཡོད་པ་སྲུང་བརྩི་ཞུ་བའི་མཛད་སྒོ་ཕྱོགས་གང་སར་སྤེལ་གྱི་ཡོད་པ་བཞིན། ལམ་ཟུར་གྱི་སློབ་གྲྭ་ཞིག་ཏུ་ཡང་སྲུང་བརྩིའི་སླད་སྤོ་ལོའི་རྩེད་འགྲན་པ་དང་ལྟད་མོ་བ་ཐམས་ཅད་ཡར་འགྲེངས་ཏེ་རྒྱ་གར་གྱི་རྒྱལ་གླུ་བླངས་ཚར་རྗེས། སྤོ་ལོའི་འགྲན་རྩོད་པ་རྣམས་རུ་ལྟར་བསྒྲིགས་ཏེ་སྤོ་ལོའི་ཐང་དུ་པར་རེ་བླངས། ངའི་ཆོས་གྲོགས་ཚོས་ཀྱང་ང་ཚོ་སོ་སོའི་འདོད་མོས་ལྟར་རྩེད་འགྲན་པ་ཕྱོགས་རེ་གདམ་དགོས་པའི་རེ་འདུན་བཞིན། ངས་ཀྱང་སྒྲིག་ཆས་དམར་པོ་གྱོན་པའི་རྩེད་འགྲན་པ་དེ་རྣམས་གདམས། ཁོང་རྣམ་པ་ཁ་ཤས་ནས་རྩེད་འགྲན་པ་གྱོན་ཆས་ནག་པོ་གྱོན་པ་དག་གདམས་ཏེ་དངོས་སུ་སྤོ་ལོའི་འགྲན་རྩོད་འགོ་ཚུགས། ཕྱོགས་གང་ས་ནས་ཡོང་བའི་བལྟས་མོ་བ་དག་གིས་སྐད་སྒྲས་ཁེངས་པ་བཞིན། ང་ཚོས་ཀྱང་ཐོབ་ཤོར་བར་ན་རང་རྒྱལ་གཞན་ཕམ་གྱི་སྐད་སྒྲ་བརྒྱབས། ཡ་མཚན་པ་ཞིག་ལ་ང་ནི་སུ་རྒྱལ་དང་སུ་ཕམ་པའི་ཚོར་སྣང་ཆེར་མེད་མོད། ངའི་ཆོས་གྲོགས་ཚོ་ཚོར་སྣང་ཆེ་བས་རང་ཕྱོགས་ཕམ་པར་ཅུང་བློ་ཕམ་དང་རྒྱུན་སྲིང་གིས་ལྟད་མོ་བལྟ་འདོད་ཀྱི་བློ་སྐྱེད། ང་ཚོ་ལོག་ཡོང་སྐབས་ཁོང་རྣམ་པ་གསུམ་སླར་ཡང་ཕྱིར་སྤོ་ལོའི་ཐང་དུ་ལོག །ངོས་བཞི་ལམ་ལ་ཞུགས་ཏེ་རྐང་ལམ་ཕྲ་མོའི་སྐས་འཛེགས་ནས་ཅུང་ངལ་དུབ་བཅས་སློབ་གླིང་དུ་བདེ་བར་འབྱོར་རོ། །