བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་ནི༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་རྒྱབ་སྐྱོར་དང་མཐུན་འགྱུར་འོག ལོ་ཙཱ་བ་བསྟན་འཛིན་རིག་བཟང་དང་ལུང་རྟོགས་དགེ་འདུན་གཉིས་ཀས་རྩ་འཛུགས་ཀྱིས་དམིགས་ཡུལ་དང་འཆར་གཞི་ལྡན་པའི་ཡིག་སྒྱུར་གྱི་ལས་དོན་གཞི་རྒྱ་ཆེན་པོ་ཞིག་བསྒྲུབ་པའི་ཚོགས་པ་ཞིག་ཡིན།
ཚོགས་པ་འདིའི་ཕུགས་འདུན་ནི། དེང་རབས་ཀྱི་ཚན་རིག་རང་བཞིན་གྱི་བསམ་བློ་སོགས་ལས་གྲུབ་པའི་བརྩམས་ཆོས་རྣམས་དམིགས་ཡུལ་དང་འཆར་གཞི་ལྡན་པའི་སྒོ་ནས་བོད་སྐད་ནང་ཚུར་བསྒྱུར་བ་དང་། ཡང་ན། ཉམས་ཞིབ་ཀྱི་ལམ་ནས་གསར་དུ་བསྡུ་སྒྲིག་བྱས་ཏེ། བོད་མི་རིགས་ཀྱི་སོན་རྩའི་འཕེལ་རྒྱས་ལ་ཉེ་བར་མཁོ་བའི་དེང་གི་རིག་གནས་ཀྱི་ཚན་ཁག་གལ་ཆེན་རྣམས་བོད་ཀྱི་སྐད་ཡིག་ཁྲོད་གཞི་རྐང་གི་སྤྱི་སྒྲོམ་བརྟན་པོ་ཞིག་འཛུགས་པར་ཕན་ནུས་ལྡན་པའི་ལས་དོན་ཞིག་བསྒྲུབ་རྒྱུ་དེ་ཡིན།
བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས། བོད་དང་བོད་ཀྱི་ཤེས་རིག་ལ་གོ་རྟོགས་མཐོ་ལ་ལྷག་བསམ་དཀར་བའི་མི་སྣ་དག་གི་ལམ་སྟོན་མཐུན་འགྱུར་གྱི་རྒྱབ་རྟེན་དང་། ཕྱི་ནང་གི་ཤེས་རིག་དང་སྐད་ཡིག་གི་གནས་ཚད་མཐོ་པོ་ཡོད་པའི་ལམ་སྟོན་བློ་འདོན་མི་སྣའི་རྩོམ་སྒྱུར་དང་རྩོམ་སྒྲིག་གི་ལག་བསྟར་ལམ་སྟོན་གྱི་རྒྱབ་རྟེན་བཅས་ཀྱི་འོག དབྱིན་བོད་གཉིས་ཀྱི་སྐད་ཡིག་གི་ཤེས་ཚད་མཉམ་པའི་གཞོན་སྐྱེས་བཅུ་ཙམ་ལ་ལོ་ཙཱ་བྱ་བར་སྦྱོང་བརྡར་གྱི་མཐུན་རྐྱེན་ཆ་ཚང་གོ་སྒྲིག་བྱ་རྒྱུ་ཡིན་ཞིང་། སྦྱོང་བརྡར་གྱི་དུས་ཡུན་ལོ་གཅིག་དང་ཕྱེད་ཀའི་རིང་ཡིག་སྒྱུར་བྱེད་ཕྱོགས་ཀྱི་གཞི་རྩའི་ཤེས་བྱ་སོགས་ལ་སྦྱོང་བརྡར་སྤྲད་ནས་ཡིག་སྒྱུར་གྱི་ཤེས་ཚད་དང་ཉམས་མྱོང་སོགས་སྔར་ལས་ཚད་ལྡན་གྱི་གྲུབ་འབྲས་ཐོབ་རྗེས། ཡིག་སྒྱུར་ལས་རིམ་གྱི་ཐོག་མར༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡིག་ཏུ་ལྗགས་རྩོམ་གནང་བའི་ཕྱག་དེབ་རྣམས་རང་རེའི་སྐད་ཡིག་ཏུ་བསྒྱུར་བའི་ལས་ཀ་དངོས་སུ་འགོ་འཛུགས་རྒྱུ་ཡིན།
བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་ངོས་ནས་ལོ་ཙཱ་བ་རྣམས་ལ་བྱ་བ་བསྒྲུབ་སའི་ལས་ཁང་གི་ཁོར་ཡུག་འཐུས་ཚང་ཞིག་དང་། སྡོད་ཤག་གི་ཆ་རྐྱེན་ཚད་ལྡན་བསྐྲུན་པ་སོགས་འཚོ་བའི་མཐུན་རྐྱེན་ལེགས་པོ་ཞིག་སྦྱོར་ཐབས་བྱ་རྒྱུ་ཡིན་ལགས་ན། བོད་ཕྱི་ནང་གཉིས་སུ་ད་སྔ་ཕལ་ཆེར་བྱུང་མ་མྱོང་བའི་ལོ་ཙཱའི་ལས་གཞི་ཆེན་པོ་འདིར་ཞུགས་འདོད་ཡོད་མཁན་ཚོས་ཕྱི་ལོ 2015 ལོའི་ཟླ 12 ཚེས 20 ཚུན་ལ་གཤམ་གྱི་གློག་འཕྲིན་ཐོག་སྙན་ཞུ་འབྱོར་དགོས།
- དགོས་ངེས་ཆ་རྐྱེན་ཁག
1. བོད་དབྱིན་གཉིས་ཀྱི་ཤེས་ཚད་དང་འབྲེལ་བའི་སློབ་གཉེར་ལག་ཁྱེར།
2. མ་རྩོམ་དང་བཅས་རང་ཉིད་ཀྱི་སྒྱུར་རྩོམ་རེ་དང་། དེ་མིན་རྩོམ་ཡིག་གཞན་ཡོད་ན་ཚབ་མཚོན་ཐུང་ངུ་རེ།
3. འཕྲལ་སེལ་ཙམ་མིན་པར་ཉུང་མཐར་སྦྱོང་བརྡར་གྱི་དུས་ཡུན་ཚུད་པའི་ལོ་ལྔའི་རིང་ལས་བསྒྲུབ་ཆོད་གན་འཇོག་ཐུབ་པ།
4. རང་ཉིད་ཀྱི་ངོ་སྤྲོད་ཉིང་བསྡུས་རེ་དང་། དྭང་བླང་དཔྱ་དངུལ་ལག་དེབ་དང་སྐྱབས་བཅོལ་ལག་དེབ་གཉིས་ཀྱི་ངོ་བཤུས།
༼འབྲེལ་གཏུགས།༽གློག་འཕྲིན། dragyurcentre@gmail.com / the_stepingstone@gmail.com
ཁ་པར། (91) 9900971955 / 9816458387
(བསྟན་འཛིན་རིག་བཟང་ལགས་ཀྱི་ངོ་དེབ་ནས་དྲངས།)
རྣམ་པ་གཉིས་ཀྱིས་སྒྲ་བསྒྱུར་ལོ་ཙྭ་གླིང་ཞིག་འཛུགས་བཞིན་པ་འདི་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། བཙན་བྱོལ་སྤྱི་ཚོགས་ནང་ཤེས་རིག་ཕྱོགས་ཀྱི་ཆད་སྐྱོན་གཙོ་བོ་དེ་རྣམ་པ་གཉིས་ནས་ཁ་སྐོང་གནང་པ་འདི་རླབས་ཆེན་གྱི་བྱ་བ་ཞིག་རེད།
རྣམ་པ་གཉིས་ཀྱིས་སྒྲ་བསྒྱུར་ལོ་ཙྭ་གླིང་ཞིག་འཛུགས་བཞིན་པ་འདི་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། རེ་བ་ནི་གཞན་གྱི་རིག་གཞུང་རྩ་ཆེན་རྣམས་རང་ཁྱིམ་ལ་གདན་འདྲེན་ཞུ་རྒྱུ་རང་ཡིན་པ་ལགས།
བོད་ཀྱི་ལོ་རྒྱུས་ཐོག སྒྲ་སྒྱུར་ལོ་པཎ་གླིང་ཞེས། རྒྱ་གར་གྱི་པཎྡི་ཏ་དང་བོད་ཀྱི་ལོ་ཙྰ་མཉམ་འབྲེལ་གྱི་སྟེང་ནས་རྒྱལ་བའི་བཀའ་བསྟན་གཙོ་བོར་གྱུར་པའི་གནའ་བོའི་རྒྱ་གར་གྱི་ཤེས་རིག་སྣ་མང་བོད་ཡིག་ཏུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་གནས་ཤིག་བྱུང་ཡོད། ལོ་པཎ་མཉམ་འབྲེལ་གྱི་སྒྱུར་ཐབས་དེས། རྒྱ་འགྱུར་གྱི་གསུང་རབ་རྣམས་བརྗོད་བྱ་དང་། རྗོད་བྱེད་གང་ཅིའི་ཐད་ཡིད་ཆེས་ཁུངས་དག ཚད་མར་འཛིན་ཆོག་པ་ཞིག་བྱུང་ཡོད། ཁྱེད་རྣམ་པས་ཀྱང༧རྒྱལ་བའི་གསུང་འབུམ་གཅིག་པུ་མ་ཡིན་པར། དེང་རབས་ཡར་ཐོན་སྤྱི་ཚོགས་ཀྱི་ཤེས་རིག་གང་ལེགས་བོད་ཀྱི་ཡུལ་ཁམས་སུ་དྲངས་ཐུབ་པའི་སྨོན་འདུན་ཞུ། ཐུགས་རྗེ་ཆེ། ཤིན་ཏུ་ཡག་པོ་འདུག ངས་འདི་འདྲ་བོད་དོན་འཐབ་རྩོད་ངོ་མ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།
ལོ་ཙཱ་བ་རྣམ་པས་འདིར་གཟིགས་མཛོདདེ་རིང་bbcནང། སྒོ་ཁྱིའི་བྱུང་ཁུངས་ངོ་མ་ཤར་གླིང་དབུས་མའི་ཡུལ་གྲུ་ཁག་ནས་ཡིན་ཚུལ་་ཤིག་གླེང་བཞིན་འདུག
http://www.bbc.com/news/science-environment-34577200
སྔོན་མ་གུས་པས་་་ཞང་ཞུང་མི་རྟ་ཁྱི་གསུམ་་་ཞེས་པའི་གཏམ་རྒྱུད་ཅིག་ཡོད་རབས་ཐོས། ཡིན་ནའངགཏམ་རྒྱུད་དེའི་མགོ་ཞུགས་ཆ་ཚང་ངེས་ཐུབ་མ་སོང་བས་མཁྱེན་མཁན་ཡོད་ན་གསུངས་རོགས་ཞུ། །
དེ་ས་གནས་གང་དུ་རེད་དམ།???
ན་ནིང་བདག་གི་གྲོགས་པོ་ཞིག་བརྒྱུད་ནས་ལོ་ཙཱ་བ་བསྟན་འཛིན་རིགས་བཟང་ལགས་ལ་དགོངས་གཞི་འདི་འདྲ་ཞིག་ཡོད་པ་ཐོས་བྱུང་། ད་ལན་དངོས་སུ་སློབ་བསྡུའི་གསལ་བསྒྲགས་བཏོན་པར་ཧ་ཅང་དགའ་བོ་བྱུང་། ཡིག་སྒྱུར་ལ་སྤྲོ་བ་ལྡན་པའི་རྒྱ་ཆེའི་གྲོགས་ཕོ་མོ་ཚོར་གོ་སྐབས་བཟང་པོ་ཞིག་བསྐྲུན་པ་རེད་ལ། ལས་འཆར་འདི་རིགས་གཞུང་སྒེར་ཅི་རིགས་ནས་རྒྱབ་སྐྱོར་བྱེད་དགོས་ངེས་རེད། ལས་གཞི་བཟང་པོ་འདི་ལམ་ལྷོངས་ཡོང་བ་ཤོག