བོད། ལྷ་ཀླུ་གཉན་གསུམ།
མི་རེ་ལ་རྨི་ལམ་རེ་ཡོད་ལ། རྨི་ལམ་རེ་ལ་རང་རང་གི་ལྟ་ཚུལ་རེ་ཡོད་པ་བཞིན། ང་ལ་དུས་རྒྱུན་དུ་རྨི་ལམ་ཞིག་ཡོད། རྨི་ལམ་དེ་ཡང་མཚན་མོ་རེ་རེ་བཞིན་རྨིས་སྟངས་མི་འདྲ། མཚན་མོ་ཆེས་མི་ཉུང་བ་ཞིག་ནི་ང་རང་གི་རྨི་ལམ་ནི་རྒྱུན་ལྡན་མིན། མཚམས་རེར་དགའ་ནས་ཡུལ་ལུང་ལྗང་འདོག་ལྡན་པ་ཆེས་མི་ཉུང་བ་ཞིག་ལ་འགྲིམ་འགྲུལ་བྱེད་པ་དང་། སྐབས་རེར་རི་ཆུ་སྟོང་ཕྲག་གི་ཕར་ཚུར་དུ་ཐོགས་པ་མེད་པར་ང་རང་འཕུར་ནས་འགྲོ་བཞིན་ཡོད་ལ། ཡུལ་ལུང་མཛེས་ཤིང་ལྟ་ན་སྡུག་པ་ཤ་སྟག་ཡིན།
འོན་ཀྱང་། འདང་ནུབ་རྨིས་པའི་རྨི་ལམ་གཞན་དག་ལས་གཏན་ནས་རིང་དུ་གྱེས་པ་དང་། རྨི་ལམ་དེ་ལས་ང་རང་ནམ་རྒྱུན་དུ་སོང་མ་མྱོང་བའི་ལམ་ཆེན་ཆེས་གཟར་མོ་ཞིག་ལ་འགྲོ་བཞིན་འདུག དེ་ཡང་རྐང་འཁོར་ཞིག་སྐོར་ནས་འགྲོ་བཞིན་འདུག གཟར་དྲགས་པའི་ལམ་ཆེན་དེ་ནི་རི་བོ་ཞིག་གི་སྒང་ལ་གཏད་འདུག་ལ། ངས་ཀྱང་ཤུགས་གང་ཡོད་ཀྱིས་སྐྱ་ཤར་སེ་ཡོད་པའི་ལམ་ཆེན་གཟར་བོ་དེ་ཡི་སྟེང་དུ་རྐང་འཁོར་ཤུགས་ཀྱིས་སྐོར་བཞིན་འདུག དེ་མ་ཐག་ང་རང་གི་སེམས་སུ། ད་ནི་ང་རང་ལམ་འགོ་ལ་སླེབས་གྲབས་འདུག མི་ཚོས་བཤད་ན། ལམ་ཆེན་འདི་ལ་བགྲོད་པར་ནུས་ཤུགས་དང་སྙིང་སྟོབས་གཉིས་ཀ་དགོས་རབས་ཡོད་སྙམ་ནས་རྐང་འཁོར་ཤུགས་ཀྱིས་སྐོར་སོང་།
སྟབས་མ་ལེགས་པར་སླེབས་ལ་ཉེ་བའི་རི་མགོའི་ལམ་ཆེན་དེར་ཅུང་ཙམ་མ་འབྱོར་གོང་དུ་རྐང་འདྲུད་ཤོར་ནས་ལམ་ཟུར་དུ་ཟེགས། དེ་མ་ཐག ང་རང་གིས་ཞིབ་དུ་བལྟས་དུས། ལམ་ཆེན་དེ་ལས་ང་རང་ཟེགས་ས་དེ་ནི་ལམ་ཆེན་སྐྱ་བོ་ཡོད་ས་དེ་ལས་ཕར་ཕྱོགས་ཀྱི་ཕྱེ་རུ་ཞིག་དུ་ཟེགས་འདུག་ལ། ང་རང་གིས་དེ་ཤེས་མ་ཐག ཨ་ཙི། ད་འགྲིག་མ་སོང་། ང་རང་ལམ་ཆེན་དེ་ཡི་འགོ་ཟིན་གྲབས་ཡོད་དུས་སུ་འདི་ལ་ལྷུང་སོང་། ད་ནི་ང་རང་ལ་བར་ཆད་ཆེན་པོ་ཞིག་ཡོད་པ་འདྲ། ངའི་མི་ཚེ་འདིར། ངའི་རྨི་ལམ་གྱི་འཇིག་རྟེན་དེ་ལ་བགྲོད་པའི་ལས་བསོད་དེ་ནི་རྫོགས་གྲབས་ཡོད་པ་འདྲ་སྙམ་ནས་ང་སྐྲག་སྣང་སྐྱེ་བཞིན་འདུག
དེ་ནས་རྨི་ལམ་གྱི་བར་མཚམས་མི་གསལ་བར་གྱུར་སོང་། གཞུག་དེར་རྨིས་པའི་རྨི་ལམ་གྱི་མཇུག་ནི། ང་རང་གིས་སྔར་མཐོང་མྱོང་མེད་པའི་བུད་མེད་རྒྱགས་པ་ཞིག་གི་རུམ་ནང་དུ་འཛུལ་ཡོད་པ་དང་། བུད་མེད་དེ་ཡི་ང་རང་ལ་འཁྲིག་སྲེད་ཀྱི་བདེ་བ་སྐད་ཅིག་མ་ཞིག་གི་གོ་སྐབས་གནང་བ་དེ་དང་དུ་བླངས་སོང་།
གང་ལྟར། འདང་ནུབ་ཀྱིས་རྨི་ལམ་དེ་ཡི་ང་རང་དེ་རིང་ཉིན་བཀང་བོར་ལས་ཀའི་ཞོར་དུ་བསམ་གཞིགས་ཀྱི་ནང་དུ་བཅུགས་སོང་ལ། མིག་ལམ་དུ་ཉིན་བཀང་བོར་གློག་བརྙན་བཞིན་ཤར་ནས་འོང་བ་ནི། ང་རང་རི་མགོར་འཐེན་པའི་ལམ་ཆེན་སྐྱ་བོ་དེ་ལས་ཕྱེ་རི་ནང་དུ་ཟེགས་བཞིན་པ་དེ་ཁོ་ན་རེད་ལ། ཞོར་དུ་འཇིགས་སྣང་ཞིག་ཀྱང་སྐྱེ་སུ་བཅུགས། གཅིག་བྱས་ན་ངའི་ལོ་ཚད་རྫོགས་གྲབས་ཡོད་པ་འདྲ།
སྐར་མ་རབ་རིབ་མར་མེ་དང་།། སྒྱུ་མ་ཟ་བར་ཆུ་བར་དང་།། རྨི་ལམ་གློག་དང་སྤྲིན་ལྟ་བུར།། འདུས་བྱས་ཆོས་རྣམས་དེ་ལྟར་ལྟ་ཞེས་རྨི་ལམ་རྨིས་ཚུལ་དེ་ཡི་གེ་གཟུགས་སུ་བྲིས་སོ།