ཐེ་བོ་ཤེས་རབ་རྒྱ་མཚོ།
(ད་ནངས་བསྐྱར་དུ་རེབ་གོང་དང་རྔ་བ་ནས་རང་ལུས་མེ་བསྲེགས་གནང་བ་གོ་རྗེས་བྲིས།)
ཨོཾ་མ་ཎི་པདྨེ་ཧཱུཾ།
མེ་དམར་པོ་གདུག་རྩུབ་ཀྱིས་འུར་འུར་མཆེད་པའི་ལོ་འདི།།
སེམས་སྐྱ་མོ་སྡུག་བསྔལ་གྱིས་ཡང་ཡང་གཟིར་བའི་ལོ་འདི།།
སྤུན་ན་ཟླ་བློ་སྟོབས་ཀྱིས་ལམ་ལམ་འབར་བའི་ལོ་འདི།།
བོད་ཁ་བ་བླ་སྲོག་གིས་ཡོམ་ཡོམ་སྒུལ་བའི་ལོ་འདི།།
ལུས་ལྷུ་དྲུག་པྲ་ཚིལ་ལྟར་ཚིར་ཚིར་སྒྲོན་པའི་ལོ་འདི།།
སེམས་བསམ་པ་ཆུ་ཁོལ་ལྟར་ལྷོག་ལྷོག་གདུ་བའི་ལོ་འདི།།
མིག་མཆི་མ་དྲག་ཆར་ལྟར་ཤག་ཤག་འབབ་པའི་ལོ་འདི།།
ཞེ་འཁོན་འཛིན་གློག་ཞགས་ལྟར་འཁྱུག་འཁྱུག་གཡོ་བའི་ལོ་འདི།།
བོད་གདོང་དམར་རྟོག་སད་ཀྱིས་མགོ་བོ་འགྱོག་པའི་ལོ་འདི།།
བོད་ཆོལ་གསུམ་ཆིག་སྒྲིལ་གྱིས་རུ་དཔུང་སྒྲིག་པའི་ལོ་འདི།།
བོད་གཞིས་བྱེས་ལག་གདང་གིས་གཅིག་ཏུ་སྦྲེལ་བའི་ལོ་འདི།།
བོད་རང་བཙན་ཚེ་སྲོག་གིས་རྔམ་གྱིས་བཞེངས་པའི་ལོ་འདི།།
སྲོག་དམར་པོ་རུ་སྒྲིག་གིས་འབེན་ལ་འཇོག་པའི་ལོ་འདི།།
རྒྱ་དམར་པོ་དངངས་སྐྲག་གིས་སྒྱིད་པ་འདར་བའི་ལོ་འདི།།
བོད་གཞིས་བྱེས་ལྷན་འཛོམས་ཀྱི་དབུ་ཁྱུད་འབྲི་བའི་ལོ་འདི།།
དུས་གཏན་དུ་སེམས་ཁོང་ནས་བརྗེད་ཐབས་མེད་པའི་ལོ་འདི།།
ཁ་གཡང་དེ་དོན་སྨིན་ཡོང་བ་དང་་་་་དོན་གཏམ་དེ་མཇུག་འབྲས་སྨིན་པར་ང་ཚོ་ཚང་མས་རང་རང་གི་འཇོན་ནུས་ཀྱི་འགན་ཁུར་རེ་བླངས་ནས་བསྒྲུབ་རྒྱུ་གལ་ཆེ་བར་དེང་གི་དུས་སུ་མཐོང་ངོ་། །
ལོ་ངོ་འདི་དག་གི་རིང་སྤུན་ཟླ་གང་མང་ཞིག་གཟུགས་སྐུའི་མཆོད་པ་ཕུལ་བ་ནི་འཛམ་གླིང་གི་ལོ་རྒྱུས་ཐོག་བྱུང་མ་མྱུང་བ་ཞིག་རེད། དུས་ཡིད་ཐུང་ཞིག་གི་ནང་ལས་འགུལ་འདི་འདྲ་གནང་བ་ངོ་མ་རིན་ཐང་གླེང་རྒྱུ་མེད་པ་ཞིག་མ་ཡིན་ནམ། འུ་ཚོས་འདི་ལྟར་རྨེ་ངག་འདོན་བཞིན་འདུག་རྒྱུ་ཡིན་ནམ།